རྩོམ་པ་པོས་བསྐུར་བ་ལྟར་བཀོད་ཡིན་
རེབ་གོང་ནས་ནང་ཁུལ་ལ་གཞུང་འབྲེལ་ལྗོངས་རྒྱུར་ཕེབས་པའི་དགེ་སློང་ཞིག་དང་ཁ་བརྡ་བྱས་འཕྲལ་བྲིས་་་་་་
བོད་ནས་ལྷམ་ཀོག་གིས་་་
རྒྱལ་ཁབ་དྲིན་ཆེན་པོས
བསྟན་པ་དང་མི་རིགས་འཆམ་མཐུན་གྱི་ཕྱིར་དུ
ཉ་འདྲ་བའི་རླངས་འཁོར་ལས་བསྐྱལ་ཅིང
ནང་ལོག་གི་ཡུལ་གྲུ་ཁ་ཤོས་ལ་གདན་འདྲེན་བྱས་པ་དེ་དྲན་ན
ངའི་ཤ་དང་རུས་པའི་གསེབ་ན་མྱུག་མྱུག་ཏུ་འགྲོ་བའི་རྣམ་ཤེས་འདི
རྒྱལ་ས་པེ་ཅན་དུ་ཡོད་ན་ཅི་མ་རུང
སྟོན་པའི་ན་བཟའ་ནི་དར་ཆ་དམར་པོ་ཞིག་ཡིན་ན་ཅི་མ་རུང
ཆོས་གོས་སྟེང་གི་གྲྭ་རྟགས་འདི་སྐར་མ་ཟུར་ལྔ་ཞིག་ཡིན་ན་ཅི་མ་རུང
རྨད་དུ་བྱུང་བའི་དུས་ཚིགས་འདི་ལ
ངས་ཅི་ཡང་བརྗེད་ཆོག ངས་གང་ཡང་བསྐྱུར་ཆོག
མ་གཞི་ནས་ཏང་དང་མི་རིགས་ཀྱི་ཆོས་ལུགས་འདི་བདུད་རྩི་ལས་ཤིན་ཏུ་ཞིམ
དུས་རབས་དང་མཐུན་པའི་ཆོ་ག་ནི
རྒྱལ་ཁབ་འདིའི་རྩ་ཁྲིམས་རེད
དེའི་ཕྱིར་ང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་སློང་ཞིག་བྱེད་འདོད
༄༅། །དྲན་ཤེས་བག་ཡོད་མཛོད། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཁམས་གསུམ་འཁོར་བ་མ་རིག་མུན་ནག་གིས་སྒྲིབ་པས། །
མཆོག་གསུམ་ཀུན་འདུས་རིག་པའི་ཡེ་ཤེས་དེ་མ་མཇལ། །
དུག་གསུམ་གཞན་དབང་ཤོར་བའི་རྒྱལ་ཁམས་འདི་མཐོང་ཚེ། །
སྐུ་གསུམ་ཞིང་ཁམས་སྦྱང་བའི་སྙིང་གཏམ་འདི་ཤོར་ཐལ། །
རྣམ་གྲོལ་བྱང་ཆུབ་མཆོག་བརྙེས་བདག་ཅག་གི་སྟོན་པ། །
ཐུགས་རྗེ་གདུལ་བྱ་འཛིན་པའི་སྐལ་བཟང་དུ་ཤར་ཡང་། །
ལས་ངན་རླུང་གིས་བསྐྱོད་པའི་ཀླ་ཀློ་དག་མཐོང་ཚེ། །
ཀུན་མཁྱེན་རྒྱལ་བ་རྒྱ་མཚོར་སྙིང་དབུས་ནས་འདུད་དོ། །
བྱིན་རླབས་ཐུགས་རྗེའི་ཀློང་ནས་དངོས་གྲུབ་ཅིག་གནང་ནས། །
ཟག་མེད་འོད་སྐུར་སྨིན་པའི་འབྲས་དཀར་ཅིག་ཐོབ་པས། །
མྱང་འདས་རིན་ཆེན་གླིང་གི་སྨིན་གྲོལ་དེ་ཐོབ་ཏེ། །
ལས་ཉོན་བགས་ཆགས་གཞི་མེད་རྩ་བྲལ་དུ་མཛོད་ཅིག །
རྙེད་དཀའི་དལ་འབྱོར་རྟེན་གྱི་སྙིང་པོ་ལ་སོམས་དང་། །
མཇལ་དཀའི་རྒྱལ་བསྟན་དྲི་མེད་རིན་ཆེན་དང་འཕྲད་པས། །
བདེ་ལེགས་འདོད་པའི་སྐྱེ་བོ་དོན་གཉེར་གྱི་ཚོགས་ལ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
མི་རྟག་སྒྱུ་མའི་དུས་འགྱུར་ལས་རླུང་གི་ཁྲོད་དུ། །
སྐྱེ་རྒ་ན་འཆིའི་སྡུག་བསྔལ་བར་མེད་ཀྱི་ངང་ལ། །
དོན་ཆེན་མི་ཚེ་ཟད་པའི་སྣང་ཚུལ་འདི་མཐོང་ཚེ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཀྱེ་མ་འགྲོ་དྲུག་སོ་སོའི་བཟང་ངན་གྱི་ལས་དབང་། །
སྐྱིད་སྡུག་འཁོར་བའི་ཚོར་བ་སྣ་ཚོགས་ཀྱི་སྣང་བ། །
