རྩོམ་པ་པོ། མགོ་ལོག་རིག་དར།
བོད་ཀྱི་ས་ཁུལ་མང་པོ་དང་ཁྱད་པར་རང་རེ་རྙིང་ཕྱོགས་སུ་ཁྱིམ་པ་ལ་ལས་རང་རྒྱུད་ལ་སྡོམ་པ་གང་ཡང་མེད་པ་དང་། ཡང་ན་སྣ་གཅིག་དང་སྣ་འགའི་དགེ་བསྙེན་གྱི་སྡོམ་པ་རེ་བླངས་ནས་རབ་བྱུང་གི་གོས་བགོས་ཏེ་བཟའ་ཚང་གི་ཁ་འཛིན་དང་ཚེ་འདིའི་འཚོ་ཆས་ལ་ཤི་སྤར་འཐམས་ནས་ཡོད། སྤྱིར་ཁྱིམ་པ་དག་གིས་རབ་ཏུ་བྱུང་བ་རྣམས་ཀྱི་གོན་པ་དམར་པོ་འདི་བགོས་ན་འདུལ་བ་ལུང་ལས་ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པའི་ཉེས་པ་འབྱུང་བར་གསུངས་པ་དང་། བྱེ་བྲག་དགེ་ལུགས་པ་སོགས་གངས་རིའི་ལྗོངས་ཀྱི་ཆོས་བརྒྱུད་འཛིན་པ་མང་པོ་ཞིག་གིས་རྙིང་མ་པ་ཞིག་ཡིན་ནས་བཟུང་སྟེ་ཕལ་ཆེར་བུད་མེད་ཅན་ཞིག་ཡིན་པའི་འདུ་ཤེས་ཡོད་ཅིང་། ཁོང་རྣམས་ཀྱིས་གསར་རྙིང་གི་སྤྱོད་པའི་ཁྱད་པར་དེ་ཡང་གཙོ་བོ་ཁྱིམ་ཐབ་ཡོད་མེད་ཀྱིས་འཇོག་གི་ཡོད་པ་རེད།
ཁྱད་པར་དུ་གོང་སྨོས་བཞིན་རབ་བྱུང་གི་གོན་པ་འདི་བགོས་ནས་ཁྱིམ་གྱི་འཚོ་ཚིས་ཀྱི་བྱ་བ་ཕྱུགས་འཚོ་བ། ཞིང་རྨོ་བ། ཚོང་བྱེད་པ། འདྲུད་འཐེན་དང་གླ་འཁོར་གཏོང་བ། དབྱར་རྩྭ་དགུན་འབུ་བརྐོ་བ།ས་རྐོ་རྡོ་རློག་བྱེད་པ། ཤིང་བཟོ་རྡོ་བཟོ་བྱེད་པ་སོགས་འཁོར་བའི་བྱ་བཞག་ཁོ་ན་ལ་འབད་པས་ཆོས་ལུགས་ལ་དད་པ་ཡོད་མེད་ཀྱི་ཁྱིམ་པ་ཆེས་མང་པོ་ཞིག་གིས། བན་དེ་འདི་རྣམས་ང་ཚོ་ཁྱིམ་པ་དག་དང་ཕྱི་གོན་པའི་ཁྱད་ཙམ་མ་གཏོགས་ཁྱད་པར་གཞན་གང་ཡང་མི་འདུག་སྙམ་ནས་བན་དེ་རྣམས་ལ་གུས་བཀུར་དང་བརྩི་འཇོག་རྩ་བ་ནས་མེད་པ་ཞིག་ཏུ་འགྱུར་བཞིན་ཡོད་ལ། མ་ཟད་ཅང་མི་འགོར་བར་མཐོང་ཆུང་དང་དམའ་འབེབ་བྱ་བའི་གནས་སུ་འགྱུར་ཞིང་མཐར་བན་དེ་གང་ཡིན་ཡང་ཐམས་ཅད་ངན་པ་མགོ་གཅིག་ཏུ་བསྒྲེས་ནས་བན་དེ་རྣམས་ཀྱིས་དམངས་ཁྲོད་དུ་ཆོས་ཀྱི་བྱ་འགུལ་ཞིག་སྤེལ་དགོས་ན་ཡང་སྤེལ་ཡུལ་རྙེད་དཀའ་བའི་གནས་སུ་འགྲོ་ཉེན་ཆེ། འདིའི་ལན་ཁག་ཀྱང་གཞན་ལ་མི་འགེལ་བར་ང་ཚོ་བན་དེ་ཕྱི་ནང་མི་མཚུངས་ཤིང་བྱ་སྤྱོད་ཡ་མ་ཟུང་ཅན་དག་གི་ཤུལ་བཞག་ཡིན་པ་ངོ་ཤེས་ངོས་ཟིན་ཡོད་དགོས།
དེའི་ཕྱིར་མ་འོངས་པའི་བསྟན་པའི་ཁེ་ཉེན་ལ་བསམ་གཞིག་ལེགས་པོ་བཏང་སྟེ་ཁྱིམ་པ་ཞིག་ཡིན་ནས་བཟུང་རང་གི་གོས་བགོས་ནས་རང་གི་བྱ་བ་ལ་འཇུག་རྒྱུའི་རེ་ཞུ་དང་། ཁྱིམ་པ་སྔགས་ལམ་ལ་ཞུགས་པའི་སྔགས་པ་ཞིག་ཡིན་ན་ཡང་བླ་མ་ཨོ་རྒྱན་རིན་པོ་ཆེས་སྔགས་པ་རྣམས་ལ་གནང་བའི་སྔགས་ཆས་གཙང་མ་རེ་བགོ་རྒྱུ་དང་། དེའི་ཐོག་ནས་ཁག་ངན་སྔགས་ལ་བཀལ་ནས་སྤྱོད་ངན་གྱི་དུས་འདའ་བར་མི་བྱེད་པར་མ་མཐའ་ཡང་སྔགས་ཀྱི་རྩ་བའི་དམ་ཚིག་ལྡན་པ་གཞིར་བཞག་གི་སྟེང་དུ་མཚམས་བསྙེན་སྒྲུབ་དང་ཉམས་ལེན་ལ་ཅི་ནུས་སུ་བརྩོན་པར་བྱ་བ་ནི་གནད་དམ་པ་ཡིན་ནོ།།
རང་འདྲ་བའི་སོ་སྐྱེ་ཞིག་གི་བྱ་བ་ལ་ཆོས་བརྒྱད་ཀྱི་རྟོག་ངན་མ་འདྲེས་པ་ཞིག་འོང་དགོས་ན་དཀའ་ཡང་ད་སྐབས་སྐུལ་མ་ཅུང་ཙམ་ཞུས་པ་འདི་ལ་རང་སེམས་དཔང་དུ་བཙུགས་ན་ཡང་བསླད་ཆེན་པོ་མེད་པ་འདྲ་བས་ཀུན་གྱིས་ཐུགས་ཁྲེལ་མི་གནང་བར་ཞུ་ཞུ།
སྐལ་བཟང་ཚེ་རིང་བོད་ཡིག་འཕྲིན་ཕྲན་སྤྱི་སྟེགས་ཀྱིས།
ཡིག་ཟམ། garongzeren@163.com
སྐལ་བཟང་ཚེ་རིང་བོད་ཡིག་འཕྲིན་ཕྲན་སྤྱི་སྟེགས་ཀྱི་སྦྲེལ་གནས།garong888
ཁོང་གིས་ཡག་པོ་བྲིས་གནང་འདུག་འདི་གཟིགས་དང་ཡག་པོ་བསླབ་བྱ་བརྒྱབ་འདུག་རྗེས་སུ་ཡི་རང་ཞུ།།
ཐུགས་རྗེ་ཆེ་ཡག་པོ་བྲིསའདུག་རྗེས་སུ་ཡིད་རང་ཡོད། སྤྱི་ཚོགས་གང་ཡིན་ནའང་ནང་བཀྲ་ཤིས་ན་ཕྱི་དོན་མི་འགྲུབ
