ཁ་བའི་སྒྲོལ་མ་དཀར་མོ།
མང་གཙོ་ལ་ཚད་མེད་པར་འཛིན་པ་ཐལ་མཐའ་ཡིན་ལ། ཚད་ཅན་དུ་བྱེད་པའང་ཐལ་མཐའ་ཡིན། བོད་ལ་མང་གཙོ་གསར་གཏོད་བྱས་ནས་ལོ་དྲུག་ཅུ་འགོར་བའི་རིང་མང་གཙོའི་ལང་ཚོ་དར་ལ་བབ་པའི་རྟགས་མཚན་ཆེ་ཤོས་དེ་གང་ནས་སླེབས་སོང་ངམ། འདིའི་སྐོར་ལ་དྲི་བ་བཏང་མྱོང་ངམ། ངས་བལྟས་ན། སྤེན་སེང་གི་དོན་རྐྱེན་ལ་ཡིད་ཆད་པ་དང་སྐྱུག་བྲོ་བའི་ངོས་རེ་ཡོད་ཀྱང་། བསྐྱར་ཞིབ་ཅིག་བྱས་ན། སྤེན་སེང་ལྟ་བུའི་ཤེས་ཡོན་འདྲ་མཉམ། སྨྲ་ལྕེ་འདྲ་མཉམ། འཇོན་ཐང་འདྲ་མཉམ་གྱི་མི་བུ་གཉིས་མཉམ་དུ་ལངས་ནས། མདའ་མཚོན་གོ་ཆ་མ་བཟུང་བར་སྡིངས་ཆ་བརྒྱུད་ནས། སྨྲ་ལྕེ་བསྡུར་ནས། ལས་འཆར་ངོམ་ནས་སྤྱི་ཚོགས་འུར་ལ་བསྐུར་བ་འདི་མང་གཙོའི་ཆེས་ཡིད་དུ་ལང་ཚོ་ཆེས་ཡིད་དུ་འོང་བ་ཞིག་རེད་སྙམ།
ཟམ་གདོང་རིན་པོ་ཆེས་ལངས་འདོད་མེད་མདོག་མདོག་དང་འཇུ་ཆེན་གྱིས་རང་གཞུང་བསམ་རབས་ཀྱི་འོས་བསྡུ་དྲན་པར་བླངས་ནས། སྤེན་སེང་གཉིས་ཀྱི་འོས་འགྲན་ལ་གཤིབ་བསྡུར་ཞིག་བྱས་ན། ད་གཟོད་མང་གཙོ་དང་ལྷིང་འཇགས་གཉིས་ནི་གདམ་ག་ཡིན་པར་ར་འཕྲོད་ཐུབ། མགོ་དབུ་ཁྲིད་ནས་མཇུག་མི་མང་བར་དུ་ལབ་རྒྱུ་གླེང་རྒྱུ་མེད་པའི་ལྷིང་འཇགས་ཤིག་བྱུང་ན། དེ་དང་མཉམ་དུ་ཐོབ་ཐང་མང་པོ་ཞིག་ཀྱང་ལྷིང་འཇགས་ལ་འགྱུར་རྒྱུ་དང་། རུལ་སུངས་མང་པོ་ཞིག་ཀྱང་ལབ་རྒྱུ་གླེང་རྒྱུ་མེད་པར་ནར་སོན་ངེས་པས། དེ་ནི་མང་གཙོ་རུལ་བ་ཡིན།
དོན་གནད་འདི་བོད་མི་སྤྱི་བྱིངས་ཀྱིས་མི་ཤེས་ནའང་ཤེས་ཡོན་ཅན་ཚོས་ཤེས་ན་འགྲིག་མོད། སྐུ་ཞབས་ཆུང་ཚེ་རིང་སོགས་བཙན་བྱོལ་གྱི་ཤེས་ཡོན་པ་ཡིན་ཟེར་བ་ཁ་ཤས་དང་གཞུང་ཟུར་ཁ་ཤས་ཀྱིས་དེ་འདྲའི་ལྷིང་འཇགས་ཤིག་ལ་རེ་སྨོན་བྱེད་ཀྱིན་འདུག དེ་ཡ་མཚན་པོ་རེད། གནམ་ཐང་ལ་སོང་ནས་ཀི་མ་བཏབ་ཙམ་དང་ཁ་ཐུམ་མ་བརྒྱབ་པ་ཙམ་རེད། སྲང་ལ་སྦྱོར་རྒྱུའི་སྦྱར་ཤོག་ཚུན་ཆད་བཀྲམ་ཡོང་གི་འདུག ལྷིང་འཇགས་ལྷིང་འཇགས་ཞེས་འབོད་ཀྱིན་འུར་སློང་གི་འདུག ཟིང་སློང་གི་འདུག
ཆུང་ཚེ་ལགས་ནི་འབྲོང་ཆུང་གི་རྒྱབ་སྐྱོར་བ་སྤུས་ཀ་དག་ཤོས་དེ་ཡིན་རྒྱུ་རེད་སྙམ། བཙན་བྱོལ་ནང་གི་ཤེས་ཡོན་པ་ཡི་གྲས་ཀྱང་རེད། དེའི་ཆ་ནས་ངས་ཁོ་ཆོས་ཅན་དུ་འཛུགས་འདོད། ཡིན་ནའང་། དེང་སང་ཁོ་འོས་སྨྱོན་ལ་གྱུར་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་འདུག ཆུང་ཚེ་རིང་གི་ཆུང་དེ་འབྲོང་ཆུང་གི་ཆུང་དེ་མིན་ནམ་སྙམ། ཧེ་ཧེ་ཧེ།
