འཇམ་དཔལ་ཚུལ་ཁྲིམས།
ཉེ་ཆར་ཕྱི་ཟླ༢ཚེས་༡༣ཉིན། རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་<<སློབ་སྦྱོང་དུས་བབ>>་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་མི་རིགས་གནད་དོན་སྐོར་གྱི་རྕོམ་ཡིག་དེ་དབུ་མའི་ལམ་པ་ཚོ་ལ་ཅོང་བརྡ་ཞིག་ཏུ་འགྱུར་བའི་རེ་བ་ཡོད། ་འདིར་བོད་མི་དག་གིས་ཉན་མི་འདོད་པ་དང་། ང་ལ་སྡང་ཟུག་སྐྱེ་བའི་གནད་དོན་ཞིག་ཡོད་པ་ནི་རྩོམ་ཡིག་འདི་བརྒྱུད་ནས་ངས་ཀྲུའུ་ཝེ་ཆོན་ལ་གདེངས་འཇོག་ཅིག་སྐྱེས་བྱུང་བ་དེ་རེད། རྒྱུ་མཚན་ནི་རྩོམ་ཡིག་འདི་བརྒྱུད་ནས་ཁོང་གིས་རང་ཉིད་ལ་བབ་པའི་ལས་འགན་དེ་རང་ཉིད་ཀྱི་དབུས་གཞུང་གི་བཀའ་བཞིན་ཇི་ལྟར་ལམ་ལྷོང་ཡོང་བར་བསམ་གཞིགས་བྱེད་ཀྱིན་ཡོད་པ་དེ་མཐོང་ཐུབ་པས་ཡིན། ཁོ་རང་ཉིད་ཀྱི་ལས་འགན་དེ་ལྷག་བསམ་རྣམ་དག་གིས་སྒྲུབ་བཞིན་ཡོད་པའི་ཚོར་སྣང་ཞིག་སྐྱེས་བྱུང་བས་ཡིན།
ཀྲུའི་དང་ཁོ་བོའི་ལས་ཁུངས་ཀྱི་ལས་འགན་ནི་ཁོས་གང་བྲིས་ཡོད་པ་དེ་རང་རེད། མདོར་ན་མི་རིགས་ཀྱི་གནད་དོན་ཞིག་རྨག་མེད་དུ་གཏོང་རྒྱུ་དེ་རེད། མདོར་ན་ལས་ཁུངས་དེ་འཛུགས་དགོས་དོན་ཡང་གྲངས་ཉུང་མི་རིགས་ལ་ཤ་ཚ་དང་། གྲངས་ཉུང་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་བཙུགས་པ་ཞིག་ཡེ་ནས་མིན་པར་ཇི་ལྟར་བྱས་ནས་གྲངས་ཉུང་མི་རིགས་འདི་དག་མན་ཇུ་ལ་ཇི་ལྟར་བྱུང་བ་བཞིན་འབྱུང་ཐབས་ལ་དམིགས་ནས་བཙུག་པ་ཞིག་རེད། ང་ཚོས་(དབུ་མའི་ལམ་པ་ཚོས)་དེ་ཡང་བརྗེད་པ་ཡིན་ནམ།
ངས་བཤད་འདོད་པ་ནི་རང་ཅག་གིས་རང་ས་ན་ཡོད་པའི་ནོར་འཁྲུལ་ལ་རང་ངོས་ནས་ཡོ་སྲང་བྱས་ནས་འགྲོ་དགོས་པ་ལས་གཞན་ས་ན་ཡོད་པའི་ནོར་འཁྲུལ་ཡོ་སྲང་བྱས་ནས་རང་ཅག་གི་ཐུགས་དམ་བསྐང་ཡོང་བར་རེ་བ་བྱེད་པ་ནི་ཇི་འདྲའི་རེ་སྟོང་ཞིག་མིན་ནམ་ཟེར་བ་ཡིན། ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་འདི་མཐོང་སྐབས་ད་ནི་ང་ཚོ་“ར་ཚེ་ཟད་འཕར་བའི་སྒོ་རྩར་སོང་།”་ཡོད་པ་ཅིའི་ཀྱང་ངོས་ཟིན་རན་པ་མ་ཡིན་ནམ་ཟེར་བ་ཡིན། ད་བར་དུ་ང་ཚོས་འཕར་བས་ར་ལ་སྙིང་རྗེ་བསྒོམས་ནས་ར་ཚེ་ཐར་གཏོང་བར་རེ་སྒུག་བྱས་པ་དེ་ཇི་འདྲའི་ནོར་འཁྲུལ་ཞིག་མིན་ནམ་ཟེར་བ་ཡིན། ད་བར་དུ་ལོ་བཅུའི་རིང་ལ་ཉིས་སྟོང་བརྒྱད་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དུས་སྐབས་ཚུད་པའི་གོ་སྐབས་ཇི་འདྲའི་མང་པོ་ཞིག་ལ་འཕར་བས་ར་ལ་ཇི་ལྟར་རྩེད་སྤྱད་ཇི་ལྟར་བྱས་མི་འདུག་གམ་ཟེར་བ་ཡིན།
