ཆབ་བྲག་ཕོ་ཉ།
བཀུར་བར་འོས་པའི་ཀྲུང་གོའི་རིགས་སོ་སོའི་རྒྱ་ཆེའི་མི་དམངས་རྣམས། ཁྱེད་ཚོས་བོད་ཀྱི་འདས་པའི་ལོ་རྒྱུས་གསལ་བོ་ཞིག་ཤེས་མེད་ལ་ད་ལྟའི་བོད་ཀྱི་གནས་བབ་ངོ་མ་ཡང་ཤེས་ཀྱིན་མེད། དེ་བས་བོད་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཡང་གནང་ཐུབ་ཀྱིན་མེད་ངེས་ན་ངས་འདིར་བདེན་པའི་གསལ་འདེབས་འགའ་ཞུ་འདོད་བྱུང་།
དང་པོ། བོད་ལ་བཙན་འཛུལ་བྱས་པ།
༡༩༤༩། ༡༠།༡ ཉིན་རྒྱ་ནག་དམར་ཤོག་གི་རྒྱལ་ཁབ་གསར་བཙུགས་ཁྱབ་བསྒྲགས་ཟིན་པའི་རྗེས་ནས་བོད་ལ་དཔུང་འཇུག་བྱས་ཏེ། ༡༩༥༠།༡༠།༡༨ ཉིན་ཆབ་མདོར་བོད་ཀྱི་གཞུང་དམག་ཕམ་པར་བཏང་ཞིང་། དེ་རྗེས་གཞི་ནས་བོད་གཞུང་གི་མི་སྣ་འགའ་ཆེད་དུ་བཀུག་ནས། ༡༩༥༡།༥།༢༣ ཉིན་པེ་ཅིན་དུ༼ བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་དོན་ཚན་བཅུ་བདུན༽ཟེར་བ་འཇོག་བཅུག་ནས་འཛམ་གླིང་ཡོངས་ལ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཡིན་ཚུལ་འུད་ཀྱིས་བསྒྲགས།
གཉིས་པ། བོད་ལ་བཙན་པོས་དབང་སྒྱུར་བྱས་པ།
གྲོས་ཆོད་དེའི་ནང་དུ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་གསར་བརྗེ་རིམ་པས་བྱ་རྒྱུ་དང་ཏཱ་ལའི་བླ་མའི་སྐུ་དབང་ལ་འགྱུར་བ་མི་གཏོང་ཚུལ་སོགས་བཀོད་ཡོད་ན་ཡང་ལག་ལེན་གོ་ལྡོག་པས་ ༡༩༥༩།༣།༡༠ ཉིན་ལྷ་སར་བོད་མི་ཁྲི་ཚོ་དུ་མས་ངོ་རྒོལ་སྐད་འབོད་བརྒྱབ་པ་མ་ཟད་ཏཱ་ལའི་བླ་མའི་བཀའ་ཤག་དང་བཅས་པའི་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་།
གསུམ་པ། བོད་ལ་དོན་ངོ་མའི་མི་རིགས་ས་ཁོངས་རང་སྐྱོང་མེད་པ།
བོད་ནི་དབུས་གཙང་དང་ཁམས། ཨ་མདོ་བཅས་ས་ཁུལ་ཆེན་པོ་གསུམ་གྱིས་གྲུབ་པའི་ས་ཁོངས་ཧ་ཅང་ཆེ་བའི་སྐད་ཡིག་གཅིག་གྱུར་གྱི་མི་རིགས་ཤིག་ཡིན་པར་མ་ཟད་རང་བཙན་གྱི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་ཡང་། རྒྱ་ནག་གཞུང་གིས་ ༡༩༥༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་གསར་བཙུགས་དང་ལྷན་ཁམས་དང་ཨ་མདོའི་ས་ཁུལ་འགའ་ཞིག་ཞིང་ཆེན་གཞན་ཁོངས་སུ་ཁ་གཏོར་ནས་བོད་རིགས་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་མིང་བཏགས་ཏེ། དོན་གྱིས་བོད་མི་རིགས་ཀྱི་རང་སྐྱོང་བདག་དབང་མེད་པར་བཏང་ཡོད་པར་མ་ཟད་རྒྱ་རིགས་འབོར་ཆེན་གནས་སྤོས་ཀྱིས་བོད་འདི་མི་སེར་སྤེལ་ཡུལ་དུ་སྒྱུར་བཞིན་ཡོད།
བཞི་བ། བོད་རང་བཙན་གྱི་བདག་དབང་རྩོད་ཀྱིན་མེད།
ད་ལྟ་བོད་མི་རིགས་ཀྱི་དོན་གྱི་བདག་པོ་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་རང་བཙན་མི་རྩོད་པར་གོང་གསལ་བོད་རིགས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་མི་རིགས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་བའི་དགོས་འདུན་ཡིག་ཆ་དང་བཅས་པ་ཀྲུང་དབྱང་ལ་ཕུལ་ཡོད་ན་ཡང་། ད་དུང་མེས་རྒྱལ་ཁ་བྲལ་གྱི་ཞྭ་མོ་གཡོགས་ནས་བདེན་དོན་རྩིས་མེད་དུ་གཏོང་བཞིན་པ་རེད།
ལྔ་བ། དྲང་བདེན་དང་ཞི་བའི་འཐབ་རྩོད་ཁོ་ན།
རྒྱ་ནག་གིས་བོད་ལ་ཐོག་མར་དཔུང་འཇུག་བྱས་དུས་ནས་ ༡༩༥༩ ལོའི་བར་ལ་བོད་གཞུང་དམངས་གཉིས་ངོས་ནས་དྲག་པོ་ལ་དྲག་པོའི་ཡ་ལན་གང་ཐུབ་གནང་ཡོད་པ་ལས། བཙན་བྱོལ་དུ་ཕེབས་པ་ནས་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་སུ་མི་རིགས་ཀྱི་འཐབ་རྩོད་ཀྱི་ལས་འགུལ་ཚང་མ་ནམ་ཡང་དྲག་པོའི་ལམ་དུ་ཕྱིན་མེད་ལ། རྒྱ་ནག་གཞུང་ལྟར་ལོ་རྒྱུས་འཁྱོག་བརྗོད་དང་དོན་གནས་རྫུན་བཟོ་སོགས་ཧམ་བཤད་གང་ཡང་བྱེད་ཀྱིན་མེད། ང་ཚོའི་འཐབ་རྩོད་འདི་ཞི་བ་དང་དྲང་བདེན་འབའ་ཞིག་ཡིན་པ་འཛམ་གླིང་ཡོངས་སུ་གསལ་བོ་ཆགས་ཡོད།
རྒྱ་ནག་གཞུང་གིས་ད་དུང་ཡང་མི་རིགས་སྲིད་ཇུས་ལ་ལེགས་བཅོས་མ་གནང་བ་དང་ཆོས་དད་རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་ལ་ཆེ་མཐོང་མ་གནང་བར་མུ་མཐུད་དབང་ཤེད་དང་དྲག་ཤུགས་ཀྱིས་མི་རིགས་ལ་གཉའ་གནོན་བྱེད་རྒྱུ་ཡིན་ཚེ་བོད་ནང་གི་ཁ་སང་དེ་རིང་གི་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་ངོ་རྒོལ་གྱི་མེ་ལྕེ་ཞིག་འཕྱུར་བཞིན་པ་འདི་དྲག་པོའི་མེ་རླབས་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ལ། དེའི་མཇུག་འབྲས་ཚང་མ་རྒྱ་ནག་གཞུང་གིས་འགན་འཁུར་དགོས་པ་འདི་དག་རྒྱ་ཆེའི་མི་དམངས་དུང་ཕྱུར་མང་པོས་གསལ་རྟོགས་དང་བཅས་བདེན་པའི་རྒྱབ་ལངས་གནང་རོགས་ཞུ།
དྲུག ཏཱ་ལའི་བླ་མ་ནི་ཞི་བདེའི་དེད་དཔོན་ངོ་མ་ཡིན།
༸ སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་མཚན་དོན་ཡོངས་སུ་མཚུངས་པ་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད་མོད་རྒྱ་ནག་དམར་ཕྱོགས་པས་རང་གི་ཁེ་ཕན་གང་ཞིག་གི་ཆེད་དུ་ནག་ཕྱོགས་མི་སྣ་ཞིག་ཏུ་ངན་བརྗོད་སྤེལ་མུས་ཡིན། ཏཱ་ལའི་བླ་མས་ལྷག་བསམ་རྣམ་དག་དང་རེ་སྨོན་ཆེན་པོས་མི་རིགས་འཆམ་མཐུན་དང་འཛམ་གླིང་ཞི་བདེར་སྨན་པའི་ཕྱག་ལས་མུ་མཐུད་གནང་ངེས་ཡིན་ན་ནང་པ་སངས་རྒྱས་པའི་རྗེས་འཇུག་དད་ལྡན་མི་མང་གིས་གཙོས་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཁོང་ཉིད་ལ་ཡིད་ཆེས་རེ་བཅོལ་གྱིས་ཀྲུང་གོའི་སྐམ་ས་ཆེན་པོར་ཕེབས་བསུ་བྱེད་རྒྱུ་ནི་སྐབས་བབ་ཀྱི་གཟི་བརྗིད་དང་རླབས་ཆེན་གྱི་འོས་འགན་ཞིག་ཡིན་པ་ཅིས་ཀྱང་གསལ་རྟོགས་ ཡོང་བའི་རེ་བ་ཞུ་གིན་ཡོད། བདེན་པ་རྣམ་པར་རྒྱལ་ནས་འཛམ་གླིང་ཞི་བདེ་ཡོང་བར་སྨོན་ནོ།།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
༢༠༡༢།༣།༡༠། ཉིན།
ཚིག་ཉུང་ལ་དོན་རྒྱ་ཆེ་བའི་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག ངོ་མ། ཕུལ་བྱུང་རྩོམ་པ་པོ་ཟེར་ན་དེ་འདྲ་ཞིག་ཡིན་ས་རེད།
དང་པོ། བོད་ལ་བཙན་འཛུལ་བྱས་པ་རེད།
སྤྱིར་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཅིང་། གནའ་སྔ་མོར་རྒྱ་ནག་གི་ཆེན་པོ་ཐང་གི་རྒྱལ་རབས་རིམ་བྱོན་དང་རེ་འགར་འཐབ་ཅིག་རེ་འགར་མཐུན་པའི་ལོ་རྒྱུས་ཡིག་ཚང་དག་ན་གསལ་བོར་ཡོད།