མ་ཤིས་ན
ཡག་པོ་གསུངས་ཤག་ར་མ་ལུག་ལྟ་བུ་ཕུང་གསུམ་པ་དེའི་རིགས་མེད་ན་བཟང་་་ད་དུང་ཕྱི་གོས་ཙམ་གང་ན་ཟད་མི་ཆོས་བླ་མའི་རྫུན་བཤད་ནས་མི་མགོ་བསྐོར་མཁན་ས་གང་གནམ་གང་ཡོད་འདུག འདི་ཚོའི་རིགས་ལ་ཁོག་སྟོད་ལ་སྡོམ་པ་མེད་ཁོག་སྨད་ལ་ཡོན་ཏན་མེད་་ཕྱི་རུ་ཀུན་སྤྱོད་མེད་ནང་དུ་ཡོན་ཏན་མེད་་་་་རང་ལྟར་ཆགས་་་གཞན་ལྟར་སྡང་མཁན་འཇིག་རྟེན་སྐྱ་བོ་ལས་ཀྱང་སྐྱོ
བ་འདུག
གྲྭ་པ་དང་རབ་བྱུང་ལ་མུ་གསུམ་ཡོད་པའང་ཤེས་པར་གྱིས།
རྒྱ་གར་གྱི་ཆོས་འདུལ་བ་དེ་རང་ལ་བསམ་བློ་བཏང་ན་བོད་ཀྱི་གྲྭ་པའི་སྟོད་འགག་དང་སོག་ལྷམ། ཞྭ་མོ་ཁྲ་ཁྲ་དང་ནག་པོ། དེ་བཞིན་བླ་མ་ཚོའི་རྒྱུ་ནོར་གསོག་སའི་ནང་ཆེན་དང་གཉེར་བ། གྲྭ་པ་ཚོའི་ལག་གི་གློག་ཀླད་དང་ཁ་པར་སོགས་སྟོན་པ་ཐུགས་དགྱེས་པ་ཞིག་ད་ཡིན་ཚོད་མི་འདུག སྔགས་པ་ཞིག་ཡིན་ཡང་། རྒྱུད་ལས། དཀར་ལ་ཤིན་ཏུ་འཇམ་པ་སྟེ། །ཉིན་རེ་བཞིན་དུ་བཀྲུ་བར་བྱ། །ཞེས་སོགས་མིག་གིས་མཐོང་མྱོང་བ་ཞིག་ད་དགོས་ས་རེད།
རབ་བྱུང་ཡིན་ན། གྲྭ་པ་ཡིན་པས་ཁྱབ་པར་འདོད་པ་འདྲ། གྲྭ་པ་ཡིན་ན། རབ་འབྱུང་མ་ཡིན་པ་དེ་གང་ཡིན་ནམ།
དེས་ན། ཨ་ནིའམ་བཙུན་མ་ཡིན་ན། རབ་འབྱུང་མ་ཡིན་དེ་ཚོ་སུ་དང་སུ་ཡིན་ནམ། མེ་དཀར་ལགས།
ལ་དྭགས་སུ་ཕྱི་ལོགས་ལྟ་སྐོར་མ་འོངས་གོང་དུ། ལོ་ངོ་སུམ་ཅུ་སོ་གྲངས་སྔོན་དུ། དགོན་པ་དང་གྲྭ་པ་་རྣམས་ལ་དམའ་འབེབས་ཡོད་ཀྱང་། ལྟ་སྐོར་པ་སླེབས་དུས་བསྟན་འོས་པ་དགོན་པ་དང་། གྲྭ་པ་མ་གཏོགས་མེད་པས། རྩིས་ཐང་ཆེར་སོང་བ་ཐོས། གང་ལྟར་ལྷག་བསམ་དག་གིས་ལས་རྣམ་དག་བྱེད་ཐུབ་ན། ཀུན་ཀྱིས་གུས་བཀུར་བྱེད་པར་མཐོང་ངོ་།