ང་ཚོས་འཕར་བས་ར་ཟ་གི་འདུག་ཅེས་འཕར་བར་སྡང་བ་ནི་རིགས་པ་དང་མི་མཐུན་སྟེ། འཕར་བ་ནི་ར་སོགས་ཀྱི་སྲོག་འཕྲོག་བྱེད་དུ་སྲིད་པ་རྒད་པོས་བཞེངས་པ་ཡིན་པས་སོ། དེ་ལས་ང་རང་ཚོ་འཕར་བའི་ཚང་སྒོ་ལས་ཇི་ལྟར་གཡོལ་བ་དང་། འཕར་བ་དང་འབྲེལ་མེད་དུ་ཇི་ལྟར་གནས་ཐབས་ལ་མ་འབད་པ་དེ་རང་ཉིད་ཀྱི་ནོར་འཁྲུལ་དུ་བསམ་དགོས་པ་ལས། གཅན་གཟན་ལ་ཤ་ཟ་བའི་ཉེས་དམིགས་བགྲངས་ན་གཅན་གཟན་གྱིས་ར་འཕྲོད་པ་སྲིད་དམ།
སྤྱིར་ན་འདི་ལ་རིག་པ་ཡང་དག་གིས་གནོད་བྱེད་ཅིག་མེད་པས་ཐེ་ཚོམ་དགོས་པ་ཞིག་མི་འདུག་ན་ཡང་། སེམས་ཀྱི་གྲུ་ཟུར་རེ་ན་རྩ་བའི་བླ་མའི་དམ་ཚིག་ལ་འགལ་བའི་འཇིགས་སྣང་དང་། སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱི་ལྗིད་ཁོག་གཉིས་ཀ་ཆེ་ན་ཡང་རང་གི་བསམ་ཚུལ་དེ་རང་རིགས་རྣམས་ལ་མ་བཤད་ན་རང་ངོས་ནས་རང་རིགས་ཀྱི་རྩ་དོན་ལ་འགན་མ་ཁུར་བའི་བྱ་བ་རེད་སྙམ་ནས་རང་ཉིད་ལ་དཔག་པའི་བློས་གཏོང་ཆེན་པོ་ཞིག་བྱས་ནས་དབུ་མའི་ལམ་འདིས་མ་འགྲིག་ཚུལ་མང་པོ་ཞིག་ཡིག་ངག་གཉིས་ཐོག་ནས་བཤད་པ་ཡིན། སྐབས་རེ་ངས་དེ་ལྟར་བཤད་པས་སྙིང་པོ་ཅང་ཨེ་ཡོད་དམ་སྙམ་པ་དང་། སྐབས་རེ་ང་རང་ཉིད་རྨང་ནས་ནོར་ཡོད་མི་སྲིད་དམ་སྙམ་པ་རེ་བྱུང་མྱོང་ཡང་། ང་རང་གིས་གང་བཤད་པ་དེ་ལ་ཁ་ཞེ་གཉིས་མེད་ཀྱིས་ང་རང་ཉིད་ལ་བདེན་ཁ་མང་དུ་རྙེད་པར་གྱུར་། དེ་བས་ཀྱང་ཉེ་ཆར་ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་དེ་མཐོང་སྐབས “་་་དེའི་ཕྱིར་ང་རང་ནོར་ནི་མི་འདུག་ཨང་།”སྙམ་པ་བསྐྱར་དུ་ལན་གཅིག་བྱུང་།
ངས་དབུ་མའི་ལམ་དེ་འགྲིག་མི་འདུག་བཤད་པ་ལ་ཕར་དེད་ན་དོན་ཚན་གཉིས་སུ་བསྡུ་ཆོག་སྟེ། གཞི་རྩའི་ཆ་ནས་མ་འགྲིག་པ་དང་། ལག་ལེན་གྱི་ཆ་ནས་མ་འགྲིག་པ་གཉིས་ལ་འདུ། དང་པོ་ནི་བོད་རྒྱལ་ཁབ་ཀྱི་སྐྱེ་བོ་རེའི་རེའི་སྐྱེས་ཐོབ་ནས་ཡོད་པའི་རང་བཙན་གྱི་བདག་ཐོབ་དེ་འདི་ལྟར་མི་གཞན་ལ་སྤྲོད་མི་རུང་བ་དེ་རེད། ནམ་ཞིག་ང་ཚོས་འདི་