མཚམས་སྦྱོར་བ། སོག་ཚང་ཤེས་རབ།
(འོག་གི་རྩོམ་ཡིག་འདི་བོད་ནང་གི་བོད་མི་ཚོས་ལྟ་ཀློག་བྱེད་དགོས་པ་ཞིག་ཏུ་མཐོང་བས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གི་སྒེར་གྱི་ཟིན་བྲིས་ལས་བཤུས་ཏེ་བསྐུར་བ་ཡིན།)
ཁ་ཉིན་ཚེས་༡༣ ཉིན་ནི་གཟའ་སྤེན་པ་གཉིས་པའི་གུང་གསེང་རེད། ནང་ནས་དེབ་རེ་བཀླགས་ནས་བསྡད་པ་ཡིན། ཉིན་རྒྱབ་བརྙན་འཕྲིན་སྒོ་ཕྱེས་སྐབས་BBC སྟེང་རྒྱ་ནག་ནན་ཅིན་དོན་རྐྱེན་སྐོར་འཁྱུག་ཙམ་བསྟན་སོང་། དམིགས་བསལ་དོ་སྣང་བྱུང་མ་སོང་། ཕྱི་དྲོར་བཟའ་ཉོག་ཚོ་དང་དགོང་ཟས་བཟའ་ཞོར་དུ་བརྙན་འཕྲིན་སྔོག་སྐབས། རྒྱ་ནག་གི་བརྙན་འཕྲིན་ཚན་པ་ཚང་མས་ཅིག་ཅར་དུ་“ནན་ཅིན་དམར་གསོད་ཆེན་མོ”ཞེས་པ་དོ་དོ་ཏན་ཏན་དང་གོ་རིམ་ལྡན་པའི་ཐོག་ནས་གཏོང་གི་འདུག དེས་ང་ལ་བསམ་གཞིག་ཅིག་བསླངས་སོང་ལ། ཉེ་བའི་ལོ་འགའི་རིང་གི་ཉི་ཧོང་དང་རྒྱ་ནག་གིས་རྣམ་འགྱུར་སྟོན་རེས་བྱེད་སྟངས་དེ་དགོད་བྲོ་བོ་ཞིག་ཏུའང་མཐོང་སོང་།
དེའི་ཕྱི་ཉིན་གཟའ་ཉི་མ་རེད། ཞོགས་པ་ལས་ཀ་ཞིག་གི་ཆེད་དུ་གློག་ཀླད་སྒོ་ཕྱེ་སྐབས། རྒྱལ་སྤྱིའི་གསར་ལམ་ཆེ་ཁག་རེ་ཟུང་གིས་ཀྱང་ནན་ཅིན་འདས་མཆོད་དེ་སྤེལ་འདུག བསམ་ཚུལ་བཤད་མཁན་འགའ་རེས། རྒྱ་ནག་གིས་ག་དུས་ཡིན་ཡང་ཕྱི་དགྲ་ཞིག་གླགས་འཁེལ་གྱི་མེད་དུས་ལམ་སང་དེ་ལ་ཉེས་འཛུགས་སྣ་ཚོགས་བྱས་ཏེ་མང་ཚོགས་སྐུལ་སློང་བྱེད་ཀི་རེད། སྔོན་ཆད་༡༩༢༨ ཡས་མས་ལ་རྒྱ་ནག་ཧྲང་ཧེ་དང་ནན་ཅིན་སོགས་སུ་ཉི་ཧོང་དང་དབྱིན་ཇི། ཨ་རི་སོགས་དང་རྙོག་གྲ་བྱུང་སྐབས་ཀྱང་མང་ཚོགས་དང་སློབ་ཕྲུག་སྐུལ་སློང་བྱས་ཏེ་མང་ཚོགས་ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད།
ཉེ་ལམ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཐོག་ཉི་ཧོང་དང་རྩོད་ཉོག་བྱུང་སྐབས་ཀྱང་། རྒྱ་གཞུང་གིས་ལྐོག་ནས་མང་ཚོགས་ལ་ངན་སྐུལ་བྱས་ཏེ་པེ་ཅིན་སོགས་སུ་ཉི་ཧོང་གི་བཟོ་གྲྭ་དང་རླངས་འཁོར་གཏོར་བཅོམ་ཐེབས། དེ་རིང་ཡང་རྒྱ་ནག་གིས་འཛམ་གླིང་ཞི་བདེ་ཁ་ལ་འཁྱེར་ནས་རྒྱ་རིགས་མི་མང་ལ་རྒྱལ་ཞེན་བསླངས་ཏེ། རྒྱལ་སྤྱིར་གླེང་སློང་མེད་པའི་ཐོག་ནས་ཉི་ཧོང་ལ་འཁོན་ལན་སློག་གི་འཇུག་རྩིས་རེད་ཅེས་ཚིག་མཚོན་འདེབ་བཞིན་འདུག གནས་ཚུལ་དེ་དག་གིས་དེད་དེ་ངས་ནན་ཅིན་དམར་གསོད་ཆེན་མོའི་སྐོར་ལ་གསར་འགྱུར་རིང་པོ་འདི་འབྲི་དགོས་བྱུང་སོང་།
རྒྱ་ནག་གིས་ཉི་ཧོང་དང་ཨ་རིར་བཟུང་བའི་ལྟ་ཚུལ་དེ་དུས་ཡུན་ཐུང་ཐུང་ཞིག་དང་། གསར་འགྱུར་མདོ་བསྡུས་ཤིག་གིས་སྟོན་ཐུབ་པ་ཞིག་ག་ལ་ཡིན། ངས་གསར་འགྱུར་འབྲི་བཞིན་འབྲི་བཞིན། སོ་སོའི་བྱིས་དུས་ཀྱི་གནས་ཚུལ་མང་པོ་ཞིག་མདང་ནུབ་བརྙན་འཕྲིན་ནང་གི་འདས་མཆོད་ལྟར་རེ་རེ་བཞིན་དྲན་ཡོང་གི་འདུག མའོ་ཙེ་ཏུང་གིས་“ཀྲུང་གོར་མི་གྲངས་དུང་ཕྱུར་བཅུ་གཉིས་ཡོད་ལ་དམག་མིའང་དུང་ཕྱུར་བཅུ་གཉིས་ཡོད།” ཅེས་བརྗོད་པ་ལྟར། ང་ཡང་ལོ་བདུན་བརྒྱད་སྐབས་ནས་ཀྲུང་གོའི་དམག་དཔོན་ཆུང་ཆུང་ཞིག་ཡིན།
ང་གཙོ་བྱས་ཏེ་བྱིས་པ་བཙན་པོ་དག་ཀྲུང་གོའི་པཱ་ལུའུ་ཅུན་(བཅིངས་འགྲོལ་དམག八路军) ཡིན་ལ། བྱིས་པ་གཉོམ་ཆུང་དག་མེ་གོ་ཏཱེ་རིན་(ཨ་རི་དགྲ་བོ།美国敌人) དང་རི་པིན་ཀུའེ་ཙི་(འཇར་པན་འདྲེ་དམག日本鬼子 )། གོ་མིན་ཏང་ཧྥན་ཏུན་ཊྲིག་(གོ་མིན་ཏང་ལོག་སྤྱོད་པ།共民党反动着) སོགས་རེད། ངས་རི་པིན་ཀུའེ་ཙི་དང་མེ་གོ་ཏཱེ་རིན། གོ་མིན་ཏང་ཧྥན་ཏུན་ཊིག་མང་པོ་བསད་མྱོང་ཡོད་ལ། ཀྲུང་གོ་མེ་གོའི་(རྒྱ་ནག་དང་ཨ་རི།中国和美国) དམག་འཁྲུག་ལའང་ཐེངས་མང་ཞུགས་མྱོང་ཡོད།༼སྐབས་དེར་མིང་ཚིག་འདི་དག་གི་ནང་དོན་ཧ་གོ་གི་མེད་ཀྱང་བོད་སྐད་ཅིག་ཡིན་ཤག་བྱེད་ཀྱིན་ཡོད།༽