དང་པོ་ཁོ་རང་གི་རྩོམ་རྙིང་ཞིག་དྲུད་ཡོང་ནས་འབྲོང་ཆུང་འུར་མགོ་བཙུགས་སོང་། འུར་སྟངས་སྙིང་རྗེ་བ་ལ་ཚད་ཅིག་མི་འདུག ཡིན་ནའང་། ན་ཟུག་ཅིག་ཆུང་ཚེ་ལགས་ཀྱིས་དེ་དུས་ནས་སྦྲུམ་ཡོད་པ་འདྲ། ཡ་མཚན་པ་ཞིག་རེད། ཤེས་ཡོན་པ་ཞིག་གི་རང་ཚུགས་ཡོད་ཚད་འཆོལ་ནས། འུར་དང་། རྫུན་ཡང་འདྲེས་པའི་ལབ་དང་། བསྒྲགས་གསུམ་གྱིས་མང་ཚོགས་ལ་བསླུ་བྲིད་གཏོང་མགོ་བཙུགས་སོང་། འདི་ག་རེ་ཡིན་ནམ། དོན་དངོས་ཀྱི་ལྷིང་འཇགས་ལ་རེ་བ་བྱེད་ཀྱིན་ཡོད་དམ། ལྷིང་འཇགས་མིན་པའི་ལྷིང་འཇགས་ཀྱི་རྣམ་པའི་དམིགས་འབེན་ཞིག་སྙེག་གིན་ཡོད།
ཤེས་ཡོན་པ་ཞིག་གིས་སྲིད་སྐྱོང་གླེང་ན། འོས་མི་རེ་རེའི་བསྒྲགས་གཏམ་ལ་དཔྱད། མི་གཞི་མ་ཡིན་པའི་ལས་དོན་དང་ལས་འཆར། བསམ་བློ་དང་ཤེས་ཡོན། འདས་པ་དང་ད་ལྟ། མ་འོངས་པ་བཅས་ཀྱི་དམིགས་རྒྱང་ལ་དཔྱད་ནས། བསྡུར་ནས་མི་མང་ལ་གོ་རྟོགས་ཀྱི་མར་མེ་སྒྲོན་དགོས་པ་ལས། མིག་གཅིག་ཉིན་མཚན་གཉིས་ལ་བཙུམ། མིག་གཅིག་ཉིན་མཚན་གཉིས་ལ་གདེང་ནས་འཇིག་རྟེན་ལ་སྡོམ་རྒྱག་པ་བསམ་ཚུལ་བཤད་པ། སྐུལ་སློང་བྱེད་པ་བཅས་ནི། ཤེས་ཡོན་པའི་ཐབས་སྐྱོའི་ལས་ཀ་ཞིག་རེད། དཔེར་ན། ཆུང་ཚེ་ལགས་ཀྱིས་བོད་སྐད་ཀྱང་མི་གོ་བའི་སློབ་ཕྲུག་ཁ་ཤས་ཀྱིས་འབྲོང་ཆུང་ལ་རྒྱབ་སྐྱོར་ཞུ་ཟེར་བའི་བརྙན་ཐུང་རེ་བསྡུས་ནས། ཁ་བྱང་ལ་ “འཛམ་གླིང་ས་ཕྱོགས་གང་སའི་བོད་མི་རྣམ་པས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་སྲིད་སྐྱོང་ལ་འཁོད་རྒྱུར་རྒྱབ་་སྐྱོར་ཞུ།” ཞེས་འུར་ཆེན་པོ་བརྒྱབ་ཡོད། འཇིག་རྟེན་ཁམས་ཀྱི་མི་རྣམ་པས་ཞེས་མ་བྲིས་པ་ལེགས་འདུག་སྙམ། ཧེ་ཧེ་ཧེ།
ཡང་ཆུང་ཚེ་ལགས་ཀྱིས་འབུམ་རམས་པའི་སློབ་མ་ཞིག་གིས་འབྲོང་ཆུང་ལ་རྒྱབ་སྐྱོར་བྱས་པའི་རྩོམ་ཞིག་དྲུད་ཡོང་ནས། “འབུམ་རམས་པ་ཞེས་པ་དེ་འདྲ་ས་མི་འདུག་”ཅེས་འུར་སོང་། འདི་དང་འདི་འདྲ་ལ་ངས་རྫུན་དང་འདྲེས་པའི་ལབ་ཞེས་བརྗོད་ཀྱིན་ཡོད། ཁོ་འབུམ་རམས་པའི་སློབ་མ་ཞིག་ཡིན་ཞེས་རྩོམ་དེ་ཉིད་དུ་བྲིས་འདུག་མོད། ཆུང་ཚེས་འབུམ་རམས་པ་ཞེས་གསལ་གསལ་རྗེན་རྗེན་ལ་ལབ་བརྒྱབ་སོང་། འདྲ་ས་མེད་པ་གཅིག་ཀྱང་མི་འདུག རྩོམ་དེར་འབྲོང་ཆུང་ལ་རྒྱབ་སྐྱོར་བྱེད་དགོས་པའི་དོན་ཚན་ཁ་ཤས་བརྩིས་ཡོད་པ་ལས་དོན་ཚན་དང་པོའི་ཚིག་སྦྱོར་ལས་བོད་ཡིག་གིས་བོད་སྐད་ཀྱི་རྩོམ་འབྲི་མི་ཤེས་པ་གསལ་འདུག དེང་སང་བོད་ཡིག་གིས་རྒྱ་སྐད་ཀྱི་རྩོམ་འབྲི་མཁན་དང་བོད་ཡིག་གིས་དབྱིན་སྐད་ཀྱི་རྩོམ་འབྲི་མཁན་གྱི་རིགས་གཅིག་ཡོང་གི་ཡོད། འདི་ཡི་གེ་བའི་ཁྲོད་ཀྱི་སྐད་བརྡ་ཞིག་རེད། མི་མང་གིས་སྐད་ཆ་ཡ་མཚན་ཞིག་ལ་སྣང་མོད། དོན་དངོས་དེ་ལྟར་རེད། རྒྱལ་བའི་དགོངས་པ། རྒྱལ་བའི་དགོངས་བཞེད། ཡེ་ཤེས་དབྱིངས་དཔྱད་ཀྱི་རྒྱལ་བའི་དགོངས་གཞི། འདི་དག་འབབ་ས་གཅིག་རེད་ལ། ནང་དོན་ཡང་གཅིག་རེད། འདི་དག་ལ་ཁོ་ཚོས་རྒྱལ་བ་རིན་པོ་ཆེའི་འཆར་སྣང་ཞེས་འབྲི་བ་ཡིན། བོད་སྐད་ཡིག་ལ་བྱང་ཚད་ཅན་ཞིག་གིས་བལྟས་པ་ཙམ་གྱིས་ཁོང་དགོད་འཆོར་བ་ཡིན།
