(བོད་ལ་རྒྱས་བཙན་འཛུལ་གྱིས་མི་སེར་སྤེལ་ཡུལ་བྱས་ནས་ལོ་ངོ་དྲུག་ཅུ་ཐམ་པ་སོང་བའི་རྗེས་དྲན་དུ་བྲིས།)
ཐེ་བོ་ཤེས་རབ་རྒྱ་མཚོ།
ང་དགའ་བོ་བྱུང་། ངོ་མ་དགའ་བོ་བྱུང་། སྤྲོ་སྣང་འཕེལ་བ་ཞིག་ཀྱང་རེད། རྒྱུ་མཚན་གང་ཡིན་ཞེ་ན། ྋགོང་ས་མཆོག་དང་ཨོ་བྷ་མ་གཉིས་ཨ་རིའི་ཁང་པ་དཀར་པོའི་ནང་ལ་མཇལ་འཕྲད་ཐེངས་གཉིས་པ་གནང་བ་དེར་རྒྱ་ནག་གཞུང་གིས་ཁ་རྡུང་དྲག་པོ་གཏོང་གི་ཡོད་པའི་རྩོམ་ཡིག་དེ་དག་བཀླག་རྒྱུར་དགའ་བོ་བྱུང་། རྩོམ་ཡིག་དེ་དག་བཀླག་རྒྱུ་དེ་ནི་ཧ་ཅང་སྤྲོ་སྣང་འཕེལ་བའི་བྱ་བ་ཞིག་ཀྱང་རེད། དེ་བས་ཀྱང་དགོད་བྲོ་བ་ཞིག་ལ། ཀྲུང་གོ་བོད་ལྗོངས་དྲ་བ་ཟེར་བས་ྋགོང་ས་མཆོག་ལ་ཁ་རྡུང་དྲག་པོ་གཅིག་མཇུག་གཉིས་མཐུད་དུ་གཏོང་གི་ཡོད་པ་དེ་རེད། དེ་ནི་བུ་གུ་བསམ་མེད་ཅིག་གི་ཤོད་སྟངས་ལྟར་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།
ངས་ལོ་ངོ་ཉི་ཤུ་མ་ཟིན་ཙམ་རྒྱ་ནག་གཞུང་གིས་གཉའ་གནོན་གྱི་འོག་ནས་འཚོ་བ་བསྐྱལ་བའི་བརྒྱུད་རིམ་ནང་དུ་རྒྱ་ནག་དམར་པོ་གཞུང་འདིས་སྤྱི་འབངས་ཐོག་ལ་གདུག་རྩུབ་བཀོལ་སྟངས་དང། སྒེར་གཅོད་བྱེད་སྟངས་ཅི་འདྲ་ཞིག་ཡིན་མིན་གསལ་པོ་ཤེས་ཀྱི་ཡོད།
1959 ལོའི་ཡར་སྔོན་རྒྱ་ནག་དམར་པོ་གཞུང་གིས་ཅི་བྱས་ཡོད་མེད་ཀྱི་སྐད་ཆ་དེ་ཚོ་ད་ལྟ་ཏོག་ཙམ་བཞག་ཞོག
1959 ལོ་ནས་2011བར་རྒྱ་ནག་གཞུང་གིས་བོད་ལ་ཅི་བྱས་ཡོད་པ་དེ་ད་དུང་ངའི་སེམས་ནས་བརྗེད་རྒྱུ་མི་འདུག ངས་རྒྱ་ནག་གཞུང་གིས་བོད་མི་འབུམ་བཅུ་གཉིས་ལྷག་བསད་པ་དེ་གསལ་པོ་བྱས་ནས་ཤེས་ཀྱི་ཡོད་ལ། ངས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་སྟོང་ཕྲག་མང་པོ་བཤིག་ནས་ཐལ་བའི་རྡུལ་དུ་བཏང་བ་དེ་ཡང་ཧ་ཅང་གསལ་པོ་བྱས་ནས་ཤེས་ཀྱི་ཡོད། ངས་ང་ཚོའི་མེས་པ་དང་མེས་མོ་ཚོའི་རིག་གནས་ཤུལ་བཞག་སྲིད་ན་དཀའ་རྙེད་དཀའ་བ་དག་མེ་བསྲེགས་ཆུར་བསྐྱུར་བྱས་པ་དེ་ཚོ་ཡང་གསལ་པོ་ཤེས་ཀྱི་ཡོད། ངས་ད་