ང་དང་ངའི་རྩེད་རོགས་ཚོ་སློབ་གྲྭར་འགྲོ་མི་དགོས། སྐབས་དེར་ངའི་ཕ་ཡུལ་གྱི་ཤཱང་ཡོངས་སུ་གྲོང་སྡེ་བཞི་བཅུ་ལྷག་ཡོད་ཀྱང་སློབ་གྲྭ་གཅིག་ལས་མེད། སློབ་གྲྭ་དེ་ཤཱང་ཐོག་ཏུ་ཡོད་ལ་སློབ་ཕྲུག་མང་ཆེ་བ་རྒྱག་རིགས་ཡིན། ང་ཚོ་བྱས་པ་དག་གི་ལས་འགན་གཙོ་བོ་དེ་རི་པིན་དང་མེ་གོ་ལ་དམག་འཁྲུག་རྒྱག་རྒྱུ་དེ་རེད། དམག་འཁྲུག་དེ་དག་ཁྲོད་བྱིས་པ་གཉོམ་ཆུང་དག་གིས་མགོ་ལྕག་འགྲམ་ལྕག་མང་པོ་བཟེད་དགོས་པ་མ་ཟད། གདོང་དང་ལུས་ངག་གིས་ཧ་ཅང་ཐ་ཤལ་དང་གཉོམ་ཆུང་གི་ཉམས་སྟོན་དགོས་ལ། ཤི་ཁུལ་རྨས་ཁུལ་དང་། ས་ལ་འགྲིལ་ཁུལ་སོགས་ཀྱང་ཡང་ཡང་བྱེད་དགོས།
ང་ཆུང་ཆུང་སྐབས་ངའི་ཕ་ཡུལ་དུ་རླངས་འཁོར་ལམ་ཁ་མེད་ལ་དགུན་ཁར་གློག་ཀྱང་ཆད་འགྲོ། ལོ་རེའི་དགུན་ཁ་བསླེབས་ན་ཐེངས་གཅིག་གཉིས་རེར་ང་ཚོར་ཏཱན་ཡེན་(གློག་བརྙན་电影) ལྟ་རྒྱུ་རེག ༼དབྱར་ཁ་མི་ཚང་མར་ཁོམ་ལོང་མེད།༽དེ་ནི་ང་ཚོ་བྱིས་པ་དག་ལ་ལོ་གསར་ལས་ཀྱང་སྤྲོ་བ་ཆེ་ལ། ཀ་ར་བུ་རམ་ལས་ཀྱང་རོ་མངར་ལྡན། ངའི་ཨ་མ་ལགས་དང་ང་ཚོའི་གྲོང་པའི་བུད་མེད་རྣམས་ཆུ་ཚོད་གཉིས་གསུམ་གྱི་སར་ཏཱན་ཡེན་གྱི་འཕྲུལ་ཆས་དང་ཧྥ་ཏུན་ཅི་(གློག་འདོན་འཕྲུལ་ཆས།发动机) སོགས་འཁུར་དུ་འགྲོ་དགོས། ཏཱན་ཡེན་ཐེངས་གཅིག་བསྟན་ན་གླ་ཆར་སྡེ་བའི་གཞུང་ནས་ཟོག་ལུག་དང་མཚམས་རེར་ཁྱིམ་ཚང་རེ་ནས་ཤིང་ཆ་སྟེར་དགོས།
དོ་ནུབ་ཏཱན་ཡེན་ལྟ་རྒྱུ་ཡོད་བསམ་ན་ཉིན་དཀར་ཕྱུགས་རྫིའི་ཉི་མ་ལོ་ལས་རིང་ན་ཡང་། སེམས་ནང་དྲོད་དང་འོད་ཀྱིས་ཁེངས་ཡོད། ཕྱི་དྲོར་དགོང་ཆུ་འཐུང་རྗེས་སྡེ་བའི་ལཱེའང་ཀྲིན་(སྡེ་བའི་སྤྱི་ཁང་།粮站) ནང་དུ་ཏཱན་ཡེན་སྟོན་པ་དང་། བྱིས་པ་སྣབས་ལུག་དག་གིས་པགས་རྩག་དྲོན་པོ་རེ་གྱོན་པ་དང་། དུས་རྒྱུན་གླིང་སྒྲུང་ལ་ཉན་སྡོད་མཁན་རྒན་འཁོགས་ཚོས་ཀྱང་པགས་གདན་མཐུག་པོ་རེ་མཆན་ལ་བཙིར་ནས་ཏཱན་ཡེན་ལྟ་རུ་འགྲོ། ཁོང་ཚོས་བརྗོད་པ་ལྟར་ན། སྔོན་ཆད་ཤཱང་དང་ཞཱེན་(ཡུལ་ཚོ་དང་རྫོང་།乡和县) ཐོག་ལ་མ་སོང་ན་ཀྲུང་གོ་མེ་གོར་ལྟ་རྒྱུ་མེད། མཚམས་རེར་ཨ་པཱ་ཀོན་ཀྱ་ཚང་གིས་(རྒྱ་གུང་ཁྲན།) ཆེད་དུ་རི་པིན་ཀུའེ་ཙི་སྟོན་གི་རེད་ཟེར།
མི་མང་དྲགས་ན་ལཱེའང་ཀྲིན་ནང་དུ་མི་ཤོང་སྟབས། ཕྱི་ལོགས་སུ་ཟོག་རྭ་ཆེན་པོ་ཞིག་ཡོད་པ་དེའི་རྩིག་ངོས་ལ་ ཏཱན་ཡེན་རས་གཞི་བརྒྱངས་ཏེ། མི་ཚང་མ་ཟོག་རྭའི་ཐང་དུ་བསྡད་ནས་དགུན་འཁྱག་བ་མོའི་ཁྲོད་ནས་ཏཱན་ཡེན་ལ་ལྟ་དགོས། དེ་ནི་དཀའ་ངལ་ཆུང་ཆུང་རེད། སེམས་འཁུར་ཆེ་ཤོས་ཏཱན་ཡེན་གྱི་འཕྲུལ་ཆས་དག་ལ་ཆག་སྐྱོན་འདྲ་ཤོར་མི་ཡོང་ངམ་སྙམ་པ་དེ་རེད། ཆག་སྐྱོན་ཤོར་ན་ཏཱན་ཡེན་ལྟ་སྐལ་མེད་སོང་བ་རེད། དོ་ནུབ་རྒན་གཞོན་ཚང་མར་གྱོང་དེ་ལས་ཆེ་བ་ཞིག་མེད་ཟེར་ཆོག
ཕྱི་ཉིན་ང་ཚོ་བྱིས་པ་ཚོར་ཀྲུང་གོ་མེ་གོ་དང་རི་པིན་ཀུའེ་ཙིའི་འཁྲབ་གཞུང་གསར་པ་གསར་རྐྱང་ཞིག་རེག་ཡོད་པ་རེད། ད་དུང་བྱིས་པ་བཙན་པོ་དབང་ཅན་དག་ལ་ལཱེན་ཙི་ཤུའུ་དང་། ཐེན་ཙི་མིན། ལུའུ་ཞོན། ཁྲིན་ཀྲིན་སོགས་ཀྲུང་གོའི་ལོ་རྒྱུས་མི་སྣ་གྲགས་ཆེན་དག་གི་མིང་དང་། བྱིས་པ་གཉོམ་ཆུང་ཚོར་ཀུང་པཱིན་རྐུབ་ཆེ་དང་། ཕཱ་ཐོ། ཧྲིན་ཐེ་ངོ་ལུག་སོགས་རི་པིན་དང་མེ་གོའི་དམག་དཔོན་ནུས་མེད་ཐ་ཤལ་དག་གི་མིང་ཡང་བཏགས་ཡོད། དགོད་བྲོ་བ་ཞིག་ལ་བྱིས་པ་འགའ་རེར་མིང་དེ་གཏན་འཇགས་སུ་ཐོགས་ཏེ། ‘བློ་བཟང་མེ་གོ’ ཟེར་སོགས་ད་ལྟའང་མཚང་མིང་ལ་དེ་ལྟར་འབོད།