ཆུང་ཚེ་ཡིས་ཁྱད་པར་དུ་བྱས་ནས་ཁྱད་འཕགས་སུ་བསྔགས་པའི་འབུམ་རམས་པ་དེས་ཀྱང་། “༧གོང་ས་༧མཆོག་གི་བོད་ཀྱི་འཆར་སྣང་དང་མཐུན་པ་”ཞེས་བྲིས་ཡོད། འདི་ནི་གུས་པ་མེད་པ་དང་གོ་བ་མེད་པའི་ཚིག་ཅིག་རེད། བསྐལ་བ་ཡག་པའི་སྐབས་སུ། བོད་ཀྱི་གསར་རྩོམ་པ་ཚོས་ཀྱང་ཚིག་འདི་འདྲ་སྐྱོ་བོ་མི་བསྒྲིག་མོད། དེང་དུས་ཀྱི་བོད་མི་འབུམ་རམས་པ་དང་འབུམ་རམས་པའི་སློབ་མའི་ཁྲོད་རིགས་འདི་འདྲ་མང་པོ་ཡོད་པའང་ཁས་ལེན་དགོས་སྙམ། དཔེར་ན། སྲིད་སྐྱོང་གིས་དབུ་མའི་ལམ་ནི་རྒྱལ་བའི་ཡེ་ཤེས་དབྱིངས་དཔྱད་ཀྱི་དགོངས་པ་རེད་ཅེས་པ་བཤད་མ་ཤེས་པར་རྒྱལ་བ་རིན་པོ་ཆེའི་འཆར་སྣང་རེད་ཅེས་བཤད་པ་ལ། བཙན་བྱོལ་ནང་གི་རྩོམ་པ་པོ་འགས་ཁ་རྡུང་རག་པ་དང་། ལྔ་དང་ལྔ་བཅུའི་འཆར་སྣང་ཡང་བོད་ཚིག་མིན་པའི་ཐད་ལ་དགེ་བཤེས་ལྷག་རྡོར་གྱིས་གསུང་བཤད་རྒྱས་པར་གནང་བ་བཅས་ཀྱང་ཐ་སྙད་བཀོད་སྤྱོད་འདི་དག་དང་འབྲེལ་བ་ཡོད། འདི་དག་བོད་ཀྱི་རིག་གཞུང་གི་ངོས་ནས་གླེང་ན་ནོར་འཛོལ་ཆུང་ཆུང་མིན། དེའི་ཕྱིར། ཆུང་ཚེའི་འབུམ་རམས་པ་དེ་ཡི་རྩོམ་ཡིག་གི་ནང་དུའང་མི་འདྲ་བ་ཞིག་ཡོད་ན། རིགས་དེ་འདྲའི་ཚིག་སྦྱོར་དག་ཨེ་ཡིན་སྙམ།
འབྲོང་ཆུང་གི་རྒྱབ་སྐྱོར་བས་ཅིག་མི་བྱེད་པ། ཉིག་མི་བྱེད་པ་ཞེས་འབྲོང་ཆུང་ལ་རྒྱབ་སྐྱོར་བྱེད་པ་ལ་དགེ་སློང་སྒྲུབ་དགོས་པ་འདྲ་ཞིག་བཤད་འདུག་མོད། འབྲོང་ཆུང་གི་རྒྱབ་སྐྱོར་བའི་དབུ་འདྲེན་ཚོའི་འུར་ལ་བལྟས་ན། འདུ་ཁང་ནང་གི་དགེ་སློང་ཞིག་གི་སྣང་བརྙན་ལས་རྦད་དེ་ལྡོག་པ། ཆང་ཁང་ནང་གི་ན་གཞོན་ཞིག་གི་སྐད་མགོ་འདུག ཧེ་ཧེ་ཧེ།
ད་དུང་འབྲོང་ཆུང་གིས་ལངས་འདོད་མེད་དེ། གཞུང་ཞབས་ཟུར་བ་འགའ་དང་བོད་ནས་སླེབས་པ་འགའི་ངོ་མ་ལྡོག་པར་ལངས་ཀི་ཡོད། ཡིན་ནའང་། འོས་བསྡུའི་འགྲན་རྩོད་ནང་ཞུགས་རྒྱུ་མིན་ཞེས་པ་དེ། དམངས་ཁྲོད་བཤད་ཚུལ་ལྟར་ན་། “མགོ་མ་གཡུག་པར་ལྷ་འབབ་འདོད་པ་” རེད་དེ། སྐུ་ཞབས་ཆུང་ཚེ་ཡིས་སྐད་གསེང་མཐོན་པོས་ “༄།། དགེའོ།། ་་་་་་་་ ཁྲིམས་དང་སྒྲིག་གཞི་ལ་ནང་བྱན་ཆུད་ཅིང་ལག་ལེན་བསྟར་སྟངས་འདི་འདྲ་རེད།” ཅེས་འུད་བརྒྱབ་ཡོད། སྐད་ཆ་འདིར་ཁྲིམས་དང་སྒྲིག་གཞིར་བྱང་ཆུབ་པའི་རྟགས་ཤིག་ག་བར་འདུག འདི་བོད་ཀྱི་ཁྲིམས་སྒྲིག་གང་ལག་ལེན་བསྟར་སྟངས་རེད། སྐུ་ཞབས་ཆུང་ཚེ་ཡིས་བྱེ་བྲག་བབས་ནས་འདི་ལ་དྲིས་ལན་ཚད་ལྡན་ཞིག་རྙེད་ན། ཐེ་ཚོམ་དང་ནེམ་ནུར་ཅི་ཡང་མེད་པར་ཁོ་བོས་སྟོང་གདགས་པར་བྱའོ། །