དུང་བུད་མེད་རྣམས་ཡུགས་སར་བཏང་ཞིང་བུ་གུ་རྣམས་དྭ་ཕྲུག་ཏུ་བཏང་བ་དེ་ཡང་གསལ་པོ་ཤེས་ཀྱི་ཡོད། ད་དུང་དེ་བས་ཀྱང་བརྗེད་མི་ཐུབ་པ་ཞིག་ནི་བུ་གུ་ལ་སོ་སོའི་ཕ་མ་གསོད་དུ་བཅུག་པ་དང་ཕ་མ་ལ་སོ་སོའི་བུ་གུ་གསོད་དུ་བཅུག་པའི་སྣང་ཚུལ་ཡ་ང་བ་དེ་རེད།
མ་ཟད་ 2008 ལོ་ནས་དེ་རིང་ལ་ཐུག་གི་བར་བོད་མི་ཅི་ཙམ་བསད་པ་དང་། ཅི་ཙམ་འཛིན་བཟུང་བྱས་པ། དེ་རིང་ད་དུང་མུ་མཐུད་དུ་རྔ་བ་དང་དཀར་མཛེས་སོགས་སུ་འཛིན་བཟུང་བཙོན་འཇུག་བྱས་ནས་ཁྲིམས་ཐག་གཅོད་ཀྱིན་པ་དེ་ཚོ་གསལ་པོ་བྱས་ནས་ཤེས་ཀྱི་ཡོད། མ་གཞི་ཁྱེད་ཚོས་བསྒྲགས་བསྒྲགས་པོ་ཐམས་ཅད་རྫུན་གྱི་སྣེ་ལ་རྫུན་མཐུད་ནས་ཡོད་པས། དེ་འདྲའི་རིན་ཐང་ཅན་གྱི་དགག་དགོས་པ་ཞིག་ནི་གང་ཡང་མ་རེད། འོན་ཀྱང་དོ་སྣང་བྱེད་རིན་ཡོད་པ་ཞིག་ལ། ཁྱེད་ཚོའི་རྫུན་གྱི་སྣེ་མོར་རྫུན་གྱིས་སྦྲེལ་ནས་བཤད་པའི་སྐད་ཆ་རྫོར་བོ་དེ་ཚོའི་ནང་ལ་བདེན་པའི་ཆ་དགའ་རེའང་འདུག་སྟེ། “ཏཱ་ལའི་བླ་མའི་ཁ་བྲལ་རིང་ལུགས་པའི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཀྱི་ཐོབ་ཐང་དེ་ནམ་ཡང་འགྱུར་མི་སྲིད” ཟེར་བའི་སྐད་ཆ་འདི་ཆ་ཚང་བདེན་པ་མིན་ནའང་འདིའི་ནང་ལ་དངོས་གནས་དོ་སྣང་བྱེད་འོས་པའི་བདེན་པའི་ཆ་གཅིག་འདུག ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁ་བྲལ་བྱེད་རྒྱུར་མོས་མཐུན་བྱེད་ཀྱིན་མེད་པ་འཛམ་གླིང་ཀུན་གསལ་ཡིན་པ་དང་རྒྱ་ནག་དམར་ཕྱོགས་སྲིད་གཞུང་ཟེར་བས་ཀྱང་། ྋགོང་ས་རྒྱལ་བ་རིན་པོ་ཆེ་ཚང་གི་དགོངས་གཞི་ངོ་མ་ག་རེ་ཡིན་མིན་གསལ་པོ་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་། ཁྱེད་ཚོས་ད་དུང་དེ་ལྟར་བཤད་ནས་དོན་ངོ་མ་སུ་ལ་མགོ་སྐོར་གཏོང་གི་ཡོད་དམ། དེ་ནི་ཧ་ཅང་གསལ་པོ་རེད། སོ་སོའི་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་པ་རེད། ཅིའི་ཕྱིར་སོ་སོའི་མི་དམངས་མགོ་སྐོར་གཏོང་དགོས་ཀྱི་ཡོད