སྐབས་དེ་དུས་ང་ཚོའི་སེམས་ངོར་འོད་ལམ་ལམ་འཚེར་བ་ནི། <<ནན་ཅིན་དམར་གསོད་ཆེན་མོ>>དང་། <<རི་འགོག་དམག་འཁྲུག>>། <<མེ་འགོག་ཁྲོ་རོགས>>། <<ལཱིང་ཡ་རི་བོའི་སྟེང་གི་དཔའ་བོ་མི་ལྔ།>>། <<དམར་དམག་རྒྱང་སྐྱོད།>>ཟེར་བ་འདི་དག་གི་སྣང་བརྙན་དེ་ཡིན་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་སེམས་ངོར་ཡང་བག་ཆགས་དེ་གཏིང་ཟབ་ཅིང་རྔམ་མཐུག བག་ཆགས་དེས་སྐྱེད་པའི་ཀྲུང་གོ་བ་རྣམས་ནི་གུང་ཁྲན་ཏང་ལ་དགའ་ཞེན་ཆེ་ཞིང་། སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་ཀྱི་དད་འདུན་ཡོད།
ང་ཚོའི་དཀའ་ཚེགས་ཆེ་བའི་དམག་འཁྲུག་དེ་དག་ཁྲོད། བྱིས་པ་ལ་ལར་ཁ་ཁྲག་སྣ་ཁྲག་བཞུར་བ་དང་གྱོན་པ་རལ་པ། ཐལ་བ་དང་འདམ་ཉོག་ནང་གཡུག་པ་སོགས་བྱས་ཏེ་རི་པིན་ཀུའེ་ཙི་དང་མེ་གོའི་དགྲ་བོ་རྣམས་ཕམ་པར་བརྒྱབ་སྟེ། ཀྲུང་གོའི་པཱ་ལུག་ཅུན་དམག་དཔུང་ལ་རྒྱལ་ཁ་འཐོབ་དགོས། གཡུལ་འཁྲུག་དེ་དག་ཁྲོད་ནས་ང་ཚོ་མགོ་བ་དག་ལ་འགྱིག་ཅཱི་རིལ་དང་། རྩེད་ཆས་ཡག་པོ་དག་ཚེགས་མེད་དུ་རེག་ཡོང་གི་ཡོད། དེ་ནི་ཀྲུང་གོས་རྒྱལ་ཁའི་ཁྲོད་ནས་བཙན་གྱིས་འཕྲོག་པ་དང་། རི་པིན་ཀུའེ་ཙི་དང་མེ་གོ་འཁྲབ་མཁན་བྱིས་པ་ཚོས་ངོ་སྲུང་ཆེད་ང་ཚོར་རྔན་པར་སྤྲད་པ་རེད།
ང་ལོ་བཅུ་བཅོ་ལྔར་སོན་སྐབས་ང་དང་ངའི་རྩེད་རོགས་ཚོའི་ལུས་སེམས་ཀྱང་ཕྲན་བུ་འཚར་ལོངས་བྱུང་ཞིང་། ཏཱན་ཡེན་ལྟ་བྱེད་འཕྲུལ་ཆས་ཀྱང་སྤུས་ཇེ་བཟང་དུ་སོང་སྟེ་ལའུ་ཞཱེང་(བརྙན་འཕྲིན་འཕྲུལ་ཆས།录像) ཟེར་བའི་སྒམ་ཆུང་ནག་པོ་མདུན་ངོས་ཤེལ་ཡོལ་ཅན་ཞིག་དར་སོང་། རི་པིན་ཀུའེ་ཙི་དང་མེ་གོ་ཏཱེ་རིན། གོ་མིན་ཏང་ཧྥན་ཏུན་སོགས་ཕྲན་བུ་ཉུང་དུ་ཕྱིན་ཏེ། སུའོ་ཁཱོང་དང་ཅི་ཀཱོང་(སྤྲེལ་མགོ་དང་བླ་མ་སྨྱོན་པ།孙悟空和济公) སོགས་འཁྲབ་གཞུང་ལེའུ་རིང་པོ་ཅན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཐོན་སོང་། དེ་དག་ཁྲོད་བོད་དང་སོག་པོ་ཡུ་གུར་སོགས་གྲངས་ཉུང་མི་རིགས་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་རྒྱ་ནག་གི་ཏའོ་ལུགས། སྤྱི་ཚོགས་རྙིང་པ་སོགས་ལ་ལོ་རྒྱུས་གསར་པ་བྲིས་ཏེ། ཀྲུང་གོའི་ནང་ཁུལ་གཙང་འཕྱག་དང་། སེམས་ཁམས་གསར་བཞེངས་ཀྱི་ལས་འགུལ་ཆེན་མོ་ཞིག་བརྩམས་སོང་།
སྐབས་དེར་ང་ཚོ་གྲོང་སྡེ་གཞན་ལ་སོང་ན་ཏཱན་ཡེན་ལྟ་རྒྱུའང་དབྱར་དགུན་གཉིས་ཀར་ཡོད། ཕྱི་དྲོར་ཟོག་ལུག་ལྷས་རྭར་བཅུག་རྗེས་གྲོང་པའི་བྱིས་པ་མང་པོ་ང་ཚོའི་གྲོང་སྡེ་ལས་བར་ཐག་ཅུང་རིང་བའི་ལུང་མདོར་གྲོང་སྡེ་གཞན་ཞིག་ཡོད་པ་དེར་ལའུ་ཞཱེང་ལྟ་རུ་འགྲོ ག་ལེར་ཕྱིན་ན་མར་ལམ་ཆུ་ཚོད་གཅིག་ལྷག་དང་། ཡར་ལམ་ཆུ་ཚོད་གཉིས་ཙམ་འགོར། བྲག་ཕྲེང་དང་ཆུ་འདམ་བརྒྱུད་ནས་འགྲོ་དགོས་སྟབས། སྐབས་རེར་ལའུ་ཞཱེང་བལྟས་རྗེས་མཚན་གུང་ཕྱིར་ལོག་སྐབས་ཆར་བ་བབ་ན་ཆུ་ལོག་གི་ཉེན་ཁའང་ཡོད།
གནམ་གཤིས་ཡག་ན་ལམ་བར་ནས་གཉིད་ཐུན་རེ་རྒྱག་བཞིན་ཡོང་བ་དང་། མཚམས་རེར་བུ་མོ་ཚོར་པྲ་ཚེག་བྱས་ཏེ་རུམ་ལ་ལག་པ་བརྒྱབ་ནས་ནུ་མར་རེག་པ་དང་། མར་མནན་ཏེ་ཁ་ནང་དུ་མཆིལ་མ་ལྡུག་པ་སོགས་བྱས་ཏེ། རྩེད་ཞོར་དགོད་ཞོར་དུ་ཡོང་ན་ལམ་ཐག་ཐུང་དྲགས་པའི་སྣང་བ་སྟེར། དེ་ལྟར་ནང་དུ་བསླེབས་རྗེས་ཆུ་ཚོད་གཉིས་གསུམ་ལས་གཉིད་ལོང་མེད་པར་ནམ་ཁ་གསལ་འགྲོ
སྐབས་དེར་རི་པིན་ཀུའེ་ཙི་དང་མེ་གོ་དགྲ་བོའི་སྣང་བརྙན་དེ་ང་ཚོའི་སེམས་ངོས་ན་རིམ་བཞིན་ཡལ་གྱིན་འདུག་ཀྱང་། གྲངས་ཉུང་མི་རིགས་གླེན་ལྐུག་དག་གི་གཡོ་སྒྱུ་ཁྲམ་གསུམ་དང་། ཆོས་ལུགས་ཟོག་རྫུ་ཞིག་གི་འཆལ་སྤྱོད་ཉེས་གསོག་ང་ཚོའི་སྣང་ངོ་ལ་གསར་དུ་འཁྱུག་གིན་འདུག སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དང་བཅིངས་འགྲོལ་དམག་མིའི་ཟིལ་ཤུགས་དེ་ང་ཚོའི་དྲན་ངོས་ན་ག་ལེར་བོར་བཞིན་འདུག་ཀྱང་། གུང་ཁྲན་ཏང་གི་བཀའ་དྲིན་དང་ཧྭན་མི་རིགས་ཆེན་པོའི་བློ་གྲོས་དེ་ང་ཚོའི་དྲན་ངོས་ལ་འཕེལ་བཞིན་འདུག