མདོར་ན། འབྲོང་ཆུང་གི་རྒྱབ་སྐྱོར་བ་ཚོའི་བྱེད་སྟངས་ལས། སྐབས་སྔ་མའི་སྤེན་སེང་གི་རྒྱབ་སྐྱོར་བ་ཚོའི་འུར་ཤོམ་དང་འུར་ཞོག་ལ་འགྲན་འཛུགས་ཀྱིན་འདུག་ལ། དམིགས་འབེན་ལས། བཙན་བྱོལ་བོད་མིའི་མང་གཙོ་གོམ་པ་ཁ་ཤས་ཀྱིས་ཕྱི་སྣུར་བྱེད་འདོད་པ་འདྲ་བས། ངས་རྩོམ་འདི་བྲིས་པ་ཡིན། གཞན་དུ་”མང་ཚོགས་སྨྱོ་ནའང་ཤེས་ཡོན་པ་ཚོ་མ་སྨྱོ་རོགས། སྐུ་མཁྱེན་”ཞེས་ཞུས་པ་ཙམ་ཡིན། གཞན་དུ། སྐུ་ངོ་འབྲོང་ཆུང་ལགས་སུ་ལྷག་བསམ་མི་འདུག་ཅེས་མཁྱེན་པ་མི་བཤད་ལ། ནང་ཁྲོལ་གྱི་རྒྱུ་སྣེ་ཡོད་ཚད་ལྷག་བསམ་གྱིས་ཁེངས་ཡོད་རེད་ཅེས་ཀྱང་མཁྱེན་པ་མི་བཤད། ལྷག་བསམ་ཡོད་དང་མེད་ནི། ཕ་རོལ་བོས་བཤད་རྒྱུ་ཞིག་མ་རེད་ལ་ཤེས་པ་ཞིག་ཀྱང་མ་རེད། ང་ལ་མཚོན་ན། ཅིག་ལ་ལྷག་བསམ་ཡོད་རབས་ཀྱི་སྐད་ཆ་བཤད་པར་འཛེམ་སོན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི། ང་ལ་གཞན་སེམས་ཤེས་པའི་མངོན་ཤེས་མེད་པས་སོ། །ཤེས་ཡོན་པ་ཆུང་ཚེ་སོགས་ལ་མཁྱེན་པའང་ཡོད་ཚོད་འདུག་པས། རྩོམ་འདི་འབྲི་བའི་ཁ་བའི་སྒྲོལ་མ་དཀར་མོའང་མཁྱེན་ཐག་ཆོད་རེད་སྙམ། ཁ་བའི་སྒྲོལ་མ་དཀར་མོ་མ་མཁྱེན་པར་སྐུ་ངོ་འབྲོང་ཆུང་གི་ལྷག་བསམ་མཁྱེན་ལབ་ན་དེ་སུས་ཁས་ལེན། ཧེ་ཧེ་ཧེ།
སྐུ་ཞབས་ཆུང་ལགས་སུ་ཀུ་རེ་དང་འབྲེལ་ཏེ། གནས་ལུགས་ཤིག་ར་སྤྲད་ཡོད། བགྲོ་གླེང་བྱེད་འདོད་ན་མུ་མཐུད་ནས་གླེང་ཡང་ཆོག མི་གཞི་ལ་དམའ་འབེབ་ཀྱི་ཚིག་འབྲུ་གཅིག་ཀྱང་མེད། མ་འོངས་པར་ཡང་དེ་ལྟར་གནད་དོན་དངོས་ལས་གཞན་གླེང་འདོད་མེད། ང་ལ་མཚོན་ན། རང་ཉིད་ཀྱི་འོས་མིར་འོས་ཐོབ་པ་ལས་ཀྱང་སྤྱི་ཚོགས་ལ་ཕྱོགས་སུ་མ་ལྷུང་བའི་གནས་ལུགས་རེ་ར་སྤྲོད་ཐུབ་ན། ད་ལྟའི་བར་དུ་རིག་པ་སྦྱངས་པ་དང་རྩོམ་བྲིས་པའི་ཆེས་ཆེ་བའི་འགན་འཁྲི་འགྲུབ་པར་སྙམ་གྱིན་ཡོད།
༢༠༢༠ ། ༠༩ ། ༡༡ ། ཉིན།
༡༽ “ལྷག་བསམ་ཡོད་དང་མེད་ནི། ཕ་རོལ་བོས་བཤད་རྒྱུ་ཞིག་མ་རེད་ལ་ཤེས་པ་ཞིག་ཀྱང་མ་རེད། ང་ལ་མཚོན་ན། ཅིག་ལ་ལྷག་བསམ་ཡོད་རབས་ཀྱི་སྐད་ཆ་བཤད་པར་འཛེམ་སོན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི། ང་ལ་གཞན་སེམས་ཤེས་པའི་མངོན་ཤེས་མེད་པས་སོ།”
