ཆབ་མདོ་ངག་ཕུན།
ཚེ་མི་རྟག་སྒྱུ་མའི་ཆུ་བུར་འདྲ།།
དུས་ད་ལྟ་ཡོད་ཀྱང་ད་ལྟ་མེད།།
གནས་འཁོར་བ་དབྱར་གྱི་ལོ་མ་འདྲ།།
དེ་དབྱར་དུས་རྒྱས་ཀྱང་དགུན་དུས་མེད།།
གཉེན་ཉེ་འབྲེལ་ཚོང་འདུས་མགྲོན་པོ་འདྲ།།
དུས་ད་ལོ་ཡོད་ཀྱང་སང་ལོ་མེད།།
སེམས་འདི་ཉིད་ལ་རྩེའི་དར་ལྕོག་འདྲ།།
རྩེ་གཅིག་ཏུ་མི་གནས་འགྱུར་ནས་འགྲོ།།
གནས་འཁོར་བའི་འགྱུར་ལྡོག་དབྱར་དགུན་འདྲ།།
དབྱར་མེ་ཏོག་རྒྱས་ཀྱང་དགུན་དུས་སྟོངས།།
ཡུན་གཏན་དུ་མི་གནས་འགྱུར་ནས་འགྲོ།།
ཚེ་མི་རྟག་ལ་ཁའི་ཉི་མ་འདྲ།།
དུས་ད་ལྟ་ཤར་ཡང་དགོང་དྲོ་ནུབ།།
དཔེ་དེ་བཞིན་མི་ཚེ་ཡུད་ཙམ་ཞིག།།
གནས་འཁོར་བ་འདི་ལ་སྙིང་པོ་ཅི།།
དུས་ད་ལྟ་རྟོགས་དུས་དམ་པའི་ཆོས།།
ཚེ་ཕྱི་མར་ཕན་པས་བསྒྲུབ་པར་རན།།
ཚེ་ཕྱི་མར་ཕན་པ་དམ་ཆོས་ལས།།
གཞན་མེད་པས་ད་ནི་དམ་ཆོས་བརྩོན།།
དུས་ད་ལྟ་དམ་ཆོས་མ་བསྒྲུབ་ན།།
དུས་ནམ་ཞིག་ཤི་བ་སུ་ཡིས་རྟོགས།།
སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།།
མི་འདོ་མེད་པ་ལ་བརྩེ་བས་གཟིགས།།
ལམ་མ་ནོར་སྟོན་མཛོད་སྤྱན་རས་གཟིགས།།
མི་སྤྲང་འཁྱམས་པ་ལ་བརྩེ་གཟིགས་མཛོད།།
ཚེ་ཕྱི་མར་ཕན་པའི་དམ་ཆོས་ཤིག།།
དུས་ད་ལྟ་ཉིད་ནས་བསྒྲུབ་རན་འདུག།།
སང་མི་ཤི་སྙམ་ཞིང་འཁོར་བར་འཁྱམས།།
གནས་འཆི་བདག་མདུན་ལ་སླེབས་ཙ་ན།།
ནད་དྲག་པོས་ཟིན་ཞིང་འཆི་ལ་ཉེ།།
དབུགས་རྟ་རྔ་ཙམ་དེ་ཆད་ཉེར་འགྱུར།།
སྙིང་བརྩེ་བའི་དགའ་ཉེས་མཐའ་ནས་བསྐོར།།
ད་ཕར་ཙམ་མི་འཆི་སྙམ་བཞིན་དུ།།
ནད་དྲག་པའི་ཞབས་བརྟན་རིམ་གྲོ་སོགས།།
ད་ཐབས་ཤེས་གང་ཡོད་བྱས་ན་ཡང་།།
ནད་དྲག་པོའི་ཟུག་གཟེར་བརྒྱབ་ཐེངས་རེར།།
ལུས་དྲན་མེད་བརྒྱལ་ཞིང་སྐད་ངན་ཤོར།།
མཐར་མ་ཕན་ཕྱི་མའི་ལམ་དུ་གཤེགས།།
གནས་བར་དོའི་འཕྲང་ལམ་འགྲིམ་དུས་སུ།།
རང་གཅིག་པུ་མ་གཏོགས་འགྲོ་ས་མེད།།
སྙིང་ཉེ་བའི་བུ་རྒྱུད་འཁྲིད་ས་མེད།།