དེ་དུས་ང་ཚོར་ས་ལྡིང་གནམ་ལྡིང་བྱས་ཏེ་རི་པིན་ཀུའེ་ཙི་དང་མེ་གོ་དགྲ་བོ་ཡར་འདེད་མར་འདེད་བྱེད་རྒྱུ་མེད། གཅིག་ནས་ལའུ་ཞཱེང་གི་ནང་དོན་ཐོག་དེའི་སྐོར་གྱི་བརྗོད་བྱ་ཇེ་ཉུང་དུ་སོང་བ་དང་། གཉིས་ནས་ང་ཚོ་ནར་སོན་ཏེ་ལྷད་མེད་དྭངས་གཙང་གི་བྱིས་པའི་གཤིས་ཀ་དེ་ང་ཚོའི་ལུས་ངག་ཡིད་གསུམ་ནས་ཡལ་བཞིན་ཡོད།
ཡིན་ནའང་ཕྱུགས་རྫི་ནོར་རྫི་རི་ཁར་འཛོམས། ཞིང་བ་ཆུ་འདྲེན་ལམ་ཁར་ཐུག་ཏེ། མདང་ནུབ་ལའུ་ཞཱེང་ནང་<<ལྷ་སྲིན་སྡེ་བརྒྱད།>>ནང་གི་ཆྭའོ་ཧྥིན་ལ་མཐུ་རྩལ་ཆེ་ཚུལ་དང་། ཐུ་བྷོད་མཁན་པོ་ཅཱིག་མའོ་ཊི་ལ་ནུས་པ་གང་ཡང་མེད་སྐོར། <<ཧི་ལན་རི་བོའི་ཁ་བ།>>ནང་གི་རྒྱལ་བོ་ཡཱོན་ཧྭོ་ལ་དཔའ་རྩལ་ཆེ་སྐོར་དང་། མདོ་གསུམ་ཇོ་སྲས་ལ་གཡོ་སྒྱུ་འཛོམས་ཚུལ། ཧྲའོ་ལེན་དགོན་པའི་ཧུང་ཧྥེ་ཧྭོང་ལ་དྲག་རྩལ་ཆེ་རབས་དང་། ཏོ་ལུགས་པ་ལཱེ་ཏྭ་ཧོང་གི་སྤྱོད་པ་འཆལ་སྐོར་སོགས་གཅིག་ཁ་གཅིག་གིས་འཕྲོག་ནས་ཤོད་བཞིན་ཡོད།༼མི་སྣ་དེ་དག་གི་མིང་གློག་བརྙན་ལས་སྒྲ་བསྒྱུར་བྱས།༽
ང་རང་ལོ་ཉི་ཤུར་སོན་པ་དང་དུས་རབས་ཉེར་གཅིག་བསླེབས་སོང་། སྔོན་ཆད་ཀྱི་ལའུ་ཞེང་དག་ཀྱང་སྤུས་ཚད་སྔར་ལས་ཇེ་ལེགས་དང་འོད་སྡེར་(VCD/CD) ཅན་དུ་གྱུར། ལའུ་ཞཱེང་གི་ནང་དོན་ཡང་དབྱར་གྱི་ཤྭ་འོད་བརྡོལ་བ་ལྟར་བརྗོད་བྱ་སྣ་ཚོགས་ཐོན་སོང་། འོན་ཀྱང་ཆེས་མཐོང་དཀོན་པ་ནི་ ‘རང་དབང་’གི་འབོད་སྒྲ་དང་། ‘དམངས་གཙོ་’ཡི་ལམ་སྲོལ། ‘འདྲ་མཉམ་’ སོགས་ཀྱི་བརྗོད་བྱ་དག་རེད། ད་ལྟ་ང་ཚོས་རི་པིན་ཀུའེ་ཙི་མི་གསོད་ལ། མེ་གོར་དམག་འཁྲུག་ཀྱང་མི་རྒྱག སྔོན་ཆད་དོན་མེད་ལ་དམག་འཁྲུག་བརྒྱབ་སྟེ་ཉེས་མེད་ཀྱི་མི་སེར་བསད་པར་འགྱོད་བཤགས་བྱེད་བཞིན་ཡོད་ལ། མི་རིགས་ཡ་རབས་ཤིག་དང་ཆོས་ལུགས་ཡང་དག་ཅིག་ལ་ཉེས་འཛུགས་དང་འཕྱ་སྨོད་བྱས་པ་དག་ལའང་གནོང་འགྱོད་སྐྱེ་བཞིན་འདུག
ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདིར། རྒྱ་ནག་ལྕགས་རི་རིང་མོའི་ཁ་ཤོར་ཞིང་ཞབས་བརྡོལ་ཏེ། ཀྲུང་གོའི་མི་མང་གིས་འཛམ་གླིང་མི་མང་གི་འཇིག་རྟེན་ནས་ཕྱིར་ཀྲུང་གོར་བལྟས་ན། ཀྲུང་གོའི་དཔའ་བོ་དང་ཀྲུང་གོའི་བློ་གྲོས། ཀྲུང་གོའི་དྲང་བདེན་སོགས་ནི་ཅི་འདྲའི་རྟོག་བཏགས་ཀྱི་བསླུ་བྲིད་ཅིག་རེད་ཨང་།
ད་དུང་ངའི་ཕ་ཡུལ་ན་ཀྲུང་གོའི་བརྙན་འཕྲིན་ནང་ནས་ཀྲུང་གོར་བལྟས། ཀྲུང་གོའི་རླུང་འཕྲིན་ནང་ནས་ཀྲུང་གོར་ཉན་ཏེ། ‘ཁ་བྲལ་བ།’དང་། ‘ལོག་སྤྱོད་པ།’ ‘འཇིགས་སྐུལ་བ།’ ‘དྲག་སྤྱོད་པ།’ ‘རྡུང་གཅོག་འཕྲོག་བསྲེག’ སོགས་ཀྱི་སྡིགས་དམོད་དང་དམའ་འབེབས་འཁུར་གྱིན་ཡོད་ནི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་།
ད་ནི་ང་ཚོས་མུན་འཐོམ་གྱི་དུས་རབས་ཕྱེད་ལྷག་གི་ཀྲུང་གོའི་གློག་བརྙན་འཁྲབ་གཞུང་དང་། འཁྲབ་ཁྲིད་པའི་དམིགས་ཡུལ་དག་ཞིབ་ཏུ་བསྔོགས་ཏེ། རི་པིན་ཀུའེ་ཙིའི་བདེན་པ་ངོ་མ་དང་། གོ་མིན་ཏང་ལོག་སྤྱོད་ཀྱི་ལོ་རྒྱུས་ཁུངས་མ། མེ་གོ་དགྲ་བོའི་ཀུན་སྤྱོད་དག་མ་འཚོལ་རྒྱུ་ཡིན།
མི་རིགས་རང་དབང་དང་མི་སེམས་བཅིངས་འགྲོལ་གཏོང་མཁན་གྱི་དམག་དཔུང་ངོ་མ་ཞིག་ལ་དཔུང་བསྒྲིགས་ཏེ། གཉའ་གནོན་དང་བརྙས་བཅོས། དམའ་འབེབས་དང་མཐོང་ཆུང་སོགས་ལ་མགོ་བོ་མི་བསྒུར། མི་རིགས་དབྱེ་འབྱེད་དང་རིག་གཞུང་རྩ་གཏོར། སྲིད་དབང་སྒེར་གཅོད་སོགས་ཀྱི་ལམ་ལུགས་དེ་རྩ་བ་ནས་ཁས་མི་ལེན།