༡༩༤༩ ལོར་གོ་གུང་དམག་འཐབ་ལས་གུང་ཁྲན་ཏང་ལ་ཡོངས་སུ་རྒྱལ་ཁ་ཐབ་སྟེ་རྒྱ་ནག་གི་སྲིད་དབང་དམར་ཕྱོགས་ཚོགས་པས་བཟུང་ཞིང་། མའོ་ཀྲུའུ་ཞིས་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་པ་རེད།
༡༩༥༠ ལོའི་ཟླ་༡༠་ཚེས་༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་ཐག་ཧ་ཅང་མི་རིང་པའི་སར་ཡོད་པའི་བོད་ཀྱི་ས་སྲུང་དམག་སྒར་ཆེ་ཤོས་ཆབ་མདོ་ཟེར་བ་རྒྱའི་དམར་སྲུང་དམག་གིས་དཔུང་འཇུག་བྱས་ཏེ་བདག་བཟུང་བྱས་ཤིང་། དེར་ཡོད་མདོ་སྨད་སྤྱི་ཁྱབ་དང་ཕྱག་རོགས་དཔོན་དམག་རྣམས་འཛིན་བཟུང་བཙོན་འཇུག་མནར་གཅོད་ཚད་མེད་བཏང་། ༼འདིའི་བཀའ་ཟུར་ཀུན་གླིང་འོད་ཟེར་རྒྱལ་མཚན་གྱི་མི་ཚེའི་ལོ་རྒྱུས་ནང་གསལ་བས་དེར་གཟིགས་རོགས།༽ མདོ་སྤྱི་ང་ཕོད་པེ་ཅིན་དུ་བཙན་ཁྲིད་བྱས་ཤིང་བོད་གཞུང་གི་ལས་བྱེད་ཆེད་འགུག་གིས་༡༩༥༡ ལོའི་ཟླ་༥ བའི་ཚེས་༢༣ ཉིན་པེ་ཅིན་དུ་༼བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་མཐུན་དོན་ཚན་བཅུ་བདུན་༽ཟེར་བར་མིང་རྟགས་བཀོད་དུ་བཅུག ༼དེ་ཡང་ཆངས་དོན་ལ་བོད་ཀྱི་སྐུ་ཚབ་ཡིད་མོས་མེད་ཀྱང་འཇིགས་སྐུལ་གྱིས་ཆངས་ཡིག་ལ་མིང་རྟགས་བཀོད་དུ་བཅུག འདིའི་བོད་ཀྱི་སྲིད་དོན་རྒྱལ་རབས་སོགས་སུ་གསལ་བས་དེར་གཟིགས་རོགས། ༽ཅིང་། ཉིན་དེ་བཟུང་འཛམ་གླིང་ལ་ཆངས་ཡིག་རྫུན་བཟོས་དེ་ཁྱབ་བསྒྲགས་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད།
གཉིས་པ། བོད་ལ་དོན་ངོ་མའི་མི་རིགས་ས་ཁོངས་རང་སྐྱོང་མེད་པ།
༼ཁ་བྱང་ཆུང་བ་འདི་ཅུང་འགྲིག་མི་འདུག་སྙམ།༽ བོད་ལ་མི་རིགས་ས་ཁུངས་རང་སྐྱོང་གི་ཐོབ་ཐང་མེད། སྤྱི་ཆངས་ཡིག་དོན་ཚན་བཅུ་བདུན་གྱི་ནང་དུ་གསལ་བ་ལྟར་ན་མི་རིགས་ས་ཁུངས་སྐྱོང་གི་ཐོབ་ཐང་ཡོད་པ་དང་། རྒྱལ་པན་རྣམ་གཉིས་ཀྱི་སྐུ་དབང་ལ་འགྱུར་བ་མེད་པ་སོགས་བཀོད་པ་ཚང་མ་རིམ་པས་ལོ་དྲུག་གི་ནང་ཚུན་ལ་བསྒྱུར་བཅོས་བྱས་༼འདིའི་སྐོར་འབའ་བ་ཕུན་དབང་གི་དེབ་དེར་གཟིགས་རོགས། ༽པས་བོད་མི་གཞུང་སྒར་ཚང་མའི་སེམས་སུ་འདི་ལྟར་བྱས་ན་མཐར་བོད་ཀྱི་རྒྱལ་བློན་ཚོར་དབང་ཚད་ཅི་ཡང་མེད་པར་ཡོད་ཚད་རྒྱའི་དབང་འོག་ཏུ་ཤོར་རྒྱུ་ཡིན་པས་དོན་དངོས་ར་འཕྲོད་ལ་ཞེན་སྣང་དུས་གཅིག་སྐྱེས། བོད་གཞུང་གི་ལས་ཁུངས་མང་པོ་སྒོ་བརྒྱབས་ཤིང་བོད་ཀྱི་དམག་མི་ཡང་རྒྱའི་དམག་དང་ཟླ་སྒྲིལ་བྱེད་དགོས་པ་སོགས་བོད་གཞུང་གི་ལས་ཁུངས་ཁག་དང་དེ་འབྲེལ་གྱི་བྱ་བྱེད་ཚང་ལ་གཅིག་བསྡུ་བྱེད་འགོ་བཙུགས་ཤིང་། མཐར་༡༩༥༩ ལོར་༸གོང་ས་མཆོག་ཀྱང་གཡོ་ཐབས་ཀྱིས་ལྷ་སའི་དྲ་གཞིར་ཡོད་པའི་རྒྱའི་དམག་སྒར་དུ་འབོད་འགུག་གིས་འཛིན་བཟུང་བྱེད་རྒྱུའི་གཡོ་ཇུས་བཤམས་པས། ལྷ་སའི་ནང་དུ་བོད་མི་ཁྲི་ཚོ་དུ་མ་མ་བསྡུས་རང་འདུས་ཀྱི་རྒྱ་དམར་གྱིས་བྱེད་སྟངས་དེར་ངོ་རྒོལ་དང་༸གོང་ས་མཆོག་རྒྱའི་དམག་སྒར་དུ་མི་ཕེབས་རྒྱུའི་རེ་འདུན་ཞུས་ནོར་གླིང་མཐའ་སྐོར་དུ་ཉིན་མཚན་དུས་དྲུག་ལ་མི་དམངས་ཀྱིས་སྲུང་བྱ་དམ་པོ་བྱས་ཤིང་། ༡༩༥༩ ལོའི་ཟླ་༣ པའི་ཚེས་༡༥་དང་༡༦ སོ་སོར་ནོར་བུ་གླིང་གར་རྒྱ་དམག་གིས་མེ་སྒྱོག་ཐེངས་འགའ་བརྒྱབས་ཤིང་དྲག་པོས་དཔུང་འཇུག་བྱེད་པར་སྟ་གོན་བྱས་པས། ༸གོང་ས་མཆོག་སྐུ་འཁོར་ཧྲག་བསྡུས་ཀྱིས་༡༩༥༩ ལོའི་ཟླ་༣ པའི་ཚེས་༡༧ མཚན་མིའི་དུས་ཚོད་༡༠ ཡོལ་མཚམས་ནོར་བུ་གླིང་ག་ནས་རྒྱ་གར་ཕྱོགས་སུ་བྲོས་ཐོན་གནང་པ་དང་། ཚེས་༡༩ ཉིན་ལྷ་སར་བོད་མི་དམངས་ཁྲི་ཚོ་མང་པོ་རྒྱ་དམར་གྱིས་དམར་བསད་བཏང་ཞིང་། སྐྱེ་པ་ཕོ་རྣམས་ཀྱི་རོ་ལ་ཞིབ་བཤེར་གྱིས་༸གོང་ས་མཆོག་བསད་ཡོད་མེད་བརྟག་བྱེད་བྱས་སྐོར་༼གོང་བཀོད་ཀུན་གླིང་འོད་ཟེར་རྒྱལ་མཚན་གྱི་དེབ་དེ་དང་གཞན་སྐབས་དེའི་བོད་ཀྱི་གཞུང་ཞབས་རྒན་གྲོས་ཚོའི་ངག་རྒྱུན་རྣམས་སུ་གསལ། ༽ལོ་རྒྱུས་ཡིག་ཆ་དང་བོད་མི་རྒན་པ་ཚོ་ཚང་མའི་ངག་རྒྱུན་དུ་གླིང་སྒྲུང་ལྟར་བསད་རྒྱུ་ཡོད།
གསུམ་པ། བོད་རང་བཙན་གྱི་བདག་དབང་རྩོད་ཀྱི་མེད།