དེ་ལྟར་ན་ང་ཚོས་མི་སུ་ལ་ཡང་ལྷག་བསམ་ཡོད་མེད་བཤད་མི་འོས་པར་མ་ཟད་ནམ་ཡང་བཤད་མི་ཐུབ་པ་ཞིག་མིན་ནམ། མི་ཞིག་གི་སྐབས་དོན་སྐད་ཆ་གང་ཞིག་གི་དམིགས་ཡུལ་ལམ་ཀུན་སློང་ཅི་ཡིན་བཤད་དཀའ་བ་ལས། མི་ཞིག་གིས་ལོ་མང་རིང་བྱ་བ་བསྒྲུབས་པ་དང་ཡུན་རིང་འགྲོགས་འདྲིས་ལ་བརྟེན་ནས་དེར་ལྷག་བསམ་ཡོད་མེད་ཚོད་དཔག་བྱེད་ལོས་ཐུབ། དེ་མི་ཐུབ་ན་མི་དེ་བླུན་པོ་ཁ་ནག་ཅིག་ཡིན་ངེས། ཧ་ཧ་ཧ་་་ ཡང་གཅིག་བཤད་ན་་མི་རབས་དང་མི་བཟང་པོ། མི་དྲང་མོ་ཟེར་བ་སོགས་ཀྱང་བཤད་དཀའ་སྟེ་དེ་དག་གི་སེམས་མི་ཤེས་པས་སོ། དེ་ཕྱིའི་བྱ་སྤྱོད་ནས་དཔོག་ཐུབ་ཟེར་ན་ལྷག་བསམ་ཅན་དང་སྙིང་རྗེ་ཅན་སོགས་ཀྱང་གཅིག་མཚུངས་མིན་ནམ།
༢༽ “འཛམ་གླིང་ས་ཕྱོགས་གང་སའི་བོད་མི་རྣམ་པས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་སྲིད་སྐྱོང་ལ་འཁོད་རྒྱུར་རྒྱབ་་སྐྱོར་ཞུ།” ཞེས་འུར་ཆེན་པོ་བརྒྱབ་ཡོད།” ཟེར་ནས་སྐྱོན་བགྲངས་འདུག
རང་གིས་གདེང་འཇོག་དང་ཡིད་ཆེས་བྱེད་སའི་སྲིད་སྐྱོང་གི་འོས་གཞི་གང་ཞིག་ལ་བོད་མི་ཚང་མས་འོས་འཕེན་རོགས་ཞེས་རེ་བ་སུས་ཀྱང་འདོན་ཆོག དེ་འདྲའི་རེ་བ་ཡང་རྒྱབ་སྐྱོར་བ་མང་ཆེ་བ་ལ་ལོས་ཡོད། ཡོད་པ་དེ་བསྒྲགས་པ་ལ་མ་འོས་པ་གང་ཡང་མི་འདུག་སྙམ། “འུར་ཆེན་པོ་བརྒྱབ་ཡོད”ཟེར་བ་ལས་འརེ་བ་ཆེན་པོ་ཞིག་བཏོན་འདུག་ཟེར་ན་འོས།
༣༽” ཤེས་ཡོན་པ་ཞིག་གིས་སྲིད་སྐྱོང་གླེང་ན། འོས་མི་རེ་རེའི་བསྒྲགས་གཏམ་ལ་དཔྱད། མི་གཞི་མ་ཡིན་པའི་ལས་དོན་དང་ལས་འཆར། བསམ་བློ་དང་ཤེས་ཡོན། འདས་པ་དང་ད་ལྟ། མ་འོངས་པ་བཅས་ཀྱི་དམིགས་རྒྱང་ལ་དཔྱད་ནས། བསྡུར་ནས་མི་མང་ལ་གོ་རྟོགས་ཀྱི་མར་མེ་སྒྲོན་དགོས་པ་ལས། མིག་གཅིག་ཉིན་མཚན་གཉིས་ལ་བཙུམ། མིག་གཅིག་ཉིན་མཚན་གཉིས་ལ་གདེང་ནས་འཇིག་རྟེན་ལ་སྡོམ་རྒྱག་པ་བསམ་ཚུལ་བཤད་པ། སྐུལ་སློང་བྱེད་པ་བཅས་ནི། ཤེས་ཡོན་པའི་ཐབས་སྐྱོའི་ལས་ཀ་ཞིག་རེད།” ཟེར།
མིག་གཅིག་བཙུམ་ནས་མིག་གཅིག་གདེང་༼གདངས་༽འདིའི་དོན་གཡག་ཞ་རས་རྩྭ་ཟ་སྟངས་དང་འདྲ་བ་མིན་ནམ།
བདེན་པ་རེད། དེ་སྔོན་འབུམ་རམས་པའི་མཚན་སྙན་གྱི་དར་ཆ་ཕྱར་ནས་གཏམ་བཤད་ཡ་མཚར་བྱེད་དོ་ཞེས་འདྲོགས་ལངས་ཏེ་ཤེས་ཡོན་པ་ཡིན་ཟེར་བ་མང་པོ་ཞིག་གིས་ངོ་མ་འུར་བརྒྱབ་མྱོང། རིམ་བཞིན་དུ་དེ་དག་ཅི་ཡང་སྨྲ་བ་མེད་པར་གྱུར་ཡོད། དོན་ངོ་མ་ངོ་ཚ་ཡོད། ད་ལྟ་ད་དུང་གཏམ་བཤད་སུ་མཚར་གྱི་རྗེས་སུ་རྒྱུགས་ན་འདོད་དམ། གཏམ་བཤད་མཚར་བོ་བྱེད་མཁན་ཞིག་དགོས་ན་ཀླུ་མཁར་བྱམས་ཡག་ཤོས་མིན་ནམ། ཧ་ཧ་ཧ་་་་
ཡང་གཅིག་བཤད་ན་སྐུལ་སློང་བྱས་པ་གང་ཞིག་བཟང་སྤྱོད་དང་སྒྲིག་གཞི་གང་དག་ལ་འགལ་ཡོད་ན་མི་འོས་ལ། ལྷག་པར་དུ་ངན་སྐུལ་རིགས་ལ་ཐེར་འདོན་བྱེད་དགོས་པ་ལས་དེ་མིན་གྱི་སྐུལ་སློང་རིགས་ནི་སྤྱི་ཚོགས་ལ་དགོས་ངེས་པ་ཞིག་གོ