་པ་རེད། དེ་ནི་དམར་ཕྱོགས་ཚོགས་པའི་རྐུབ་བཀྱག་དང་འབྲེལ་བ་ཡོད་པ་རེད། བསམ་བློ་དེའི་ཕུགས་སུ་ད་དུང་གུང་ཁྲན་ཏང་ལ་སོ་སོའི་མི་དམངས་ཀྱི་གཉའ་བ་ལ་མུ་མཐུད་དུ་ཞོན་འདོད་ཀྱི་འདུན་པ་ཤུགས་ཆེན་པོ་ཡོད་པ་དེ་གསལ་པོ་བྱས་ནས་བསྟན་པ་རེད། བོད་མི་མང་གི་བསམ་པའི་གཙོ་འཛིན་ནམ་འགོ་ཁྲིད་དེ་ནམ་ཡང་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཡིན་པར་འགྱུར་བ་ཡོད་པ་མ་རེད། འདི་ཁྱེད་ཚོས་གསལ་པོ་ཤེས་ཡོད་ན་འགྲིག་གི། སྐད་ཆ་ཁྱེད་ཚོས་བཤད་པ་ལྟར་བདེན་པ་རེད། ངས་རྒྱུ་མཚན་འདིའི་རྒྱབ་ལྗོངས་དེ་ཁྱེད་ཚོས་གསལ་པོ་ཤེས་ཡོད་པའི་རེ་བ་བྱེད་ཀྱི་ཡོད།
དེས་བས་ཀྱང་ང་གཤམ་གྱི་སྐད་ཆ་ཚིག་ཀ་འདི་ལ་ཧང་སང་སོང་། ཁྱེད་ཚོས་ད་བར་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཅེས་མགོ་བོ་གཡས་གཅུ་གཡོན་གཅུ་བྱས་ནས་ཁས་ལེན་བྱེད་ཀྱི་མེད་པ་མ་ཡིན་ནམ། འོ་ན་ཁྱེད་ཚོས་ཅིའི་ཕྱིར་བོད་ཀྱི་གནད་དོན་ཐག་གཅོད་པར་ཕན་ཐོགས་ཅི་ཡང་མེད་ལ་ཞེས་པའི་སྐད་ཆ་འདིའི་ནང་དོན་ཅི་རེད། ཁྱེད་ཚོས་“ཀྲུང་གོའི་མི་རིགས་ཁ་བྲལ་རིང་ལུགས་ཀྱི་འགོ་གཙོ་ཏྰ་ལའི་བླ་མར་བརྟེན་ནས་ཀྲུང་གོ་སྲིད་གཞུང་ལ་གནོན་ཤུགས་སྤྲོད་པ་ནི་ཏྰ་ལའི་རུ་ཚོགས་ལ་ཁ་བྲལ་བྱ་འགུལ་ལ་སྐུལ་མ་བྱས་ཏེ་སྟོང་སེམས་སྐྱེད་དུ་འཇུག་པ་ཙམ་ལས་ཨ་རིའི་བོད་ཀྱི་གནད་དོན་ཐག་གཅོད་པར་ཕན་ཐོགས་ཅི་ཡང་མེད་ལ།”ཞེས་པའི་སྐད་ཆ་འདིས་ཁྱེད་ཚོས་འཛམ་གླིང་སྟེང་བོད་ཀྱི་གནད་དོན་ཡོད་པ་ཁས་ལེན་བྱས་པ་མ་ཡིན་ནམ། དེ་བས་ཀྱང་དོ་སྣང་གིས་འགག་རྩར་འཛིན་དགོས་པ་ཞིག་ལ། “ ཏྰ་ལའི་རུ་ཚོགས་ཀྱིས་བོད་རིགས་མི་དམངས་ཀྱིས་བདེ་སྐྱིད་འཆམ་མཐུན་གྱི་འཚོ་བ་རོལ་དུ་འཇུག་འདོད་མེད་པ་དེ་ནི་རྒྱུན་ལྡན་ཞིག་ཡིན་ཏེ།རྒྱུ་མཚན་ནི་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་འཆམ་མཐུན་གྱི་འཚོ་བ་རོལ་པ་ནི་ཁོ་ཚོའི་ལས་གནས་ཤོར་པ་དང་།ཁོ་ཚོའི་ཡུན་རིང་འཚོ་རྟེན་དུ་གྱུར་པའི་ཆབ་སྲིད་ཀྱི་མ་རྩ་རྡིབ་པ།དཔལ་འབྱོར་གྱི་རྒྱུན་ཐག་ཆད་པ་བཅས་ཀྱི་རྟ གས་རེད།དེ་བས།རྒྱལ་སྤྱིའི་སྟེང་གླེང་ཕྱོགས་ངན་པ་བཟོས་ནས་ཀྲུང་གོ་དང་ཁོ་ཚོའི་བར་འགལ་བ་བཟོ་བ་དང་།རྒྱལ་ནང་གི་བོད་ཁུལ་དུ་དཀྲོགས་གཏམ་བསྒྲགས་ནས་དོན་རྐྱེན་ཕུད་པ།བོད་རིགས་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་ཐེ་གཏོགས་བྱེད་པ་བཅས་ཐབས་བརྒྱ་ཇུས་སྟོང་གིས་ཀྲུང་གོའི་མི་རིགས་མང་པོའི་ཁྱིམ་གཞི་ཆེན་མོར་འཆམ་མཐུན་རོགས་རེས་ཀྱི་འཚོ་བར་གནོད་པ་བཟོ་རྒྱ ུ་ནི་ཁོ་ཚོའི་མི་ཚེའི་ཆེད་ལས་རེད། འོན་ཀྱང་། ཏྰ་ལའི་རུ་ཚོགས་ཀྱི་ཁ་བྲལ་བྱ་འགུལ་ནི་གཏོར་བརླགས །ཕམ་ཁ། ཡང་གཏོང་བརླགས། ཡང་ཕམ་ཁའི་ཁྲོད་འཁོར་བ་དེར་དོན་དངོས་ཀྱིས་བདེན་དཔང་བྱས་ལ་ཕྱིས་འབྱུང་ཡང་མུ་མཐུད་ནས་བདེན་དཔང་བྱེད་རྒྱུ་རེད། ”ཟེར་བའི་གོང་གི་སྐད་ཆ་འདི་དངོས་གནས་བདེན་པ་ཡིན་ཚེ། ཁྱེད་ཚོས་རང་དབང་ལྡན་པའི་སྒོ་ནས་བོད་མི་མང་ལ་འོས་ཤོག་འཕེན་དུ་བཅུག་ནས་རྒྱ་ནག་གཞུང་དང་ྋགོང་ས་རྒྱལ་བ་རིན་པོ་ཆེ་རྣམ་གཉིས་གདམ་ཀ་བྱེད་དུ་འཇུག་དགོས་པ་རེད། དེ་ལྟར་བྱས་ན་ད་གཟོད་རྒྱལ་སྤྱིའི་གླེང་ཕྱོགས་བསྒྱུར་ཐུབ་པ་རེད། འོན་ཀྱང་ངས་ཁྱེད་ཚོ་ལ་དེ་ལྟར་བྱ་རྒྱུའི་གདེང་ཚོད་མེད་པ་སྔ་ས་ནས་ཤེས་ཀྱི་ཡོད། ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་བོད་མི་མང་གིས་ད་ལྟའི་རྒྱ་ནག་གཞུང་གི་འོག་ནས་འདི་མུར་བསྡད་ན་ཡིད་ཚིམ་པའི་རྣམ་འགྱུར་བསྟན་ཚེ་ངས་རྒྱ་ནག་གཞུང་ལ་དགོངས་སེལ་ཞུ་ཀི་ཡིན་ཞེས་འཛམ་གླིང་སྟེང་ཡང་ཡང་གསུངས་མྱོང་ཡོད་པ་རེད། ད་ལྟ་བར་དུ་ཁོང་གི་ཐུགས་དགོངས་དེ་འགྱུར་མྱོང་གཏན་ནས་ཡོད་པ་མ་རེད། ཁྱེད་ཚོ་ལ་གདེང་ཚོད་ཡོད་ན་རང་དབང་གི་སྒོ་ནས་འོས་འཕེན་ཐེངས་གཅིག་བྱེད་དུ་ཆུགས་དང་། དེས་ད་གཟོད་བོད་ཀྱི་གནད་དོན་མེད་པར་ཆགས་ཀྱི་རེད། དེ་མིན་ཁ་ནས་བཤད་པ་ཙམ་གྱིས་བོད