སྤྱིར་བོད་ཅེས་པ་འདི་རྒྱའི་ནུབ་བྱང་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་དང་། དེ་ཡང་རེ་འགྲོགས་རེ་འཁོན་གྱིས་མི་ལོ་སྟོང་ཕྲག་འགའ་སོང་བ་ལོ་རྒྱུས་ཡིག་ཆར་གསལ་ལ། ༡༩༥༡ ལོར་ཆངས་ཡིག་༼བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་མཐུན་དོན་ཚན་བཅུ་བདུན ༽ཟེར་བ་དེ་མ་བཞག་པར་དུ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་དར་དང་རྒྱལ་གླུང་། རྒྱལ་དངུལ་སོགས་ཀྱང་བཟོ་སྐྲུན་དང་བཀོལ་སྤྱོད་བྱས་པ་ཡིན་ལ། དེ་ཡང་རྒྱལ་དར་དང་རྒྱལ་དངུལ་ནི་རྒྱ་དམར་གུང་ཁྲན་དང་ལས་སྔ་བ་དང་རྒན་པ། རྙིང་བ་བཅན་ཡིན་པས། གུང་ཁྲན་ཏང་གིས་དེ་དག་མེད་པར་བཟོ་པའི་ཐོབ་ཐང་མེད།
འོན་ཀྱང་དེང་སྐབས་བོད་ཕྱི་ནང་གཉིས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་བཞིན་སྔ་མོའི་རང་བཙན་རྩོད་ལེན་བྱེད་ཀྱིན་མེད་པར་བོད་མི་རིགས་འདུས་སྡོད་ས་ཁུལ་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་པ་རྩོད་ཀྱི་ཡོད་ཅིང་། དེ་དོན་དགོས་འདུན་ཡིག་ཆ་ལོ་འགའི་སྔོན་ནས་རྒྱ་དམར་གཞུང་གི་དཔོན་རིགས་ཚོར་སྤྲད་ཟིན་ཅིང་། རྗེས་སུ་གསལ་བཀྲོལ་ཡང་ཐེངས་འགར་བྱས་དང་བྱས་པར་རྒྱ་དམར་གྱི་དཔོན་རིགས་རིམ་པས་ཡ་ལན་དོ་སྣང་མེད་པར་བོད་ནང་དྲག་གནོན་མུར་སྐྱོང་བྱེད་བཞིན་པ་མ་ཟད། དྲག་གནོན་བྱེད་དགོས་དོན་ཡང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགོར་གཡོག་ཐབས་འབད་བཞིན་ཡོད།
བཞི་བ། དྲང་བདེན་དང་ཞི་བའི་འཐབ་རྩོད་ཁོ་ན་ཡིན།
སྤྱིར་༡༩༥༠ ནས་༥༩ བར་དུ་རྒྱས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་མིས་ཀྱང་ཞི་དྲག་གཉིས་ནས་འཐབ་རྩོད་དང་འགོལ་རྒོལ་རབས་དང་རིམ་པར་བྱས་ཀྱང་། དམག་ཤུགས་ཆེ་ཆུང་དང་དམག་ཇུས་ལྡན་མིན་གྱིས་རྒྱའི་དམར་དམག་གིས་བོད་བཙན་འཛུལ་ཐུབ་པ་རེད།
དེའི་རྗེས་ནས་མི་ལོ་༥༠ ང་གྲངས་རིང་བོད་མིས་ཞི་བའི་ངོ་རྒོལ་དང་བདེན་དོན་རྒྱུན་བགྲངས་བྱས་པ་ལས་དྲག་པོའི་ལས་འགུལ་སྣ་གཅིག་ཀྱང་སྤེལ་མེད་། རྒྱ་དམར་གྱིས་༡༩༥༠ ལོ་ནས་༡༩༧༠ བར་དུ་བོད་མི་ས་ཡ་གཉིས་ལྷག་དམར་བསད་དང་ལྟོགས་ཤིར་བཅུག་པ། སྡུག་སྦྱོང་སྣ་མང་སྤྱད་ནས་བསད་པ་དང་། སྡུག་སྦྱོང་མནར་གཅོད་དེའི་རྒྱུན་དུས་རབས་ཉེར་གཅིག་པའི་དེ་རིང་ཡང་མཚམས་མེད་པར་སྤྱོད་བཞིན་པ་རྒྱ་ནག་མི་དམངས་དུང་ཕྱུར་བཅོ་ལྔ་ལྷག་གིས་མིག་དང་རྣ་བས་གསན་གཟིགས་ཡོང་བའི་རེ་བ་ཞུ།
