འབྲིང་བ་འཇིགས་མེད།
ཉེར་གཅིག་ལོ་ཡི་ལས་ཀྱི་ཐོག་མ་སྟེ།།
སྲིད་སྤྱིའི་འོས་བསྡུར་ཞུགས་པའི་རང་རིགས་དག །
རྣམ་དཔྱོད་ལྷག་བསམ་ཟུང་དུ་འབྲེལ་བའི་སྒོས།།
སྲིད་སྤྱིའི་མཛད་འགན་གཙོ་བོའི་གཙོ་བོ་འདི།།
བསྒྲུབ་ནུས་སུ་ཡིན་གང་དེ་འདེམས་པར་མཛོད།།
དཀར་པོ་གངས་ཀྱིས་བསྐོར་བའི་ཞིང་ཁམས་མཆོག།
དམར་པོ་རྒྱ་ལ་བསྒྱུར་བའི་སྔ་ལྟས་ཅན།།
སྲིན་མོའི་འཛུམ་བག་འདྲ་བའི་རྨི་ལམ་(འཆར་གཞིའམ་དམིགས་ཡུལ་)བཅུ།།
ཀྲུང་ནན་ཧའེ་ཡིས་རྨིས་དང་རྨི་བཞིན་པ།།
འདི་དག་བཟློག་པ་སྲིད་སྤྱིའི་འགན་དུ་བབས།།
༡ ཞི་བའི་བཅིངས་གྲོལ།
ཞི་བའི་བཅིངས་གྲོལ་གཏོང་ཞེས་དྲག་དམག་བཏང་།།
བོད་མི་འབུམ་ཕྲག་དུ་མ་ཕྱི་མར་བརྫངས།།
བོད་ཀྱི་སྣོད་བཅུད་གཉིས་ཀ་ཁྱུར་པོར་མིད།།
གྲོལ་བ་ཕྱི་ཕྱིར་བཅིངས་པའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༢ དམངས་གཙོའི་བཅོས་བསྒྱུར།
དམངས་གཙོའི་བཅོས་བསྒྱུར་བྱེད་ཅེས་འབངས་ལོག་བསྐུལ།།
ཞིང་ཕྱུགས་ཀུན་ཕྲོགས་མཉམ་ལས་སྤྱི་ཁང་བཙུགས།།
གྲལ་རིམ་འཐབ་རྩོད་མུ་གེའི་བསྐལ་པ་བསུས།།
བདེ་བ་སྡུག་ལ་བསྒྱུར་བའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༣ རིག་གནས་གསར་བརྗེ།
རིག་གནས་གསར་བརྗེ་ཟེར་བས་མི་རིགས་ཀྱི།།
སྐད་ཡིག་གོམས་སྲོལ་ཆོས་དང་རིག་གནས་སོགས།།
བཟང་དགུ་བསྣུབས་ཤིང་ངན་དགུ་སྣ་ཚོགས་སྤེལ།།
བཟང་པོ་ངན་པར་བརྗེས་པའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༤ རྒྱལ་གཅེས་ཆོས་གཅེས།
རྒྱལ་གཅེས་ཆོས་གཅེས་ཞེས་པའི་གཅེས་སྐད་ཀྱིས།།
ཆོས་པ་རྣམས་ལ་ཆོས་མིན་བྱེད་དུ་བཅུག །
ཆོས་ཀྱི་སྡེ་ཀུན་སྲིད་ཀྱི་གཡུལ་སར་བསྒྱུར།།
ཆོས་ལ་ལོག་པར་གཅེས་པའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༥ ནུབ་རྒྱུད་གསར་སྤེལ།
ནུབ་རྒྱུད་གསར་སྤེལ་ཞེས་པའི་ལས་གཞིའི་འོག །
ནུབ་ཕྱོགས་བོད་ཀྱི་ས་གཞི་ཕྱི་ནང་བསློགས།།
བོད་ཀྱི་ནགས་གཏེར་ཆུ་བོ་རྒྱ་ལ་དྲངས།།
ནུབ་རྒྱུད་སྟོང་པར་བཟོ་བའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༦ བོད་ལྗོངས་འཛིན་གྲྭ།
བོད་མི་རང་གི་རིག་གནས་སློབ་གྲྭ་དག །