ད་ནི་ང་ཚོས་ཐའེ་ཝན་གཉུག་མའི་མི་རིགས་ཀྱིས་རང་ས་བརྟན་སྲུང་བྱས་པའི་<< Seediq Bale >>དང་། འབར་མའི་མི་མང་གི་དམངས་གཙོའི་འཐབ་རྩོད་<< The Lady >> ། རོ་མའི་གཏུམ་སྤྱོད་ཆེ་བའི་རྒྱལ་བོ་མགོ་རྟིང་བསློགས་པ་<< Gladiator>>། དབྱིན་བཙན་རྒྱལ་འོག་ནས་རང་དབང་བརྩད་པ་<< Braveheart >> ། རྒྱ་གར་གྱི་འཐབ་རྩོད་ལས་འགུལ་<< Gandhi>>སོགས་ལ་སློབ་སྦྱོང་བྱས་ཏེ། མི་ཆོས་ཀུན་སྤྱོད་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་<<ཝུན་ཁྲིན་ཀོང་ཇོ།>>དང་། <<དགེ་རྟག་སྤྲུལ་སྐུ།>>། <<བོད་ཞི་བའི་བཅིངས་འགྲོལ།>>། <<དར་མདོའི་མཛའ་གཞས།>>། <<བོད་ཀྱི་གསང་སྒྲུང་།>>ཟེར་བ་འདི་དག་གི་བདེན་པ་བརྡར་རྒྱུ་ཡིན་ལ། ད་དུང་དེ་འབྲེལ་གྱི་གླུ་གཞས་དང་རི་མོ། རོལ་རྩེད་དང་གཏམ་བརྗོད་སོགས་ཀྲུང་གོའི་སྐྱུར་དྲི་ཁ་བའི་སྒྱུ་རྩལ་བརྩམས་ཆོས་དག་ཁྲིམས་གཏུག་བྱ་རྒྱུ་ཡིན།
མཆན། ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༡༣ ཉིན། རྒྱ་ནག་གཞུང་གིས་‘ནན་ཅིན་དམར་གསོད་ཆེན་མོའི་དྲན་གསོའི་འདས་མཆོད”ཅེས་པའི་མཛད་སྒོ་རྒྱ་ཆེན་པོ་ཞིག་བསྡུས་པའི་སྐོར་ལ་གསར་འགྱུར་ཞིག་སྤེལ་བའི་འོག་ཏུ་མཆན་བཏབས་པ་དེ་བསྐྱར་དུ་ཞུ་དག་བྱས་ཏེ་རྩོམ་ཡིག་གི་རྣམ་པར་བཅོས།
ཙ་ནེ་དོན་འགྲུབ་བཀྲ་ཤིས་ ༢༠༡༤། ༡༢། ༡༨
རྩོམ་ཡིག་འབྲི་རྩལ་སྒྱུ་རྩལ་ལྡན་པ། ནང་དོན་གཏིང་ཟབ་མོ་ཧ་ཅང་སྣང་བ་འགྲོ་བོ་ཞིག་བྲིས་འདུག དེང་སྐབས་དྲ་ཐོག་ནང་འགྲོ་བཞིན་པའི་རྒྱ་མི་ཚོས་བོད་པའི་ལོ་རྒྱུས་སྐོར་ལ་བཟོས་པའི་གློག་བརྙན་དེ་དག་མཐོང་ན་ཁོང་ཁྲོ་བཟོད་ཐབས་མེད་པ་ཞིག་རེད། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གི་ཆེད་དུ་བཟོ་རུ་བཅུགས་ཏེ་བོད་པའི་དགོན་སྡེ་ཁག་དང་ཕོ་བྲང་པོ་ཏཱ་ལ་སོགས་ཀྱི་ནང་དུ་མེ་མདའ་གཞུ་རེས་བྱེད་བཞིན་པའི་ཕྲུ་གུའི་བརྙན་རིས་རྩེད་མོ་རྩེད་བྱེད་ཅིག་བཟོས་འདུག དངོས་གནས་དྲང་གནས་རྣམ་རྟོག་ལངས་དགོས་པ་ཞིག་རེད། ཕྱི་ཕྱོགས་ཀྱི་རྩོམ་པ་པོ་ཚོས་འདི་དདག་ལ་ཞིབ་འཇུག་བྱས་ཏེ་དབྱིན་ཡིག་སོགས་སྐད་ཡིག་གཞན་ནང་ལ་རྩོམ་ཡིག་སྤེལ་དགོས་པ་ཧ་ཅང་གལ་ཆེན་ཞིག་རེད་བསམ་གྱིན་འདུག
རྩོམ་ཡིག་འདི་མར་ཀློག་ཡོང་ན་ངས་ཀྱང་སོ་སོ་བྱིས་པའི་དུས་ཀྱི་གནས་ཚུལ་མང་པོ་ཞིག་དྲན་སོང་། ང་ཚོ་བྱིས་པ་ཡིན་པའི་སྐབས་ལ་རི་པིན་ཟེར་བ་དེ་ཇག་ཚོགས་ཤིག་ཡིན་པ་དང་། ཡང་ན་འདྲེ་ཚོགས་ཤིག་ཡིན་པ་ལས་སྤྱིར་བཏིང་གི་མི་ཞིག་ཡིན་པ་ཁྱོན་ནས་ཤེས་མ་སོང་། ང་ཚོ་རྒྱ་ནག་གི་ནུབ་བྱང་མཐའ་མཚམས་ས་ཁུལ་དག་རེད། ཤར་ཕྱོགས་རྒྱ་རིགས་མང་ཚོགས་ཁྲོད་དེ་ལས་ཀྱང་བག་ཆགས་ངན་པ་མང་པོ་ཞིག་བཞག་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད།
ཉེ་ཆར་ཞིག་ལ་དྲ་ཐོག་ནས་པར་གད་མོ་ཤོར་བ་ཞིག་མཐོང་སོང་བས་ང་ཚོ་བྱིས་པ་ཡིན་སྐབས་ཀྱི་བག་ཆགས་དེ་ད་ལྟ་རྒྱ་ནག་ནང་དུ་ལྷག་ཡོད་པ་ཧ་གོ་སོང་། གང་ཡིན་ཟེར་ན་དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་སྐྱེས་པ་ཕོའི་གཅིན་པ་གཏོང་སའི་གསང་སྤྱོད་ནང་དུ། འཇར་པན་དམག་མིའི་མགོ་བོ་ལྟ་བུ་ཞིག་བཟོས་ཏེ། མང་ཚོགས་ཀྱིས་དམག་མིའི་མགོ་བོ་དེའི་ཁ་ནང་དུ་གཅིག་པ་གཏོང་དགོས་ཀྱི་འདུག དངོས་གནས་གད་མོ་བྲོ་བོ་ཞིག་འདུག
ངའི་ཆུང་དུས་ཀྱི་བྱིས་དུས་ལ་ཕྱིར་འདང་ཞིག་བརྒྱབས་ན། ང་ལ་དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་བཤད་རྒྱུ་ཡོད། དེ་ནི་དགྱ་གླུ་འདི་རེད། ༼༼ཡ་གོ་ཏོ། ཡ་གོ་ཏོ། ཅིན་གྲོ་མ་མེ་ཡ་གོ་ཏོ། ༽༽ དགེ་རྒན་དགྱ་མོ་ཞིག་གིས་དགྱ་ཡིག་གི་ཐོག་ནས་བསླབས་ཞིང་། དགྱ་གླུ་འདི་གཏོང་བཞིན་གཏོང་བཞིན། མཚར་ལོངས་བྱུང་། བར་ཞིག་ལ་དགྱ་གླུ་གཞན་པ་རེ་ཤེས་སོང་བས། ཆུང་དུས་ཀྱི་བྱིས་གླུ། ༼༼ཡ་གོ་ཏོ༽༽་གཏོང་མཚམས་བཞག་ཡིན།