༸གོང་ས་མཆོག་ཞི་བདེའི་དེད་དཔོན་ཡིན་པ་དང་། བྱམས་བརྩེའི་བདག་ཉིད་ཁོ་ན་ཡིན་པས་རྒྱ་དམར་གྱིས་གདུག་རྩུབ་མནར་གཅོད་དེ་ལྟར་རྒྱུན་བསྲངས་བྱས་ཀྱང་། གནོན་ལན་ཕན་གྱིས་བཏགས་ཏེ་བོད་རྒྱ་མི་རིགས་མཐུན་འབྲེལ་དང་བོད་རྒྱ་མི་རིགས་སུ་ཡིན་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་སྐོར་བོད་མི་ཚོར་བཀའ་སློབ་རབས་རིམ་གནང་འབྲས་ལ། བོད་མི་རིགས་འདི་ཡང་ཟི་བ་ཁོ་ན་དོན་དུ་གཉེར་མཁན་གྱི་མི་རིགས་ཆགས་ཡོད་ལ། རྒྱ་དམར་གྱི་དྲག་པོས་བཙན་གནོན་ཅི་འདྲ་བྱས་ཀྱང་བོད་མིའི་ཞི་བའི་ངོ་རྒོལ་ཁོ་ན་ལས་དྲག་ལས་ཀྱི་ཕྱོགས་སུ་སྔར་ཡང་མ་སོང་ལ། ཕྱུས་སུའང་མི་འགྲོ་བར་ཡིད་ཆེས་གཏན་པོ་ཡོད།
མཐར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་ཚང་མར་སེམས་ནས་གུས་ཤིང་ཁྱོད་ཚོ་གཙོས་ང་ཚོའི་བོད་མིའི་བདེན་དོན་མྱུང་དུ་འགྲུབ་པའི་སྨོན་ལམ་འདེབས་སོ།།
༢༠༡༢ ལོའི་ཟླ་༣ པའི་ཚེས་༡༠ ཉིན་གུང་ཙམ་ལ།
ཆབ་བྲག་གི་རྩོམ་ཡིག་ནང་གསར་པ་གང་ཡང་མི་འདུག
གཅན་བཟོད་རྒྱམ་ལགས་་་་ཐུགས་རྗེ་་་ཡིན་ཡང་་ཁྱེད་ཀྱི་རྩོམ་ཡིག་འདི་སྔོན་དུ་མ་བྲིས་བར་ཕྱིས་སུ་དགོས་པ་དང་རྒྱུ་མཆན་ཅི་ཙམ་གཞལ།
ཀིརྟི་སྐྱབས་ལགས། ངས་སྤྱིར་ཆབ་སྲིད་ཀྱི་སྐོར་ལ་ཅང་བཤད་མི་ཤེས། འོན་ཀྱང་དགེན་ལྷ་མོའི་དཔྱད་གཏམ་འདི་མཐོང་བས་ཁསྣོན་ལྟ་བུར་བསམ་ཚུལ་ཙམ་ཞུས་པ་ལས་འདི་རྩོམ་ཡིག་ཅིག་ཡིན་སྣང་མེད་ལགས།
གཅན་བཟོད་ལགས་ཀྱིས་གསལ་འགྲེལ་གྱི་མཆན་བཀོད་པར་བཀའ་དྲིན་ཆེ་ཞུ།
བཙན་པོའི་བུ་ལགས། བདག་གིས་འདིར་གསར་འགྱུར་འབྲི་གིན་མེད་ལ་གསར་བཤད་ཀྱང་ཞུ་གིན་མེད། གནད་དོན་གཙོ་བོ་འགའ་ཀྲུང་གོའི་མི་དམངས་ཀྱིས་གསལ་རྟོགས་དགོས་པར་མཐོང་ནས་བྲིས་པ་ཡིན། རྒྱ་ཡིག་སོགས་སུ་གནད་དོན་འདི་རིགས་གསལ་བཤད་ཡག་ཙམ་བྱེད་དགོས་པ་གལ་ཆེར་མཐོང་གིན་འདུག