རང་ཡུལ་བོད་དུ་མིང་གི་ལྷག་མར་བྱས།།
རྒྱ་ཡི་ཡུལ་དུ་བོད་ལྗོངས་འཛིན་གྲྭ་བཙུགས།།
བོད་མི་རྒྱ་མིར་བསྒྱུར་བའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༧ མི་རིགས་མཐུན་སྒྲིལ།
མི་རིགས་མཐུན་སྒྲིལ་དགོས་ཞེས་སྒྲོག་བཞིན་དུ།།
དེ་རྒྱུ་མི་རིགས་འདྲ་མཉམ་རྒྱང་དུ་བསྐྱུར།།
ནང་ཁུལ་དབྱེན་དཀྲུག་རྒྱ་བོད་རིགས་རྒྱུད་བསྲེས།།
རྒྱ་རིགས་ཆེན་པོར་འཐིམ་པའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༨ སྐད་གཉིས་སློབ་གསོ།
སྐད་གཉིས་སློབ་གསོ་དེང་གི་རྒྱན་ཡིན་ཞེས།།
རྒྱ་ཡིག་གཙོ་བོར་བྱེད་པའི་ལམ་ལོག་སྤེལ།།
བོད་མི་རང་གི་སྐད་ཡིག་གྲལ་མཐར་སྤྱུགས།།
བོད་མིའི་བླ་སྲོག་གཅོད་པའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༩ གྲོང་བསྒྱུར་དབུལ་སྒྲོལ།
གྲོང་དང་གྲོང་ཁྱེར་ལ་བསྒྱུར་དབུལ་སྒྲོལ་ཞེས།།
རང་བྱུང་འཚོ་བ་ཞིང་འབྲོག་ལས་དང་ཕྲལ།།
བཟོ་ལས་བཙན་སྐུལ་རྒྱ་སྡེའི་འཚོ་བར་བསྒྱུར།།
བོད་ཀྱི་རང་སྲོལ་བརླག་པའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
༡༠ ཆོས་ལུགས་རྒྱ་བསྒྱུར།
བོད་ཆོས་རྒྱ་ནག་ཅན་དུ་འགྱུར་བ་ཞེས།།
ཆོས་ལ་སྲིད་དང་བོད་ལ་རྒྱ་ལུགས་བསྲེ།།
ཆོས་ཀྱི་བྱེད་སྒོ་ཏང་གི་ལུགས་སུ་སྤེལ།།
གངས་ལྗོངས་རྒྱལ་བསྟན་བསྣུབ་པའི་རྨི་ལྟས་ཡིན།།
ལྟས་འདི་བཟློག་ནུས་པ་དག་འདེམས་པར་མཛོད།།
མཆེ་སྡེར་ཁྲག་ལ་བརྗིས་པའི་ཤར་འབྲུག་དེས།།
ནུབ་ཀྱི་གངས་རི་བསྙིལ་བའི་འཆར་གཞི་དག །
སྒྱུ་མའི་འཕྲུལ་དུ་ཤར་བའི་རྨི་ལམ་ལྟས།།
འདི་དང་དེ་འདྲ་ད་དུང་མང་དུ་སྣང་།།
འདི་དག་བཟློག་པར་ནུས་རྣམས་སྲིད་སྤྱིར་འདེམས།།
བོད་ཀྱི་ཡུལ་དང་སྐད་ཡིག་གོམས་སྲོལ་དང་།།
ཆོས་དང་རིག་གཞུང་མི་རིགས་བཅས་པ་ཀུན།།
རྒྱ་ནག་ཅན་དུ་བསྒྱུར་བའི་རྨི་ལམ་དག།
བཟློག་པའི་ལས་འདི་བསྒྲུབ་པར་མ་ནུས་ཚེ།།
སྲིད་སྤྱི་ལྷ་ནས་ཕེབས་ཀྱང་དགོས་པ་ཆུང་།།
འབྲིང་བ་འཇིགས་མེད་ཀྱིས། ༢༠༢༡།༡།༡
ཡག་པོ་བྲིས་འདུག
ཧ་ལས་པ་རེད།
མི་མ་འདྲ་བར་རྣམ་དཔྱོད་མི་འདྲ་བ།
སྲིད་སྤྱིར་འོས་འཕེན་པར་སྐུལ་སྟངས་མ་འདྲ་བ།
སྣང་བ་འགྲོ་བོ།