དགེ་འདུན་རབ་གསལ།
ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་ཡི་ལོར།།
ཁམས་བཟང་བཀྲ་ཤིས་དོན་ཀུན་འགྲུབ་པར་ཤོག།
ལྕགས་བྱིའི་བྱུང་བ་རབ་བྱུང་དང་སྦྱར་ཏེ།།
ལོ་རྒྱུས་རི་མོ་རགས་ཙམ་སྒོམ་པར་བྱ།།
རབ་བྱུང་དང་པོའི་ལྕགས་ཕོ་བྱི་ཡི་ལོ།།
ཕྱི་ལོ་ཆིག་སྟོང་དྲུག་ཅུ་ཐམ་པ་ཡིན།།
སྣ་ནམ་རྡོ་རྗེ་དབང་ཕྱུག་འདས་ ཞེས་གསལ།།
དགེ་བཤེས་ཚུལ་བྱང་རྒྱལ་གྱི་གདན་སར་ཕེབས།།
རབ་བྱུང་གཉིས་པའི་ལྕགས་ཕོ་བྱི་བ་ལ།།
རབ་བྱུང་སྔ་མའི་ལྕགས་བྱི་ལ་འཁྲུངས་པའི།།
རྨ་བྱ་རྣར་བ་རྒྱལ་གྱི་གདན་སར་ཕེབས།།
རྔོག་རྒྱུད་ཐོགས་མེད་གྲགས་པ་འཁྲུངས་ཞེས་གསལ།།
རབ་བྱུང་གསུམ་པའི་ལྕགས་ཕོ་བྱི་བའི་ལོར།།
ཕྱི་ལོ་ཆིག་སྟོང་བརྒྱ་དང་བརྒྱད་ཅུ་ཡིན།།
སྔ་ལོར་སྐྱོབ་པས་འབྲི་གུང་མཐིལ་བཏབ་རྗེས།།
ཆོས་རྗེ་བཀྲ་ཤིས་དཔལ་བས་སྟག་ལུང་བཏབ།།
རབ་བྱུང་བཞི་པའི་ལྕགས་བྱི་བོད་ལ་ངན།།
ཧོར་དམག་བོད་དུ་སླེབས་ནས་དགོན་སྡེ་བཅོམ།།
རྭ་སྒྲེང་དང་ནི་རྒྱལ་གྱི་ལྷ་ཁང་དག།
ཞིག་གསོའི་ལས་ལ་བྲེལ་ཞེས་ཚེ་ཏན་གསུངས།།
ཕྱི་ལོ་ཆིག་སྟོང་སུམ་བརྒྱ་ཐམ་པ་དེ།།
རབ་བྱུང་ལྔ་པའི་ལྕགས་ཕོ་བྱི་ལ་འཁེལ།།
ཆོས་རྗེ་རིན་ཆེན་འབྱུང་གནས་(རཏྣ་ཀ་ར་)འཁྲུངས་ཞེས་གསུངས།།
སྟག་ལུང་ཁྲི་རབས་བདུན་པ་ཡིན་ལུགས་མཐོང་།།
རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ཡི་ལོ།།
ཕྱི་ལོ་ཆིག་སྟོང་སུམ་བརྒྱ་དྲུག་ཅུ་ཐམ་པ་ཡིན།།
ཀརྨ་རོལ་པའི་རྡོ་རྗེ་རྒྱ་ལ་ཕེབས།།
ཚེས་བཞི་རྙིང་མ་གྲགས་རྒྱན་འདས་ཞེས་འཁོད།།
རབ་བྱུང་བདུན་པའི་ལྕགས་ཕོ་བྱི་ཡི་ལོར།།
ས་སྐྱའི་ཏཱ་དབེན་བློ་རྒྱན་འདས་པ་དང་།།
རྒྱལ་རྩེ་དཔོན་ཆེན་རབ་བརྟན་ཀུན་འཕགས་ཀྱིས།།
རྒྱལ་རྩེའི་ལྷ་ཁང་ཆེན་མོ་བཞེངས་ཞེས་བཀོད།།
ཕྱི་ལོ་ཆིག་སྟོང་བཞི་བརྒྱ་བརྒྱད་ཅུའི་ལོར།།
སྨོན་ལམ་དཔལ་བ་དགའ་ལྡན་ཁྲི་ལ་ཕེབས།།
འདི་ཡན་གཙང་བ་བདུན་བརྒྱུད་ཅེས་སུ་གྲགས།།
རིན་སྤུངས་དོན་རྡོས་སྣེའུ་གདོང་སྲིད་དབང་འཕྲོགས།།
རབ་བྱུང་དགུ་པའི་ལྕགས་ཕོ་བྱི་ལོར།།
དགའ་ལྡན་ཁྲི་ཆེན་ཆོས་ཀྱི་བཤེས་གཉེན་དང་།།