ནོར་ལོངས་སྤྱོད་བང་མཛོད་འཁྱེར་དབང་མེད།།
ད་བསམ་ཞིང་བསམ་ཞིང་དམ་ཆོས་བསྒྲུབ།།
ལུས་བེམ་པོ་ས་རྡོ་བཞིན་དུ་འགྱུར།།
དེ་སྔོན་ལ་ཐབ་གཅིག་སྣོད་གཅིག་ཏུ།།
སྤུན་ཉེ་འབྲེལ་མཉམ་ཟ་མཉམ་འཐུང་བྱས།།
དེ་གཙང་བཙོག་མེད་པར་མཉམ་ཟས་ཀྱང་།།
ད་ཤི་བའི་ཉིན་མོ་ནས་བཟུང་སྟེ།།
དེར་ཐུག་པར་ཞེད་ཅིང་བཙོག་སྣང་ཤར།།
གནས་འཁོར་བ་འདི་ལ་ཞེན་པ་ལོག།།
སྔོན་ཁབ་རྩེ་ཙམ་ཡང་རེག་མི་ནུས།།
ད་ཤི་ཉིན་མེ་དོང་ནང་དུ་བསྲེགས།།
གནས་དེ་དག་མཐོང་དུས་སེམས་ངོགས་སུ།།
ད་ཞེད་ཅིང་སེམས་ནང་འཇིགས་སྣང་ཤར།།
ལྷ་བླ་མ་ཡིན་སྙམ་སྡོད་དབང་མེད།།
གོང་དཔོན་པོ་ཡིན་སྙམ་རྩོད་ས་མེད།།
མི་སྤྲང་པོ་ཡིན་སྙམ་ཞུ་ས་མེད།།
ང་ཕྱུག་པོ་ཡིན་སྙམ་བསླུ་ས་མེད།།
ལམ་འདི་ཉིད་མ་བརྒྱུད་འགྲོ་ས་མེད།།
དུས་ད་ནས་དམ་ཆོས་བསྒྲུབ་པར་རན།།
གནས་འཁོར་བ་འདི་ལ་སྐྱེས་ནས་བཟུང་།།
ཚེ་འདི་ཡི་རང་དོན་ཁོ་ནར་གཉེར།།
ད་སྤྱང་མདོག་གྲུང་མདོག་གཞན་མགོ་སྐོར།།
དེ་འཇོན་ཐང་རྩིས་ཤིང་གཞན་ལ་ངོམ།།
ད་གསོག་སྒྲུབ་དཀའ་སྤྱད་བྱས་ན་ཡང་།།
ད་རང་ལ་ཕན་པ་ཅུང་མ་གྱུར།།
སྐྱབས་བླ་མ་དཀོན་མཆོག་རྣམ་གསུམ་གྱིས།།
ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་ཤོག།།
གནས་དམ་པའི་ཆོས་ལ་བརྩོན་པར་ཤོག།།
ཞེས་པ་འདི་ནི་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༣ ཉིན་མོར་བྲིས་པའོ།
འཆི་བ་མི་རྟག་བསྒོམ་ཞོར་དུ། །
འདོད་ཆུང་ཆོག་ཤེས་རང་ལ་གྱིས། །
ལོངས་སྤྱོད་སྤང་མཐོ་གསོག་ཞོར་དུ། །
འདོད་ཡོན་སྦྱིན་གཏོང་གང་མང་གྱིས། །
ལོངས་སྤྱོད་༼སྤང་༽དཔངས་མཐོ་གསོག་ཞོར་དུ། །
འདོད་ཡོན་སྦྱིན་གཏོང་གང་མང་གྱིས། །
འཆི་བ་མི་རྟག་བསྒོམ་ཞོར་དུ། །
བོད་དོན་སྤྱི་དོན་གང་ཐུབ་སོམས། །
འཆི་བ་མི་རྟག་བསྒོམ་ཞོར་དུ། །
བཟོད་སྒོམས་ཐོབ་ཐང་རང་དབང་རྩོད། །
འཆི་བ་མི་རྟག་བསྒོམ་ཞོར་དུ། །
དལ་འབྱོར་མི་ལུས་བདག་པོ་རྒྱོབས། །
འཆི་བ་མི་རྟག་བསྒོམ་ཞོར་དུ། །
བྱས་ཚད་ཆོས་ལ་འགྲོ་བར་གྱིས། །
ཆབ་མདོ་ངག་ཕུན་ངག་སྙན་མོ། །
རྩོམ་གྱི་འགོ་བརྗོད་དེ་བས་སྙན། །
སེམས་ལ་ཕན་པའི་མགུར་གླུ་དེ། །
ཡང་ཡང་སྐྱོར་རྒྱུ་འདུན་པ་མཆིས། །
ཇི་བཞིན་ཉམས་སུ་ལེན་དཀའ་ཡང་། །
སེམས་ལ་ཕན་པའི་གླུ་ཞིག་འདུག །
བདག་ལ་སྙན་པའི་ངག་མེད་ཀྱང་། །
སྐད་གསེང་མཐོན་པོས་ལེན་རྒྱུ་ཡིན། །
ཡག་པོ་གསུངས་འདུག འདུས་བྱས་ཐམས་ཅད་མི་རྟག་པའོ།། ཟག་བཅས་ཐམས་ཅད་སྡུག་བསྔལ་བའོ།།
གྲྭ་བ་ཚོས།
ལུས་ཀྱི་འདུ་བ་ཟུངས་ཟད་ཉམས་བ་དང་།།
འཆི་བ་མི་རྟག་ཡིན་པའི་མངོན་མཁྱེན་ཞིག།
ཕྱི་མ་གསང་བ་ཡིན་པའི་རྒྱུ་མཚན་གྱིས།།
དམ་ཆོས་སྙིང་ལ་ལེན་པའི་འབད་བརྩོན་ཞིག།
མི་སྐྱ་ཚོས།
བུ་ཕྲུག་འཁོར་འཛོམས་ཡིན་པའི་ཕར་ཉིན་ནས།།
འཆི་བདག་ནམ་ཡོང་ཡིན་རུང་སྤོབས་པ་ཞིག།
སྐྱེ་བ་སྔ་ཕྱི་ཡོད་པའི་ཡིད་ཆེ་ཡིས།།
རང་ལུས་ཐང་དུས་འཆི་བར་སྨོན་ལམ་ཞིག།
མཚམས་ལ་རེ་ངེས་འབྱུང་སྤུ་ཟུག་རེ།
སྐབས་འགའ་རེ་དད་པའི་ཕྱག་རྒྱ་རེ།
དུས་ཁར་ཁེར་གླིང་བསྐོར་ཐེངས་གཅིག་རེ།
རྐྱེན་འཕྲད་དུས་བླ་མའི་གསོལ་འདེབས་རེ།
འདི་ཙམ་གྱིས་མི་ཕན་སེམས་ཐག་ཡིན།
རྣམ་ཤེས་སེམས་ཀྱིས་བརྟེན་འདི་འཁྱག་ཐོག་མཁར། ཡུན་རིང་གནས་མིན་ཐེ་ཚོམ་མེད་ཕྱིར་དུ། དམ་ཆོས་ཟབ་མོ་འཕྲད་པའི་གོ་སྐབས་འདི། དམ་དུ་བཟུང་ལ་བརྩོན་པ་བསྐྱེད་པར་འཚལ།།
སྙན་ངག་འདི་ག་ཤེད་ཅིག་ནས་མཐོང་མྱོང་འདྲ་པོ་ཞིག་འདུག ད་ལྟ་དྲན་སོས་མ་སོང་། ལད་མོ་ཡིན་ན་འགྲིག་གི་རེད་མ་གཏོགས་ཆ་ཚང་བཤུས་པ་ཡིན་ན་ཉེས་པ་རེད་དཱ།
འཆི་བ་མི་རྟག་བསམས་ནས། །
ཏྰ་ལའི་བླ་མར་མ་དམོད། །
འཆི་བ་མི་རྟག་བསམས་ནས། །
བཙན་བྱོལ་སྒྲིག་འཛུགས་མ་འཕྱ། །
འཆི་བ་མི་རྟག་བསམས་ནས། །
རང་གི་ལས་འབྲས་མ་རྙོག །
སྙན་པ་ལ་ཚོད་ཅིག་མི་འདུག་་་