་དོན་མེད་པར་ཆགས་རྒྱུ་ཡོད་ན། ད་མཚམས་མེད་པར་ཆགས་ནས་ཡུན་རིང་སོང་ཡོད་ངེས་ཡིན། ཧ་ཅང་སྟབས་བདེ་བོ་ཡོད་པའི་བྱེད་ཐབས་འདི་འདྲ་ཞིག་ལག་བསྟར་བྱས་ཚེ། ཁྱེད་ཚོས་ཀྱང་ག་དུས་ཡིན་ཡང་འཛམ་གླིང་སྟེང་ངོ་ཚ་ཉོ་མི་དགོས་པར་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་གཟི་བརྗིད་ངོམ་ཆོག་པ་རེད།
ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཞི་བདེ་དེད་དཔོན་ཡིན་པ་དང་། རྒྱ་མཚོ་ལྟར་ཟབ་པའི་ཁོང་གི་དགོངས་ཀློང་ནས་རྒྱ་མིའི་བདེ་སྐྱིད་བློས་ནམ་ཡང་གཏོང་མི་སྲིད་པ་ཡིན། ཀྲུང་གོའི་མི་རིགས་མང་པོའི་ཁྱིམ་གཞི་ཆེན་མོར་འཆམ་མཐུན་རོགས་རེས་ཀྱི་འཚོ་བ་ཞེས་པ་དེ་གྲངས་ཉུང་མི་རིགས་རྣམས་དུས་རབས་གསར་པའི་བྲན་གཡོག་གསར་པ་ཞིག་ལ་འགྱུར་ཡོད་པ་འདི་ལ་ཟེར་དགོས་པ་ཨེ་རེད། འཛམ་གླིང་སྒང་མི་དེ་འདྲའི་མང་པོ་ཞིག་གིས་རང་དབང་དང་མང་གཙོ་ལོངས་སུ་སྤྱོད་ཀྱིན་པའི་དེ་རིང་ང་ཚོ་བོད་པས་མཚོན་པའི་གྲངས་ཉུང་མི་རིགས་རྣམས་བྲན་གཡོག་གསར་པ་ཞིག་ཏུ་འགྱུར་ཡོད་པ་དང་། མི་སེར་སྤེལ་ཡུལ་ལག་བསྟར་གྱིས་གྲངས་ཉུང་མི་རིགས་རྣམས་རྩ་མེད་བཟོ་བའི་སྲིད་བྱུས་ངོ་ལྐོག་ཅི་རིགས་ནས་སྤེལ་གྱིན་ཡོད་པ་འདི་ལ་རོགས་རེས་ཟེར་བ་ཡིན་ནམ། དོན་ངོ་མ་ངས་ཉིན་མཚན་དུས་དྲུག་ཏུ་བཙན་བྱོལ་བའི་འཚོ་བ་འདི་མྱུར་དུ་མཇུག་སྒྲིལ་རྒྱུར་རེ་བ་ཆེན་པོ་རྒྱག་གི་ཡོད། བཙན་བྱོལ་བའི་འཚོ་བ་འདི་མཇུག་སྒྲིལ་མིན་དེ་བོད་ནང་དུ་ཡོད་པའི་བོད་རྒྱ་ཆེ་མི་མང་གི་མངོན་འདོད་དང་འབྲེལ་ནས་ཡོད་པ་རེད། ནམ་ཞིག་ཁོང་ཚོའི་མངོན་འདོད་དེ་ཡོངས་སུ་འགྲུབ་སོང་ན། ད་གཟོད་ང་ཚོས་རང་ཉིད་ཀྱི་བཙན་བྱོལ་འཚོ་བ་འདི་དང་ཁ་གྱེས་ནས་ཕྱིར་སྤུན་ཟླ་ས་ཡ་དྲུག་དང་མཉམ་དུ་སོ་སོའི་ཕ་ས་དང་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུར་འབད་འབུངས་བྱ་ངེས་ཡིན།