༤༽ “དང་པོ་ཁོ་རང་གི་རྩོམ་རྙིང་ཞིག་དྲུད་ཡོང་ནས་འབྲོང་ཆུང་འུར་མགོ་བཙུགས་སོང་། འུར་སྟངས་སྙིང་རྗེ་བ་ལ་ཚད་ཅིག་མི་འདུག ཡིན་ནའང་། ན་ཟུག་ཅིག་ཆུང་ཚེ་ལགས་ཀྱིས་དེ་དུས་ནས་སྦྲུམ་ཡོད་པ་འདྲ། ཡ་མཚན་པ་ཞིག་རེད། ཤེས་ཡོན་པ་ཞིག་གི་རང་ཚུགས་ཡོད་ཚད་འཆོལ་ནས། འུར་དང་། རྫུན་ཡང་འདྲེས་པའི་ལབ་དང་། བསྒྲགས་གསུམ་གྱིས་མང་ཚོགས་ལ་བསླུ་བྲིད་གཏོང་མགོ་བཙུགས་སོང་།” ཟེར།
ཅི་འདྲའི་རྣམ་རྟོག་ཚ་བ་ལ། སྔར་ནས་ཤིན་ཏུ་བཟང་པོར་མཐོང་ནས་གདེང་འཇོག་གི་རྩོམ་ཡིག་སྤེལ་མཁན་ཞིག་གིས་ད་ལྟ་མི་དེ་སྲིད་སྐྱོང་གི་འོས་གཞིར་བཞེངས་ན་ལེགས་ཚུལ་གྱི་མི་མང་གི་བསམ་ཚུལ་བཞིན་དེ་ལ་གོ་སྐབས་བཟུང་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཕྱི་གསལ་ནང་གསལ་གྱིས་བསྟན་པ་དེ་ཅིས་མི་ལེགས།
“མང་ཚོགས་བསླུ་བྲིད་གཏོང་མགོ་བཙུགས་སོང་” དེང་སང་བདེན་པ་བཤད་ན་ཡིད་ཆེས་དཀའ་བའི་སྐབས་ཤིག་ལ་ཆུང་ཚེས་རྫུན་བཤད་ནས་མང་ཚོགས་བསླུ་ཐུབ་བམ། མ་གཞི་ནས་བསླུ་བྲིད་ཇི་ལྟར་བྱས་ཚུལ་གསལ་བོ་ཞིག་བཤད་རྒྱུ་ཡོད་དམ། མི་ལ་སྙོན་འཛུགས་བྱས་ན་མི་བཟང་། ཕྲག་དོག་བྱེད་པ་མིན་ནམ། ཧ་ཧ་ཧ་་་
ད་དུང་ཡོད། ཁོམ་དུས་ཅུང་རེ་འབྲི།
སྲིད་སྤྱིའི་འོས་བསྡུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་ཁུར་ནས་སྲིད་སྤྱི་གཉིས་འདེམས་དགོས་པ་ལས་མང་གཙོ་དགོས་སམ་ལྷིང་འཇགས་དགོས་ཟེར་བའི་གོ་དོན་ཇི་ཡིན་གསལ་པོ་ཤེས་མ་སོང།
དམངས་གཙོ་དགོས་སམ་ལྷིང་འཇགས་དགོས། གསུངས་ན་གཉིས་ཀ་དགོས། གང་གི་ན། དམངས་གཙོའི་ལམ་ནས་སྤྱི་མོས་སམ་མང་མོས་བྱུང་བའི་ད་སྐབས་གླེང་པའི་གཞི་སྲིད་སྐྱོང་དེའི་རྒྱབ་ཏུ་ལྷིང་འཇགས། ང་རང་ཚོར་མཚོན་ན་ཆོལ་གསུམ་ཆིག་སྒྲིལ་གྱི་ལྷིང་འཇགས་ཀྱི་རེ་རྩ་དེ་ཡོད་ན་སྔ་མོའི་དཔེ་ལྟར་ནང་བཀྲིས་ན་ཕྱི་དོན་བསྒྲུབ་ཟེར་བ་ཡོང་རེ་ཆེ། ནང་ལྷིང་འཇགས་མེད་ན་ཕྱི་དོན་བསྒྲུབ་རྒྱུ་ཡོད་པའི་ལོ་རྒྱུས་ཤིག་ཡོད་ན་གསུངས་རོགས། དེ་ན་སྲིད་སྐྱོང་གི་ཆ་རྐྱེན་དང་པོ་ཆོལ་གསུམ་བོད་མི། བྱུང་ན་སྤྱི་དང་དམའ་མཐར་ཡང་མང་མོས་ཡོད་པ་ཞིག་ལ་འོས་ད་བར་བསླུགས་ཡོད་ལ་ད་དུང་ཡང་ཚང་མས་དགོངས་པ་བཞེས་དགོས་ངེས།
ཆུང་ཚེ་ལགས་སུ། འུར་དང་། རྫུན་ཡང་འདྲེས་པའི་ལབ་དང་། བསྒྲགས་གསུམ་གྱིས་མང་ཚོགས་ལ་བསླུ་བྲིད་གཏོང་མགོ་བཙུགས་སོང་། འདི་ག་རེ་ཡིན་ནམ། ཞེས་ཁྱེད་ནས་གསུངས་རབས་སུ་ཞིབ་ན་མི་མང་དུ་རྒྱུ་མེད་ཀྱི་རྣམ་རྟོགས་ཤིག་བརླངས་ཐབས་གཙོ་བོ་མིན་ནམ་བསམ། དེ་མིན་རྒྱབ་བདེན་ནམ་འགྲེལ་བཤད་དགོས་སྙམ།