བསླུ་མེད་དགེ་སྡིག་རྒྱུ་འབྲས་རྣམ་སྨིན་ལ་བསམ་ཚེ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཐར་ལམ་བྱང་ཆུབ་སྒྲུབ་པའི་དེད་དཔོན་གྱི་སྤྲུལ་སྐུ། །
དམ་ཆོས་ཚུལ་བཞིན་མཛད་པའི་བཤེས་གཉེན་གྱི་བླ་མ། །
མཁས་བཙུན་གྲུབ་པའི་དབང་ཕྱུག་དམ་པ་རྣམས་མཇལ་ཚེ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཕན་བདེ་འདི་ཕྱིའི་སྐྱབས་གནས་ཡིད་བཞིན་གྱི་ནོར་བུ། །
གཏན་བདེ་ཐར་བ་སྒྲུབ་པའི་མཆོག་གསུམ་གྱི་ངོ་བོར། །
དཀོན་མཆོག་མི་ཕྱེད་དད་པའི་སྐྱབས་འགྲོ་ལ་འབད་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཐོག་མེད་འཁོར་བ་འཁྱམས་པའི་མ་གྱུར་གྱི་འགྲོ་ལ། །
མ་ཤེས་དྲིན་དྲན་དྲིན་ལན་བཟོ་འདོད་ཀྱི་བྱམས་བརྩེ། །
ལྷག་བསམ་རྣམ་དག་རང་འབྲས་བླ་མེད་ལ་དམིགས་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཡེ་ནས་རྣམ་དག་རང་རྒྱུད་བདེ་གཤེགས་ཀྱི་སྙིང་པོ། །
གློ་བུར་སྒྲིབ་གཉིས་དྲི་མ་ཀུན་རྟོག་རྣམས་བསལ་ཕྱིར། །
སྣང་གྲགས་རིག་གསུམ་བསྐྱེད་རྫོགས་དབྱེར་མེད་ན་བརྩོན་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
སྒོ་གསུམ་ལོངས་སྤྱོད་ཞེན་མེད་མཆོག་གསུམ་ལ་འབུལ་ནས། །
དཔལ་ལྡན་དགོས་འདོད་ཀུན་འབྱུང་ཚོགས་གཉིས་ཀྱི་བསགས་པ། །
དཀོན་མཆོག་བཞི་བ་མཆོད་པའི་དམ་རྫས་སུ་སོང་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་བླ་མ་ཡི་རྣལ་འབྱོར། །
རིག་འཛིན་པདྨ་རྒྱལ་པོའི་གསང་གསུམ་གྱི་སྒྲུབ་པ། །
ཁྱེར་སོ་རྣམ་གསུམ་དབྱེར་མེད་རྩེ་གཅིག་ཏུ་འབད་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཁྱད་པར་སྙིགས་དུས་འདུལ་བའི་གཉེན་གཅིག་གི་ཐེག་རྩེ། །
ཡང་ཟབ་རྫོགས་ཆེན་ཆོས་བཟང་ཚེ་གཅིག་གི་སངས་རྒྱས། །
ཀ་ལྷུན་ཟུང་འཇུག་ངང་དུ་རང་ཚུགས་གཅིག་ཟིན་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
འདིར་སྨྲས་དགེ་བས་བདག་གཞན་མ་གྱུར་གྱི་སེམས་ཅན། །
གསང་གསུམ་དམ་ཆོས་གནས་ལ་ངོམས་མེད་དུ་སྤྱོད་ནས། །
མཐོ་རིས་ཐེམ་སྐས་མིག་འཕྲུལ་ཟློས་གར་བཞིན་བགྲོད་དེ། །
རང་ཞལ་ཆོས་སྐུའི་དབྱིངས་སུ་སངས་རྒྱས་སུ་སྨོན་ནོ། །
ཞེས་པ་འདི་ནི་༢༠༠༩ ༡༡ ༡༦ ཉིན་དབྱིན་ཡུལ་བུདྡྷ་ཛྙྰ་ནའི་ཡང་དབེན་དུ་
མཁན་པོ་འོད་གསལ་མཐའ་ཡས་ཀྱིས་བསྐུལ་བ་བཞིན་ཅི་དྲན་པ་རྣམས་ཤྲྰི་སྨྱོན་པས་
ཐོལ་བྱུང་དུ་བྲིས་པ་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།
ཨ་ཁུ་ཀླུ་སྨྱོན་ལགས།
པར་གསར་པོ་མི་འདུག་པས། གསལ་པོ་ཞིག་འཇོག་རོགས་གནོངས། གལ་ཏེ་ངོ་ཤེས་མཁན་འདྲ་ཡོད་ན་དོན་དག་དེ་ཚོ་གསལ་པོ་ཞིག་འདྲི་འདོད་བྱུང༌།