ཁྲི་ཆེན་རིན་ཆེན་འོད་ཟེར་ལ་སོགས་འདས།།
ཁྲི་ཆེན་སངས་རྒྱས་རིན་ཆེན་འཁྲུངས་ཞེས་གྲགས།།
ཕྱི་ལོ་ཆིག་སྟོང་དྲུག་བརྒྱ་ཐམ་པའི་ལོར།།
“སྟག་ལུང་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་འཁྲུངས།།
དྭགས་པོ་མཁན་ཆེན་ནམ་མཁའ་རྒྱལ་མཚན་གཤེགས།།”
དཀོན་མཆོག་ཆོས་འཕེལ་ ཁམས་ལ་ཕེབས་ཞེས་འཁོད།།
རབ་བྱུང་བཅུ་གཅིག་ལྕགས་ཕོ་བྱི་བའི་ལོར།།
བསྟན་འཛིན་དཱ་ཡན་རྒྱལ་པོ་འདས་པ་དང་།།
སྡེ་སྲིད་འཕྲིན་ལས་རྒྱ་མཚོ་སྲིད་ལ་དབང་།།
གོང་མ་ཧྲུན་ཀྲི་འདས་ཞེས་ཡི་གེ་མཐོང་།།
ཕྱི་ལོ་ཆིག་སྟོང་བདུན་བརྒྱ་ཉི་ཤུ་ལོར།།
རྒྱལ་མཆོག་བདུན་པ་དབུས་ལ་ཕེབས་པ་དང་།།
ལྷ་སར་སྲིད་ཉེས་བྱུང་བའི་གཏམ་ཡང་གདའ།།
ཕོ་བྲང་ཞོལ་དུ་རྡོ་རིང་བཙུགས་སོ་ལོ།།
རབ་བྱུང་བཅུ་གསུམ་ལྕགས་ཕོ་བྱི་ཡི་ལོར།།
པཎ་ཆེན་དཔལ་ལྡན་ཡེ་ཤེས་པེ་ཅིང་དུ།།
དགོངས་པ་རྫོགས་ཤིང་དེ་བཞིན་གཙང་པཎ་དང་།།
རྔ་རྒོད་ནམ་མཁའ་སེང་གེ་འདས་ཞེས་འཁོད།།
ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཞི་བཅུ་ལོར།།
དཔའ་རིས་བློ་བཟང་རབ་གསལ་འཁྲུངས་པ་དང་།།
དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས།།
སྨན་དཔེ་ཤེལ་གོང་ཤེལ་ཕྲེང་བརྩམས་ཞེས་འཁོད།།
རབ་བྱུང་བཅོ་ལྔ་ལྕགས་ཕོ་བྱི་བའི་ལོར།།
དགའ་ལྡན་ཁྲི་ལ་གཙང་པ་བློ་རྒྱན་ཕེབས།།
མཚན་ཞབས་རྡོར་ཡིབ་ཨུ་རུ་སུ་རུ་མངགས།།
རྒྱ་ནག་གོང་མ་བྲོལ་བྱོལ་བྱས་སོ་ལོ།།
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་ལོར།།
“མུ་གེའི་བསྐལ་བ་ཡ་ང་”བྱུང་ཞེས་འཁོད།།
རིག་གནས་གསར་བརྗེའི་རླུང་འཚུབ་དེ་ནས་འཕེལ།།
བྱེས་ཀྱི་བཞུགས་སྒར་རྡ་རམ་ས་ལར་སྤོས།།
དེ་ལྟར་ལྕགས་ཕོ་བྱི་ཡི་ལོ་རབས་ལ།།
ཐོས་ཙམ་བྱས་ཏེ་རྗེས་སུ་དྲན་པར་བྱེད།།
ལོ་ངོ་སྟོང་ལ་ཉེ་བའི་རི་མོ་དེ།།
ཡིད་ལ་སྒོམ་པའང་སྐལ་བ་བཟང་ངོ་ལོ།།
ལྕགས་ཕོ་བྱི་བའི་ལོ་རྒྱུས་སྙིང་བསྡུས་འདི་ནི། འདི་ག་ཨིན་ཌི་ཡ་ཎ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་ཁཱ་ར་(György Kara)འམ་རྡོ་རྗེ་ནག་པོ་ཡིས་སོག་པོའི་ལོ་སར་སྐབས་སོག་པོའི་རྒྱལ་རབས་དང་ལོ་རྒྱུས་ཡིག་ཚགས་ཁྲོད་ནས་ལོ་དེའི་གལ་ཆེའི་མཛད་པ་རྣམས་བཏུས་ཏེ་ལོ་སར་ལ་བསུ་བ་བྱེད་པར་མཛད་ཅིང་། དེ་ཉིད་ལ་དཔེར་ལེན་གྱིས་ དགེ་རྒན་ཆེན་མོ་སྤེར་ལིང་(Elliot Sperling)གིས་ཀྱང་སློབ་གྲྭ་ཆེན་མོའི་བོད་ལུགས་ལོ་སར་སྐབས་སུ་ རབ་བྱུང་དང་པོ་ནས་ད་བར་གྱི་ལོ་རེའི་མཛད་པ་འཆད་པའི་སྲོལ་ཞིག་བྱུང་། དེ་དག་ལ་རྗེས་སུ་ཡི་རངས་པ་དང་བཅས་ཕྲན་གྱིས་ལོ་ཤས་རིང་འདི་ལྟ་བུ་ཞིག་བསྡེབས་པ་ཇི་བཞིན། འདི་ལོར་ཡང་བསྟན་རྩིས་ཀུན་བཏུས་དང་ལོ་ཚིགས་དྭངས་ཤེལ་མེ་ལོང་གཉིས་ལས་བཏུས་ཏེ་བཀོད་པ་དགེའོ།། ལྕགས་ཕོ་བྱི་བའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཚེ་རིང་ནད་དཀོན། བཞེད་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག། དགེ་འདུན་རབ་གསལ་གྱིས་ལོ་སར་ཚེས་པ་གཅིག་ཉིན་བསྡེབས་པའོ།།
སྔ་མོ་བོད་ཀྱི་གཏམ་དཔེ་ལ། །
ལོ་གསར་མ་རེད་ལས་གསར་རེད། །
་
དིང་སང་བོད་ཀྱི་གཏམ་དཔེ་ལ། །
ལོ་སར་མ་རེད་ལོ་གསར་རེད། །
ཀརྡོས།
བོད་པས་བོད་ཆས་བཞག་དུས། །
ཊོམ་གྱིས་བོད་ཆས་གྱོན་འདུག །
་
མི་ཡིས་མི་ཆས་བཞག་དུས། །
དུད་འགྲོས་མི་ཆས་གོན་འདུག །
ཧ་ཧ། ཀརྡོས།
བྱི་བ་སྐྱེས་དུས་སྤུ་མེད་མི་དང་འདྲ། །
བྱི་བ་ཚར་དུས་རང་དོན་མི་ལས་ལྷག །
བྱི་བ་དགོས་དུས་རང་ཟས་བྱུར་བུར་བསགས། །
བྱི་བ་ལྟ་བུའི་དཔལ་འབྱོར་གསོག་ལ་རེམས། །
་
མུ་སྟེགས་ཆོས་ལ་བྱི་བ་ག་ནེཥ་རྟ། །
ཚན་རིག་པ་ཡིས་བྱི་བར་ས་འགུལ་བརྟགས། །
མི་རིགས་འགའ་ཡིས་བྱི་བ་བཟུང་ནས་བཟའ། །
བོད་པས་བྱི་བར་ལོ་རྟགས་བྱི་ལོ་ཙམ། །
་
བྱི་ལོ་ཡིན་ཚད་ད་ལོ་རང་ཀག་འཁེལ། །
དེས་ན་ཞབས་རིམ་ཁ་འདོན་གང་ཐོན་གྱིས། །
བྱི་ལོ་པ་སྟེ་ནོར་དངུལ་གསོག་ལ་མཁས། །
དེས་ན་ད་ལོ་ནོར་གསོག་གང་ཐུབ་གྱིས། །
་
ཀརྡོས་དྲན་ཚད་ཁ་བརྡར་བྲིས་ཡོད་པས། །
ནོར་འཁྲུལ་ཡོད་ན་མཁས་པས་སྤྱན་སྔར་བཤགས། །
བཟང་ཆ་ཡོད་ན་ལག་ལེན་ལག་ཏུ་བཀོལ། །
བྱི་ལོར་འགྲོ་བའི་བསམ་དོན་ཀུན་འགྲུབ་ཤོག །
རང་ལོ་གཅིག་དང་བཅུ་གསུམ་དང་། །
ཉེར་ལྔ་སོ་བདུན་ཞེ་དགུ་རྣམས། །