“ཏཱ་ལའི་བླ་མས་ལས་འཁྱུར་ངལ་གསོ་བྱས་པ་ཁྱབ་བསྒྲགས་བྱས་རྗེས་ཀྱི་བྱེད་སྒོ་ཡིས་ཏཱ་ལའི་བླ་མ་ལས་འཁྱུར་བྱས་ཀྱང་ངལ་མི་གསོ་བའི་དོན་དངོས་ར་སྤྲོད་བྱས། ཏཱ་ལའི་བླ་མས་ཨོ་སི་ཁྲུ་ལི་ཡ་ནས་ང་རང་སླར་ཡང་ཆོས་ལུགས་པ་རྣལ་མ་ཞིག་གི་བྱ་སྤྱོད་ལ་གནས་རྒྱུ་ཡིན་ཚུལ་གྱི་ཐ་ཚིག་བསྒྲགས་པ་ཡིན་མོད། འོན་ཀྱང་ཟླ་བ་གསུམ་རིང་ལ་ཏཱ་ལའི་བླ་མ་རྒྱལ་ཁབ་བཅུར་ཉེ་བ་ཞིག་ལ་མཚམས་འདྲིར་ཕྱིན་པ་དང་། ས་གང་དུ་ཐོན་དུས། ཆོས་ལུགས་ཀྱི་གར་སྟེགས་དང་། ཆབ་སྲིད་ཀྱི་ཟློས་གར་སྐྱོང་བའི་བྱེད་ཐབས་རྙིང་བ་ཡང་ནས་ཡང་དུ་བཀོལ་གྱིན་ཡོད་པས། འཛེམ་བག་གཏན་ནས་མེད་པའི་སྒོ་ནས་ཆབ་སྲིད་གླེང་བ་དང་། ངན་བཤད་འུད་སྒྲོག་དང་། ཀྲུང་གོར་ངན་འདོགས་བྱེད་པ། ཆབ་སྲིད་ཀྱི་མི་སྣར་ཐུག་འཕྲད་བྱེད་པར་འཚོལ་སྙེག་དང་། གང་སར་ཐོན་པའི་རྒྱལ་ཁབ་དེ་དང་ཀྲུང་གོའི་བར་གྱི་འབྲེལ་བ་གཏོར་བརླག་བྱེད་པ་སོགས་ཀྱི་སྤྱོད་ལམ་རྒྱུན་ལྡན་དུ་གྱུར་ཡོད་པས། ལས་འཁྱུར་ངལ་གསོ་དང་ཆོས་ལུགས་པ་རྣལ་མའི་གྲིབ་མ་ཙམ་ཡང་མཐོང་མི་ཐུབ་བོ། །”ཟེར་བའི་སྐད་ཆ་ཤོད་སྟངས་འདི་ལ་བལྟས་ན།
ཁྱེད་ལ་ད་དུང་གོ་བརྡ་ཡག་པོ་ཞིག་འཕྲོད་མེད་པ་འདྲ། ྋགོང་ས་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་གོ་གནས་རྩིས་སྤྲོད་བྱས་པ་དེ། དགའ་ལྡན་ཕོ་བྲང་གིས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་བྱེད་རྒྱུའི་ལམ་ལུགས་དེ་ཕྱིར་བསྡུ་གནང་ནས་དབང་ཆ་དེ་མི་མང་གིས་འོས་འདེམ་བྱས་པའི་བཀའ་བློན་ལ་རྩིས་སྤྲོད་བྱས་པར་གོ་དགོས་པ་རེད། དོན་ངོ་མ་བཤད་ན་དེས་རང་དབང་དང་མང་གཙོའི་ལམ་དུ་གོམ་ཞེང་ཆེན་པོ་ཞིག་སྤོ་ཟིན་པ་མཚོན་གྱིན་ཡོད་པ་རེད། ཁོང་ཚང་བོད་མི་ཞིག་ཡིན་པའི་རྒྱུ་མཚན་གྱིས་བོད་ཀྱི་བདེ་སྡུག་ཐོག་ལ་ཕྱག་ལས་གནང་རྒྱུ་མཚམས་འཇོག་གནང་གི་མ་རེད། འདི་གཉིས་ཀྱི་ཁྱད་པར་གསལ་པོ་འབྱེད་ཤེས་དགོས་པ་རེད། ྋགོང་ས་རྒྱལ་བ་རིན་པོ་ཆེ་མ་ཟད། ང་ཚོ་བོད་མི་ས་ཡ་དྲུག་པོས་ཀྱང་བོད་དོན་ཐད་ལས་ཀ་བྱ་རྒྱུ་ལ་མཚམས་འཇོག་བྱེད་རྒྱུ་ཟེར་བ་ཞིག་ཡོད་པ་མ་རེད། འདི་ནི་ང་ཚོ་བོད་པ་ཞིག་བྱས་ནས་སྐྱེས་ཤིང་བོད་པ་ཞིག་བྱས་ནས་མ་ཤི་བར་དུ་མཚམས་འཇོག་ཏུ་མེད་པའི་བླ་མེད་ཀྱི་འགན་འཁྲི་ཞིག་ཡིན་པ་རེད། འདིའི་རྒྱུ་མཚན་ནི། ཧ་ཅང་ལས་སླ་བོ་ཞིག་སྟེ། ང་ཚོ་བོད་པ་ཡིན་པ་ཙམ་གྱིས་རེད།
ཡང་གཅིག་བཤད་ན། ྋགོང་ས་ཏཱ་ལའི་བླ་མ་མཆོག་རྒྱལ་ཁབ་གང་དུ་ཕེབས་ཀྱང་དེ་ནི་ཁོང་ཚང་གི་མཛད་འགན་གསུམ་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས། དེ་ནི་ཁོང་ཚང་གིས་ནམ་ཡོང་འདོར་མི་སྲིད་པ་ཞིག་ཡིན། མཐའ་མཇུག་ངས་ཁྱེད་ཅག་ལ་ག་རེ་བཤད་སྙིང་བྲོ་སོང་ལབ་ན། སྐད་ཆ་ག་རེ་བཤད་ཀྱང་སོ་སོའི་གོ་ཐོབ་དེ་བརྗེད་དུ་མ་འཇུག་རོགས། གུང་ཁྲན་ཏང་གིས་ག་དུས་ཡིན་ན་ཡང་། ྋགོང་ས་རྒྱལ་བ་རིན་པོ་ཆེའི་ཕྱག་ལས་གནང་སྟངས་འདི་ཆོས་དང་མཐུན་མི་མཐུན་བཤད་པ་འདི་ལ་མིས་བལྟས་ན་དེ་ཙམ་མཛའ་བ་མ་རེད།
ཟུར་ཞུ། རྩོམ་ཡིག་ནང་དུ་དྲངས་ཡོད་པའི་ལུང་དེ་ཚོའི་ཡིག་ནོར་རྣམས་སོར་བཞག་བྱས་ཡོད།
འདས་པའི་ལོ་འགའི་གོང་དུ་ཕྱག་མཛོད་ཅིག་གིས་མགྲོན་ཁང་ནང་དུ་བོད་ནས་ཡོང་བ་ཞིག་ལ་སྟག་གཟིག་སྲམ་གསུམ་གྱི་པགས་པ་འཚོང་སྐབས་གནས་མཇལ་ལ་ཡོང་མཁན་ཁོང་ཧང་སོང་འདུག་པའི་གནས་ཚུལ་འདུག
ད་ཡིན་ན་ཕྱག་མཛོད་ཚོས་དགོན་པའི་གྲྭ་རྐྱང་དཀྱིས་མ་ཚོའི་དཔལ་འབྱོར་སྒེར་གྱིས་བཙན་བཟུང་བྱས་པ་ཁག་དང་རྒྱ་ནག་དམར་པོས་ཉམས་ཐག་མི་མང་གི་དཔལ་འབྱོར་བཙན་གྱིས་སྒེར་བཟུང་བྱས་པ་གཉིས་ཀྱི་བར་ལ་ཁྱད་པར་གང་འདུག་ང་ཚོས་ཞིབ་འདུར་བྱས་ནས་དངོས་ཡོད་གང་མཆིས་སྤྱི་ཚོགས་ཡོངས་ལ་གསལ་པོར་བཟོ་བའི་དུས་ལ་སླེབས་འདུག