ཁྱེད་ནས་འོས་མིས་བསྒྲགས་གཏམ་ལ་དཔྱད། མི་གཞི་མ་ཡིན་པ་སོགས། ཞེས་པ་བདེན་མོད། ང་རང་བསྒྲགས་གཏམ་ལ་མོས་མོད། ཞིང་པ་ལ་ཆར་བ་འབེབ་ཀྱི་ཡིན་ཞུ་ན་ངས་ངོས་ལེན།་གང་གི་ན། ང་རང་གི་བོད་གཞིས་ཁག་ཏུ་ཆར་འབེབ་ཞུ་བ་མཐོང་མྱོང་ལ་ཆར་པ་བབ་པ་མིག་གིས་ཟིན་ཡོད་ནའང་མེད་ན་ཆར་རྒྱབ་པ་གོ་མྱོང། དེ་བཞིན་ལས་དོན་དང་ལས་འཆར། བསམ་བློ་དང་ཤེས་ཡོན། འདས་པ་དང་ད་ལྟ། མ་འོངས་པ་བཅས་ཀྱི་དམིགས་རྒྱང་ལ་དཔྱད་ནས་བསྡུར་གསུངས་པའང་ངོས་ལེན། ཡིན་ཀྱང་མི་གཞིོ་མ་ཡིན་པ་གསུངས་དུས་མི་གཞི་དེ་གང་གིས་རྩ་ཆེ་མི་ཟིན། ངས་བྱས་ན་ཁྱེད་ལ་མི་གཞི་ཡག་པོ་མེད་པའི་གང་ཟག་ཞིག་འོས་མིར་ཡོད་ངེས་སུ་མཆིས། དེ་ནི་དངོས་གནས་ཀྱི་བསླུ་འཁྲིད་ཀྱི་བསམ་ངན་ནམ་གཡོ་རྒྱུ། གཞན་ལས་རང་གཅེས་འཛིན། རྒྱལ་ཁབ་ལས་ལུང་ཁུངས་ཞེན་ཁོག་སོགས་ཀྱི་སྐྱོན་དྲི་ཆེ། རྩ་བ་མི་བརྟན་པའི་སྡོང་ཆེན་རིལ་གཞི། མངོན་འགོག་མེད་པའི་གཉན་རིམས་སམ་རྟོག་དབྱིབས་ནད་གྲོལ་རེ་འདོད་ལྟ་བུ་མི་མཚུངས་སམ། དེང་སང་རྟ་གཅིག་འོང་ན་རྟ་བརྒས་ནས་འོང་ཟེར་ན་ངས་ངོས་ལེན་ཐབས་མེད་།
ང་ལ་དྲི་བ་ཞིག་ཡོད། མགོ་དབུ་ཁྲིད་ནས་ཞེས་པའི་ཁྱེད་ཀྱི་དབུ་ཁྲིད་ཀྱི་ཚད་དེ་གང་དུ་འཇོག་གམ།
མང་པོ་ཞུ་རྒྱུ་འདུག་མདོ་དོན་དེ་ ༢༠༢༡ གི་སྲིད་སྐྱོང་འོས་བསྡུ་དེ་རེད། ཆོལ་གསུམ་མི་དམངས་ཀྱི་སྤྱི་མོས་དཀའ་ཡང་མང་འོས་ཡོད་པ་ཞིག་ལོས་འོང་ལ་ཡོད་དགོས་པ་མ་ཟད་བྱུང་ཡང་ཡོད། དེར་བརྟེན་ཚང་མས་བློ་བསྒྲིམས་ཤོག
ངའི་འོས་མི་ནི་རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་ལགས་གང་རུང་ཡིན། འོས་ཤོས་ཀྱང་ཡིན་འདུག་གོ
ལགས་རེད། ཚང་མས་བསམ་ཚུལ་ཡག་པོ་འདུག སྤྱི་སེམས་ཅན་གྱི་རྩོམ་དང་མཆན་དུ་མཐོང་ཡང་། ངའི་འོས་ཤོག་དེ། མི་རྗེ་སྲིད་སྐྱོང་རྗེས་མ་དེ། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་འབུལ་བགྱི་ཡིན།
གང་ཡིན་ཟེར་ན། བོད་མིའི་ལས་བྱེད་ནང་ཁུལ་ཁྲག་དོག་གིས་ཁོང་ཐང་མ་མང་པོར་མྱང་སོང་། ད་ལྟ་བཙན་བྱོལ་བོད་མིར་ངོ་ཚ་ཁྲེལ་གཞུང་དང་། ཁྲིམས་དང་སྒྲིག་ལམ་ཞིག་ཡོད་ན་ཁོང་ཐོབ་དགོས།
རྒྱ་རི་སྒྲོལ་སེམས་ཤུགས་ཆེ་ཡང་། ངུ་སྐད་མང་དྲགས་བགྱིད། འབྲོང་ཆུང་དངོས་གྲུབ་ལགསལ་དགའ་མཁན་མང་མདོག་མདོག་འདུག་ཀྱང་། གསུང་སྐད་དེ་འགག་ནས་གསལ་པོ་གོ་ཐུབ་བགྱིད་མི་འདུག་པས་་་་་་་་་་་་་་་
རྩོམ་ཡིག་འབྲི་སྟངས་དེ་འདྲ་ཉམས་མཚར་པོ། དགོད་རྒྱུ་ཡོད་པ། ནང་དོན་ཡོད་པ། ཧ་ལས་པ་རེད་འདུག