རང་ཀག་འཁེལ་བས་རང་སྲུངས་གྱིས། །
འོནད་ཀྱང་རྣམ་རྟོག་མེད་ནའང་བཟང་། །
་
༸གོང་ས་མཆོག་གི་དགུང་ཀེག་ནང་། །
བཅུ་གསུམ་སྐབས་ལ་སེར་དམག་ལངས། །
ཉེར་ལྔའི་སྐབས་ལ་བྲོས་བྱོལ་ཕེབས། །
སོ་བདུན་ཞེ་དགུར་ཁྱེད་ཚོས་དཔྱོད། །
ཪི་མཐོན་པོ་མཐོང་དུས་བོད་ལྗོངས་དྲན། རི་་སྨུག་པས་བཏུམ་ན་ལྷག་པར་དྲན།
ལུག་གཡང་དཀར་འཚོ་མཁན་བོུ་ཁྱེད། དུས་དེང་སང་རི་ལུང་གང་དུ་ཡོད།
དབྱར་སྤང་གཤོང་མཐོང་དུས་ཁྱེད་རང་དྲན།
སྤང་མེ་ཏོག་བཞད་དུས་བོད་ལྗོངས་དྲན།
ཆུང་མེ་ཏོག་འཐུ་བའི་བོུ་ཁྱེད་། དུས་ད་ལྟ་སྤང་གཞུང་གང་དུ་ཡོད།
ཆུ་དངས་མོ་མཐོང་དུས་བོད་ལྗོངས་དྲན། ཉ་གསེར་པོ་མཐོང་དུས་ལྷག་པར་དྲན།
རྒྱབ་ཆུ་ཟོ་ཁུར་བའི་སྐྱེས་སྨན་ཚོ། དུས་དེང་སང་ཆུ་འགྲམ་གང་དུ་ཡོད།
ཕྲན་གྱི་དྲན་ཚོད་ལ།ཚེ་ཏན་ཞབས་དྲུང་གིས་སྔོན་གྱི་དམ་པ་ཚོས་རབ་ལོ་སོ་སོར་མིང་རེ་འཇོག་གནང་མཛད་ཡོད་པ་ལྟར། རང་རེས་ཀྱང་རབ་བྱུང་བཅུ་བངུན་པ་འདི་ལ་མིང་ཞིག་འཇོག་དགོས་ཞེས་གསུངས་ཤིང་། མིང་ཞིག་འཇོག་རྩིས་གནང་འདུག་ཀྱང་། གཏན་ཁེལ་པ་ཞིག་བྱུང་བ་མི་དྲན། བར་སྐབས་སྨན་རྩིས་ཁང་ནས་རབ་གནས་ཞེས་བཏགས་འདུག་པ་གཟུགས་ཁམས་གནས་རིས་བཅུ་བདུན་ཞེས་པ་དེ་ཡིན་ནམ་སྙམ་པ་བྱུང་། ད་རེས་རབ་རྒྱན་ཞེས་བཏགས་འདུག་པར་རྒྱན་བཅུ་བདུན་དེ་གང་དང་གང་ཡིན་ནམ། ཚེ་ཏན་ཞབས་དྲུང་གིས་གསུངས་པ་དེ་རང་ཡིན་ནམ་ཞེས་བཀའ་འདྲི་ཞུ་འདོང་བྱུང་།
ཨ་ལགས་ཚེ་ཏན་ཚང་གི་གསུང་འབུམ་དུ་བཞུགས་པའི་རབ་བྱུང་བཅུ་བདུན་པའི་མིང་འདོགས་ཀྱི་བསམ་འཆར་མདོ་ཙམ་ཞེས་པ་དེ་རེད། དོན་ལ་རབ་རྒྱན་ཞེས་བཏགས་པ་རེད། དེ་ལ་གཟིགས་ན། གཤམ་གསལ་གྱི་འབྲེལ་ཐག་ནས་གཟིགས་རོགས། http://www.tbrc.org/eBooks/W2DB4565-I1GS66324-183-188-any.pdf
༄༅། བོད་ལྗོངས་མུན་པའི་གླིང་དུ། ཤེས་རིག་སྒྲོན་མེ་བཏེགས་པའི།
གངས་ལྗོངས་ཡི་གེའི་བྱེད་པོ། དྲིན་ཆེན་སློབ་དཔོན་ཐོན་མི།
ངོ་མཚར་ཆེ།
མདོ་སྨད་གསེར་མོ་ལྗོངས་ནས། རྒྱལ་ཁམས་ཕྱོགས་མེད་འགྲིམས་པའི།
རྣམ་དཔྱོད་རིག་པའི་དཔའ་བོ། མཁས་ཆེན་དགེ་འདུན་ཆོས་འཕེལ།
ངོ་མཚར་ཆེ།