དེ་ལྟར་མི་ལོ་མང་པོ་ཞིག་གི་རྗེས་ནས། རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་འབྱོར། གནས་འདིར། ལྷ་ས་ནས་ཡིན་པའི་དགེ་རྒན་ཞིག་གི་མདུན་དུ། དབུས་སྐད་ལ་གོ་ཐོས་སྦྱངས། ཟླ་ངོ་ལྔ་དྲུག་ཞིག་ལ། ང་ནི་སྐབས་རེར་དུད་འགྲོ་ཟོག་འདྲ་བ། ལན་རེར་དུད་འགྲོ་སྤྲེའུ་འདྲ་བ་རེད། དཀའ་སྡུག་དེ་དག་གི་སྣ་ནས། དབུས་སྐད་གོ་ཐོས་ལས་བརྒལ་ཏེ། ད་མ་དུག་གིས་སྐད་གསར་བ་ཞིག་སྨྲར་མགོ་བརྩམས་ཡིན། དབུས་སྐད་ཤེས་བཞིན་ཤེས་བཞིན། དེ་ནི་རང་ལ་ཆུང་དུས་ནས་སྦྱངས་ཟིན་པའི་བག་ཆགས་ཡོད་པ་ཡང་གཞི་ནས་རྟོགས་སོང་། ཡང་བསྐྱར་༼༼ཡ་གོ་ཏོ། ཡ་གོ་ཏོ། ཅིན་གྲོ་མ་མེ་ཡ་གོ་ཏོ། ༽༽ ཅིག་བླངས་བ་ཡིན། ཅི་ཙམ་བླངས་ན་ཡང་དབུས་སྐད་འདི་ནི། ངའི་ངག་ལ་མི་མཛའ་བ་དང་ལྕེ་ལ་མི་བདེ་བ་ནི་ཉིན་རེ་ནས་ཉིན་རེར་རྟོགས། བྱས་ཙང་། དེ་རིང་ཁ་སང་ངས། བོད་གླུ་འདི། ༼༼ཡག་པོ་འདུག། ཡག་པོ་འདུག། བཅིངས་འགྲོལ་དམག་མི་ཡག་པོ་འདུག་༽༽ལ་ངོ་བསྒྱུར་བྱས་ཡོད་ཀྱང་། བོད་གླུ་འདི་ལེན་ནི་ལེན་མ་ཤེས། འཇོག་ནི་འཇོག་མ་ཤེས་བར་བསྡད་ཡོད། ཧ་ཧ་ཧ། དྲ་གྲོགས་ཚོས་བལྟས་ན། ངས་གླུ་འདི་བར་སྣང་རླུང་གི་དབྱིངས་ལ་བསྟོད་དམ། ས་འོག་རིམ་པ་དགུ་ལ་བཅུག་གམ། ཧ་ཧ་ཧ།
ཨོ། ཡང་གཅིག་བརྗེད་འདུག། དེ་ནི། ཆུང་དུས་ཀྱི་བྱ་སྤྱོད་རྣམས་ཡིག་ཐོག་དུ་བཞག་པའི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ།། དོན་འགྲུབ་རིན་ཆེན་གྱི་བྱིས་དུས་ནི་ང་དང་གཅིག་པ་གཅིག་རྐྱང་རེད་འདུག་ཀྱང་། དེ་རིང་ནི། ང་མེ་གོ་ཏཱེ་རིན་(ཨ་རི་དགྲ་བོ།美国敌人) འམ། རི་པིན་ཀུའེ་ཙི་(འཇར་པན་འདྲེ་དམག日本鬼子 )གཉིས་ཀྱི་གང་རུང་ཞིག་བྱུང་ན་བསམ་པ་ལས་སྔར་ལྟར་གཏན་ནས་མིན། ཁྱེད་ཚོ་ཅི་འདྲ་ཡིན། དྲ་འབུ་ཚོ། ཧ་ཧ་ཧ།
དོན་འགྲུབ་བཀྲ་ཤིས་མཆོག་གི་རྣམ་དཔྱོད་རིག་པའི་འཕྲུལ་རྩལ་ལས་བྱུང་བའི་རྩོམ་ཡིག་འདི་བརྗོད་བྱ་རྒྱ་ཆེ་ཞིང་ནང་དོན་གཏིང་ཟབ་པ། བརྗོད་སྟངས་ཁྱད་པར་བ་དང་སྒྱུ་རྩལ་གྱི་ཉམས་འགྱུར་འབུར་དུ་ཐོན་པ་ཞིག་རེད། ང་ཚོས་ནམ་རྒྱུན་མ་དགའ་སར་ཐད་ཀར་སྡིགས་དམོད་རྐྱང་རྐྱང་གཏོང་བ་དང་། དགའ་མོས་དང་ཡག་པོ་ཡོད་ས་དག་ལ་བཀྲ་ཤིས་བདེ་ལེགས་ཀྱི་བསྟོད་ཚིག་རྐྱང་རྐྱང་བརྩེགས་ནས་སྡོད་པ་ལས་སྒང་གི་རྩོམ་ཡིག་འདི་ལྟ་བུའི་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་དེ་ཚིག་ཧ་ཅང་བདེ་བོ་དང་ཀློག་སྤྲོ་བོ་དང་དོན་དག་གཏིང་་ཟབ་མོ་གནད་ལ་འཁེལ་བ། བསམ་གཞིགས་དང་དོགས་པ་སློང་བའི་ནུས་བ་དང་ཁྱད་རྩལ་ཚད་མཐོན་པོ་ཡོད་པ་ཞིག་གི་ཐོག་ནས་རྩོམ་འབྲི་གནང་བ་ཡིན་ན། མི་ཚང་མས་ཀློག་ན་འདོད་པ་དང་སེམས་ནང་འབབ་བསླ་བ། ཡིད་འགུག་གི་ནུས་པ་ལྡན་པའི་བྱེད་ནུས་དེ་བརྒྱུད་ནས་མ་འགྲིག་ས་དང་མ་བྱུང་སའི་རྙོག་དྲ་དངོས་གནས་དེ་ར་གསལ་བོ་འཕྲོད་པ་དང། དེ་དང་འབྲེལ་ནས་བསྐྱར་དུ་བསམ་བློ་གཏོང་བ་དང་འགུལ་དཀྱོག་རྒྱག་པ་ཞིག་གཏན་གཏན་ཡོང་གི་རེད་བསམ་གྱི་འདུག
གླུ་དེ་དབྱངས་སུ་ལེན་བཞིན་ལེན་བཞེན་ས་དོང་རིམ་པ་དགུའི་འོག་ལ་སོང་ཧ་ཧ་ཧ་
རྩོམ་ཡིག་འདིས་ཡིད་དབང་འཕྲོག་སོང་། རྩོམ་པ་པོ་ལ་བཀའ་དྲིན་ཆེ་ཞུའོ།།
ཀྲུང་གོའི་དམག་མི་ཆུང་ཆུང་མ་རེད་།
ཀྲུང་གོའི་དམག་མི་བདུད་རེད་།
ཀྲུང་གོའི་དམག་མི་འབུ་གྲོགས་མ་རེད་།
ཀྲུང་གོའི་དམག་མི་ཁྱི་སྨྱོན་པ་རེད་།
དྲ་རྒྱའི་སྒོ་བཀག་མཁན་གྱི་དྲ་འབུ་མང་ཙམ་འདུག་།
བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ཆེན་མོ་དོན་གྲུབ་བཀྲ་ཤིས་མཆོག་གི་རྩོམ་ཡིག་འདི་ལ་སྔགས་བརྗོད་གྲངས་མེད་ཞུ། དུས་ཐོག་ཆར་བ་ལྟ་བུའི་རྩོམ་ཡིག་ཞིག་རེད།
ངར་ཟས་ཆུང་ཆུང་ཤིག་ཁ་ལ་བཞག་ཅིང་དམུར་གྱིན་དམུར་གྱིན་བདུད་བརྩིའི་རྒྱ་མཚོ་ཆེན་པོ་ཞིག་གི་གཏིང་ལ་འཁྲིད་སོང་།
རྩོམ་ཡིག་འདི་ཐོག་མ་འབྲི་མགོ་འཛུགས་ས་དེ་གསར་འགྱུར་ཞིག་གི་འོག་ཏུ་མཆན་བཏབས་པ་ལས་མགོ་བཙུགས་འདུག བརྗོད་བྱ་ཡང་བརྙན་འཕྲིན་ཞིག་ལས་མགོ་བཙུགས་འདུག འབྲི་སྟངས་ཀྱ་གོ་རིམ་ཀྱང་ཕྲུ་གུའི་རྩེད་མོ་རྩེད་སྟངས་ཤིག་ལས་མགོ་བཙུགས་འདུག
རྩོམ་ཡིག་འདི་མཇུག་བསྒྲིལ་སྐབས། དུས་རབས་ཉེར་གཅིག་གི་བརྡ་འཕྲིན་ལས་མཇུག་བསྒྲིལ་འདུག བརྗོད་བྱ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་ལས་མཇུག་བསྒྲིལ་འདུག འབྲི་ཐབས་ཀྱི་གོ་རིམ་ཡང་མང་གཙོ་དང་རང་དབང་། རྒྱལ་སྤྱིའི་ཁྲིམས་ལུགས་ལ་མགོ་གཏུགས་ཏེ་མཇུག་བསྒྲིལ་འདུག
རྩོམ་ཡིག་འདིའི་བརྗོད་བྱ་ངའི་བྱིས་དུས་ཀྱི་འཚོ་བ་དང་ཡང་ཧ་ཅང་ཐག་ཉེ་བོ་འདུག རྩོམ་ཡིག་དེ་མགོ་ནས་མར་སློག་ནས་ཡོང་སྐབས་ང་རང་བྱིས་པའི་དུས་ཀྱི་མི་ཚེའི་ཤོག་ལྷེ་རེ་རེ་ཕར་སློག་གི་ཡོད་པའི་ཚོར་བ་ཞིག་འདུག ང་རང་ལོ་དྲུག་བརྒྱད་དགུ་བཅུ་གྲངས་སྐབས་ལ་ངེད་ཚང་གི་ཁང་པའི་ནང་དུ་མཚོན་མདངས་ཅན་གྱི་པར་ཆེན་པོ་བཅུ་གྲངས་ཤིག་སྦྱར་འདུག དེ་དག་ཚང་མ་ཀྲུང་གོའི་བཅིངས་འགྲོལ་དམག་མི་དང་མའོ་ཙེ་ཏུང་སོགས་ཀྱི་པར་རྐྱང་རྐྱང་རེད། ངེད་ཚང་གི་ཁང་པ་ཆེ་བའི་ཟུར་དུ་སྐུ་མགྲོན་ཕེབས་སྐབས་གཟིམ་སའི་ཁང་ཆུང་ཞིག་ཡོད་པ་དང་། ཁང་ཆུང་དེའི་ནང་གི་རྩིག་སྡེབ་ངོས་ཧྲིལ་བོར་རྒྱ་ཡིག་གི་ཚགས་ཤོག་སྣ་ཚོགས་དང་ནག་མཚོན་ཅན་གྱི་པར་རིགས་མང་པོ་ཞིག་སྦྱར་ཡོད་པ་དག་ད་ལྟ་ཡང་ངའི་དྲན་པའི་ངོས་སུ་ཧ་ཅང་གསལ་བོ་འདུག་པ་དང་། སྟེང་གི་རྩོམ་ཡིག་དེ་ཀློག་སྐབས་རྩིག་སྡེབ་ངོས་ཀྱི་ཚགས་པར་སྟེང་གི་པར་དེ་དག་རེ་རེ་བཞིན་མིག་ལམ་དུ་ཤར་ནས་ཡོང་སོང་། པར་དེ་དག་ཚང་མ་རྒྱ་ནག་གི་རི་འགོག་དམག་འཁྲུག་དང་། མེ་འགོག་ཁྲོ་རོགས་སོགས་རེད། ངའི་ཨ་ཕའི་པར་དེ་དག་རེ་རེ་བཞིན་འགྲེལ་བཤད་རྒྱག་སྐབས། རི་འགོག་དམག་འཁྲིག་བྱས་པ་ནི། ཀྲུང་གོ་བའི་རི་པིན་བཙལ་རྒྱལ་རང་ལུགས་ལ་འཐབ་འཁྲིག་རྒྱབ་སྟེ་བཀག་འགོག་བྱས་པ་དང་། མེ་འགོག་ཁྲོ་རོགས་ཞེས་པ་དེ་ཁྲོ་ཞན་ལ་དམག་རོགས་བྱས་ཏེ་ཨ་མེ་རི་ཀའི་བཙན་འཛུལ་འགོག་རྒོལ་བྱས་པ་རེད་ཅེས་རེ་རེ་བཞིན་འགྲེལ་བརྗོད་གནང་བ་ཁག་ངའི་སེམས་བསམ་པའི་ངོས་ནས་ད་ལྟ་ཁ་སང་ལྟར་གསལ་བོ་ཞིག་འདུག
རིམ་པ་གཉིས་པའི་ཐད་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་ང་ཚོ་བོད་པའི་སྐད་ཡིག་རིག་གཞུང་དང་ཆོས་ལུགས་ལ་མཐོང་ཆུང་ཁྱད་གསོད་བྱེད་པའི་ཚུལ་རེད། འདི་དངོས་གནས་བོད་ནང་གི་གཞོན་སྐྱེས་ཚོས་ཧ་གོ་དགོས་པ་གནད་འགག་ཆེན་པོ་རེད་བསམ་གྱི་འདུག མ་གཞི་དགོན་པ་གྲྭ་ཚང་ཁག་གི་དགེ་འདུན་པ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་མང་ཆེ་བས་གཏིང་ཟབ་མོ་ཞིག་ཧ་གོ་མེད་ཀྱང་རག་རིམ་ཙམ་ཧ་གོ་བ་དང་། ཡང་ན་དེ་ལྟ་བུའི་མ་འགྲིག་མ་འཐུས་པའི་ཚོར་བ་ཞིག་གཏན་གཏན་བྱུང་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་བོད་པའི་བརྒྱ་ཆ་བདུན་བཅུ་ནས་བརྒྱད་ཅུ་ཞིང་འབྲོག་མང་ཚོགས་གྲོང་གསེབ་ཁུལ་དུ་ཡོད་མཁན་ཚོ་ཡིན་པས། དེ་དག་གི་སེམས་དང་བསམ་བློའི་ངོས་ནས་འདི་ཡིན་དང་འདི་མིན་ར་གསལ་བོ་ཞིག་འཕྲོད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