གོང་གི་རྩོམ་ཡིག་འདི་བཀླགས་པ་དང་མཉམ་དུ་བསམ་ཚུལ་ཞིག་བརྗོད་པར་འདོད་དེ། ཉེ་ཆར་རྒྱ་ནག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བ་ཡིན་ཟེར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཕྱིའི་རྣམ་པ་ལ་བལྟས་ན་འཛམ་གླིང་མི་དམངས་རྣམས་དགའ་འོས་པ་ཞིག་ཏུ་འདུག་ཀྱང་དོན་དངོས་སུ་དེ་འདྲ་ཞིག་རྩ་བ་ནས་མིན་པ་དང་། བདག་བོད་ལྗོངས་སློབ་ཆེན་དུ་ཡོད་པའི་སྐབས་སུ་ལོ་ངོ་ལྔ་བཅུ་འཁོར་བའི་ཞི་བའི་བཅིངས་འགྲོལ་གྱི་འཁྲབ་སྟོན་ལ་དངོས་སུ་ཞུགས་པ་དང་སྐབས་དེར་སློབ་གྲྭའི་ནང་དུ་ཆེད་དུ་ཟླ་ཤས་རིང་ལ་སློབ་གྲྭའི་འགོ་གཙོ་ཁག་གིས་ང་ཚོ་ལ་སློབ་གསོ་བརྒྱབ་པ་དང་འཁྲབ་སྟོན་གྱི་རྣམ་འགྱུར་སྟོན་སྟངས་ཡུན་རིང་བསླབས་ནས་དངོས་སུ་འཁྲབ་སྟོན་བྱེད་པའི་སྐབས་སུ་ལྷ་སའི་སྲང་ལམ་ཁག་དང་ཚོགས་རྭའི་མཐའ་སྐོར་དུ་དམག་མི་འབོར་ཆེན་བཀྲམས་ནས་ལྟ་རྟོག་གི་འོག་ཏུ་ང་ཚོ་རྣམས་འཁྲབ་སྟོན་བྱེད་དུ་བཅུག་པ་དང་། སྐབས་དེའི་གཟིགས་མོ་ལ་ཆེད་དུ་བཀོད་སྒྲིག་བྱས་པའི་འབྲེལ་ཡོད་མང་ཚོགས་མ་གཏོགས་མི་དམངས་དཀྱུས་མ་རྣམས་ཕེབས་ཆོག་གི་མེད་པ་རེད།
དྲ་གྲོགས་མ། དཀར་མཚོ་སྐྱིད་ལགས། རང་ཕེབས་ནས་ངའི་རྩོམ་ཡིག་ལ་བསམ་ཚུལ་ལྷུག་བརྗོད་བྱས་པར་དགའ་ཡོད། ངས་རྩོམ་ཡིག་འདི་དང་པོ་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་དེའི་རྩོམ་སྒྲིག་པ་ལ་བཏང་བ་ཡིན། འོན་ཀྱང་ཕྱིས་སུ་བསམ་བློ་གཏོང་སྐབས་དྲ་ཚིགས་སྟེང་ཡོངས་གྲགས་བྱས་ན་བཀོད་ན་ཧྲ་ཀི་བསམས་ནས་འདིར་བཀོད་པ་ཡིན།
བཀའ་དྲིན་ཆེ་ཞུ་ཀི་ཡོད། འདི་ནི་གཟུར་མི་རུང་བའི་དེ་རིང་གི་བོད་ཕྱི་ལ་ཡོད་པའི་སྨྱུག་ཐོག་པ་རྣམས་ལ་བབ་པའི་འགན་འཁྲི་ཞིག་རེད། རང་གིས་ཀྱང་དུས་ལྟར་ངོ་རྒོལ་རེ་བྱས་ཡོད་ནའང་། ཁྱོད་ཀྱི་རྩོམ་ཡིག་ལྟ་བུའི་རྣོ་དཔལ་ལྡན་པ་ཞིག་གཏན་ནས་མ་རེད།
དེ་རིང་ངོ་མ་བོད་མི་སྨྱུག་འཛིན་པ་ཞིག་གིས་རང་གི་ལས་འགན་ངོས་ཟིན་པའི་སྒོ་ནས་རྩོམ་ཡིག་དགའ་འོས་པ་ཞིག་སྤེལ་འདུག
འདིར་ལྟར་བོད་པའི་སྨྱུག་འཛིན་པ་ཚོ་ཁ་མདུན་དུ་ཕྱོགས་ནས་རྒྱ་དམར་གཞུང་གིས་ཆེད་དམིགས་གླེང་རྙོག་བཟོ་པ་དེ་ཚོར་གསལ་བཤད་རེ་བྱ་ཐུབ་ན་རྗེས་སོེར་ལོ་རྒྱུས་ཀྱིས་བདེན་ཁ་གྲག་ངེས།