སྲིད་སྐྱོང་གླེང་ན། འོས་མི་རེ་རེའི་བསྒྲགས་གཏམ་ལ་དཔྱད། མི་གཞི་མ་ཡིན་པའི་ལས་དོན་དང་ལས་འཆར། བསམ་བློ་དང་ཤེས་ཡོན། འདས་པ་དང་ད་ལྟ། མ་འོངས་པ་བཅས་ཀྱི་དམིགས་རྒྱང་ལ་དཔྱད་ནས། བསྡུར་ནས་མི་མང་ལ་གོ་རྟོགས་ཀྱི་མར་མེ་སྒྲོན་དགོས་པ་ལས། མིག་གཅིག་ཉིན་མཚན་གཉིས་ལ་བཙུམ། མིག་གཅིག་ཉིན་མཚན་གཉིས་ལ་གདེང་ནས་འཇིག་རྟེན་ལ་སྡོམ་རྒྱག་པ་བསམ་ཚུལ་བཤད་པ། སྐུལ་སློང་བྱེད་པ་བཅས་ནི། ཤེས་ཡོན་པའི་ཐབས་སྐྱོའི་ལས་ཀ་ཞིག་རེད། ཅེས་པ་ཤིན་ཏུ་ལེགས། མངོན་པར་བསྟོད།
ཐེངས་འདིའི་འོས་བསྡུ་ལས་རིམ་འགོ་ཚུགས་ལ་མ་ཚུགས་གོང་ནས་ཆུང་ཚེ་རིང་དང་། བྱམས་པ་ཆོས་འཕེལ། ཤར་ཕྱུགས་ཁུ་རྟ། སེར་བྱེས་མ་བྱན་མཁྱེན་རབས་མཐར་ཕྱིན་སོགས་ཀྱི་ཁོག་པར་འབྱུང་བོ་གདོན་འདྲེ་ཞུགས་པ་ལྟ་བུའི་འཁྲབ་སྟོན་བྱེད་འགོ་ཚུགས་སོང་།
གོང་ན་ལ་ལས་རྩོམ་བྱང་ལ་དོགས་སློང་བྱས་འདུག བདེན་གི ལྷིང་འཇགས་དགོས་ན་མང་གཙོ་མི་ཡོང་བ་དང་མང་གཙོ་དགོས་ན་ལྷིང་འཇགས་མི་ཡོང་བ་འདྲ་བོ་ཞིག་གོ་དགོས་ཀི དེ་ནི་དེ་སྔོན་ལ་ལས་ཁྱོད་ལ་མི་གཅིག་དགོས་སམ་མང་གཙོ་དགོས་ཞེས་དྲིས་པ་དང་འདྲ་སེ་འདུག་ག ཧ་ཧ་ཧ་་་
ང་ཚོ་ལ་མི་གཅིག་དེ་མཁོ་ལ་མང་གཙོ་ཡང་དགོས། དེ་གཅིག་འདོར་དགོས་དོན་གང་ཡང་མེད། དེ་བཞིན་དུ་ང་ཚོར་མང་གཙོ་དགོས་ལ་ལྷིང་འཇགས་ཀྱང་མཁོ།
འོས་བསྡུའི་སྐབས་སུ་འོས་སུ་ཐོབ་ལ་འགྲན་སྡུར་རང་བཞིན་གྱི་གསལ་བསྒྲགས་སྤེལ་སྟངས་འདི་དེང་སང་གི་མང་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་ཤིག་མ་རེད་དམ། འོས་གཞི་གང་ཞིག་ལ་གཞི་མེད་སྐྱོན་འཛུགས་བྱེད་པ་དང་གཞི་མེད་འུར་བསྟོད་བྱས་ན་ཡང་མི་འོས། མི་བཟང། ཡིན་ཡང་ངས་བལྟས་ན་ད་ལྟ་དྲྭ་ལམ་གྱི་དུས་རབས་ཡིན་པས་མི་རེ་རེས་རང་རང་གི་མོས་འདུན་སྟོན་ཐུབ་ལ་དེ་མང་པོ་ཞིག་གིས་མཐོང་ཡང་ཐུབ། ཉུང་ཤས་ཤིག་མ་གཏོགས་གཞི་མེད་སྒྲོ་སྐུར་བྱེད་མཁན་མི་འདུག སྒྲིག་གཞི་དང་འགལ་བའི་ཁྱབ་བསྒྲགས་ཚད་བརྒལ་བྱེད་པ་ཡང་མཐོང་མ་བྱུང། ལྷག་པར་དུ་ཆུང་ཚེ་རིང་གི་རྩོམ་རྙིང་གསར་དུ་གླེང་བ་དང་ཤེས་ཡོན་པ་འགའ་རེས་དྲ་ལམ་ལ་དཔྱད་བརྗོད་སྤེལ་བཞིན་པ་འདི་ཤེས་ཡོན་པས་འོས་འགན་འཁུར་སྟངས་ཤིག་རེད་སྙམ། གལ་ཏེ་དེས་བྲིས་པ་ནོར་བ་དང་མི་འཐད་ན་དེ་ལ་དགག་རྩོམ་འབྲི་འོས། ཡིན་ཡང་གོང་གི་འདི་ནི་མི་སྒེར་བ་ལ་མ་དགའ་བའི་སྐྱོན་བརྗོད་ཙམ་ལས་ཅང་མ་རེད། ལྷག་པར་དུ་མིང་ངོ་མ་ཡང་འབྲི་ཐུབ་མེད་ཀི འདི་ནི་ཅི་ཞིག་གི་གནོངས་ཡིན་ནམ།
མང་གཙོ་མ་རེད། མངས་གཙོ་རེད། སྔར་གྱི་ལམ་ལུགས་མ་ཤེས་ན། མང་གཙོ་དང་། དམངས་གཙོ་གཉིས་ལ་ཁྱད་ཅང་འདུག་གམ། བཞད་གད་ཡིན་ཏ།