དཔེར་ན་ཉེ་ཆར་ཞིག་དྲ་ཐོག་བོད་པའི་དགོན་སྡེ་ཁག་དང་ལྷ་སའི་གཙུག་ལག་ཁང་དང་པོ་ཏཱ་ལ་ཕོ་བྲང་། དེ་བཞིན་བྱེས་སུ་ཡོད་པའི་རྣམ་གྲོལ་གླེང་དང་གདན་ས་གསུམ་སོགས་ཀྱི་དགོན་པའི་ནང་དུ་མེ་མདའ་དང་དྲག་རྩལ་ངོམ་པའི་བྱིས་པའི་རྩེད་མོ་རྩེད་ཆས་མང་པོ་ཞིག་བཟོས་འདུག དེ་བཞིན་དུ་གློག་བརྙན་ཞིག་གི་ནང་དུ་དགོན་པའི་གྲྭ་བ་མང་པོ་ཞིག་གིས་བུད་མེད་ཅིག་ལ་གྲིས་བརྒྱབ་ནས་གསོད་ཀྱིན་ཡོད་པ་དང་དགོན་པའི་ནང་དུ་ཆགས་སྲེད་སྐོར་སོགས་ཀྱི་གནས་ཚུལ་སྣ་ཚོགས་ཤིག་གསང་བའི་ཚུལ་དུ་ཡོད་པའི་གློག་བརྙན་སོགས་མང་པོ་ཞིག་བཟོས་འདུག འདི་དག་ལ་མཚོན་ན་བོད་པའི་ཆོས་དང་རིག་གཞུང་གང་ལ་གང་འཚམས་མཁྱེན་ཤེས་མ་ཁན་དགོན་སྡེ་ཁག་གི་གྲྭ་བཙུན་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་དང་རྒྱ་ནག་གི་ལས་ཁུངས་ཁག་ནང་ལས་ཀ་བྱེད་བཞིན་པའི་བོད་པའི་ཤེས་ལྡན་པ་དེ་དག་གིས་སྐྱོན་གནས་ངོས་ཟིན་དེ་ཕར་ཚུར་བརྒྱུད་བསྐུར་དང་ངོ་རྒོལ། གནས་ལུགས་རྒྱུ་མཚན་ཁུངས་ལུང་སོགས་བརྗོད་དེ་སྐད་རྒྱག་གི་ཡོད་པ་མ་གཏོགས། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ངོས་ནས་ཚོར་བ་གང་ཡང་མེད་པའི་ཐོག་ནས་དེ་དག་ལ་ཨ་མཚར་དང་རྩེད་མོའི་ལོང་སྤྱོད་བྱེད་ཀྱིན་ཡོད་པ་རེད། འདི་དག་ཡིན་ལུགས་མིན་ལུགས་ཀྱི་རྒྱུ་མཚན་ར་གསལ་བོ་ཞིག་འཕྲོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
ད་ལོ་ཞིག་ལ་དེང་རབས་བུད་མེད་ཚོས་གྱོན་ཆས་འགྲེམས་སྟོན་སྟེང་ལ་ཡང་བོད་པའི་བཀྲ་ཤིས་རྟགས་བརྒྱད་དང་རིན་ཆེན་རྫས་བརྒྱད་སོགས་ཀྱི་བཟོ་དབྱིབས་འཁོད་ཡོད་པ་མང་པོ་ཞིག་ཐོན་སོང་བ་དེ་དག་ལ་མང་ཚོགས་ནང་ངོ་རྒོལ་དང་བོད་ཕྱི་ནང་གཉིས་ནས་གླེང་སློང་ཆེན་པོ་བྱས་པ་ལ་བརྟེན་ཏེ་རྗེས་སུ་གཏན་འགོག་བྱས་ཐུབ་ཡོད་མེད་གསལ་བོ་ཤེས་མ་སོང་ཡང་གང་ལྟར་འཆར་འགོད་པ་དེས་བོད་པ་ཚོར་དགོངས་དག་ཞུས་པའི་གནས་ཚུལ་ཞིག་འཐོན་སོང་། ད་ལྟའི་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པའི་བོད་དང་སོག་པོ་ཤིན་ཅིང་སོགས་གྲངས་ཉུང་མི་རིགས་ཁག་དང་། མི་རིགས་དེ་དག་གི་ཆོས་དང་རིག་གཞུང་སོགས་ལ་རྒྱ་ནག་དམར་པོ་གཞུང་གིས་མཐོང་ཆུང་ཁྱད་གསོད་བྱེད་ཀྱིན་ཡོད་པ་དེ་དག་གལ་སྲིད་ནུབ་ཕྱོགས་མང་གཙོའི་སྤྱི་ཚོགས་ཤིག་གི་ནང་ཡིན་ཚེ། ཟང་ཆ་ཆེན་པོ་བྱུང་ཡོད་པ་ཨ་ཅང་ཅང་ལས་ཀ་དེ་བྱེད་མཁན་དང་དེའི་སྦྱིན་བདག དེ་དང་འབྲེལ་བ་ཡོད་པའི་མི་ཚང་མས་ཉེས་ཆད་འཁུར་དགོས་པ་དང་མང་ཚོགས་ལ་དགོངས་དག་ཞུ་དགོས་པ་ཞིག་ངེས་པར་དུ་ཡོང་གི་རེད།
དྲ་གྲོགས་གསར་པ་གསར་རྐྱང་བཞི་ལྔ་ཞིག་ཆེད་མངགས་རྩོམ་འདི་བཀླགས་པར་ཕེབས་འདུག དོ་སྣང་ཆེན་པོ་འདི་འདྲ་ཧ་ལས་པ་རེད། ཡི་རངས་ཞུ། ཧུ་ཧུ་ཧུ
རྩོམ་ཡིག་འདི་ཚར་མང་པོ་ཞིག་བཏོན་སོང་། དུས་བབ་ཚགས་པར་ལའང་བཀོད་འདུག བྲིས་པ་གོ་སླ་བ་ཞིག་འདུག དོན་བཀྲ་ཤིས་ཀྱིས་བོད་ཀྱི་དུས་བབ་ཀྱི་ཉམས་ཆག་སླར་གསོ་དང་། དུས་བབ་ཀྱི་རྩོམ་ཡིག་ཁག་ལ་ཡིག་ནོར་དང་དོན་ནོར་ཉུང་ཙམ་ཡོང་ཆེད་ཐུགས་བསམ་མང་ཙམ་བཞེས་པའི་རེ་སྐུལ་ཞུ། ལྷག་པར་དུ་ད་བར་དུས་བབ་ཀྱི་རིན་ཐང་གཙོ་བོ་དེ། ཕྱོགས་ལྷུང་མེད་པ་དང་། སྒེར་ནད་དབང་དུ་མི་འགྲོ་བ་དེ་རེད། དེའི་ཕྱོགས་ལ་གཟབ་ན་དུས་བབ་སྔར་ལས་ལྷག་པར་དར་རྒྱས་འབྱུང་རྒྱུ་གདོན་མི་ཟ། ཐུགས་རྗེ་ཆེ།
རྩོམ་ཡིག་འདི་དབྱིན་ཡིག་དང་རྒྱ་ཡིག་གང་རུང་ནང་ཡོད་ན་ཅི་མ་རུང་། བཙན་བྱོལ་ནང་གི་དབྱིན་ཡིག་ཤེས་མཁན་ཚོས་བོད་ནང་གི་གནས་ཚུལ་མི་ཤེས་བོད་ནང་གི་བོད་མི་ཚོའི་རྩོམ་ཡིག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མི་སླེབས། ངོ་དེབ་སྟེང་བརྒྱུད་འགོད་བྱེད་ཆོག་པའི་བཀའ་འཁྲོལ་ཡོང་བ་གནང་རོགས།