ལྟར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རྒྱལ་ཁྲིམས་འོག་ཏུ་འཛུལ་ན་འབྱུང་འགྱུར་རང་ཅག་གི་བུ་རབས་ཚ་རྒྱུད་དང་བཅས་པ་ཕྱིར་འབུད་ཀྱི་རེ་བ་དཀོན་པའི་ལྕགས་གཟེབ་ཅིག་ཏུ་བསྐྱུར་བ་ཡིན་པས་རང་རེའི་མི་རབས་འདི་ལ་དེ་ལྟར་བྱེད་པའི་དབང་ཆ་ཡེ་ནས་མེད་པ་དེ་རེད།
དེར་མ་ཟད་དབུ་མའི་ལམ་པ་བ་དག་གི་བློ་ཕུག་ན་འཆང་བའི་རེ་བ་ཡོང་ཐུབ་པ་ཞིག་ད་ལྟའི་དུ་སྐབས་སུ་མ་རེད་ལ། འབྱུང་འགྱུར་ཡང་མ་རེད། རྒྱུ་མཚན་ནི་གཞན་གཏིང་ཟབ་པོ་དང་སྦམ་མཐུག་པོ་གང་ཡང་འདྲེན་མི་དགོས་པར་རང་ཅག་ཕྱོགས་གཉིས་ཀ་སྐྱེ་བོ་ཕལ་བ་ཤ་སྟག་ཡིན་པ་དེ་ཙམ་རེད། བྱང་ཆུབ་སེམས་པས་རང་རྒྱུད་ལ་ཉོན་མོངས་དཀོན་སྟབས་འཇིག་རྟེན་ལ་སྙོག་དྲ་མི་ཡོང་བ་ཅིའི་ཕྱིར་མི་ཐུབ། མི་རྣམས་ཀྱིས་གཟོད་པ་སྒོམ་བཞག་ན་དེ་གས་འགྲིག་པ་རེད། མི་གསོད་དགོས་དོན་ཅི་ཡོད། ཁོང་ཁྲོའི་མགོ་མནན་དེ་གས་འགྲིག་པ་རེད། འཆམ་པོ་བྱས་ནས་ཅིའི་ཕྱིར་འདུག་མི་ཐུབ། ཕན་ཚུན་བསམ་ཤེས་བྱས་ན་དེ་གས་འགྲིག་པ་རེད། ཅེས་སོགས་དགོངས་ཀྱི་འདུག
ང་ཚོ་སྐྱེ་བོ་ཕལ་བ་ཚོས་ཤེས་དགོས་པ་ཞིག་ལ་འདི་ནི་བྱང་སེམས་དག་ལ་དེ་འདྲའི་སྟབས་བདེ་བོ་ཞིག་ཡིན་དུ་ཆུག་ཀྱང་། འུ་ཅག་ལ་དེ་འདྲའི་ལས་སླ་མོ་ཞིག་ཡེ་ནས་མ་རེད། དེས་ན་དེའི་ཆེད་གྲ་སྒྲིག་མི་བྱེད་པ་མི་མཁས་པའི་བྱ་བ་མིན་ནམ། འོ་ན་གྲ་སྒྲིག་གང་བྱེད་དགོས། ལོགས་སུ་འབུད་རྒྱུ་དེ་ལས་གཞན་གང་ཡང་མེད་པ་རེད། ཆོས་ལུགས་ཀྱི་ནང་དུ་ཡང་གཉེན་པོ་བསྟེན་པ་ལས་ཡུལ་ངེས་སྤང་བ་དགའ་ཞེས་པའི་གསུང་ཚུལ་ཞིག་མེད་དམ། དེ་ག་རང་རེད། ཡུལ་ལ་གཡོལ་རྒྱུ་དེ་མ་གཏོགས་ཐབས་ལམ་གང་ཡང་མེད་པ་རེད། ང་ལ་མཚོན་ན་རང་བཙན་གྱི་བསམ་བློའི་ས་བོན་ནི་འདི་ཙམ་ཞིག་ལས་ལོ་རྒྱུས་རིག་པ་དང་། རྒྱུ་མཚན་རིག་པ་སོགས་ཆེན་པོ་གང་ཡང་དགོས་དོན་མེད། གཞི་རིམ་དངོས་ཡོད་ཀྱི་གནས་སྟངས་ལ་དགོངས་ན་དབུ་མའི་ལམ་འདི་འབྱུང་འགྱུར་གྱི་མདུན་ལམ་གྱི་ཆེད་དུ་འབྲེལ་ཆུང་བ་ཞིག་ཏུ་མཐོང་།
གཉིས་པ་ནི་དབུ་མའི་ལམ་འདི་མ་གཞི་ངོ་མ་རང་གཞན་གཉིས་ཕན་གྱི་བླ་ན་མེད་པའི་ཐབས་མཆོག་ཅིག་ཡིན་ལོས་ཡིན་ཡང་། འདི་ལག་ལེན་དུ་སྟར་ན་འདི་ལ་ངོ་བོའི་ཆ་ནས་དང་། དུས་ཀྱི་ཆ་ནས་སྐྱོན་གཉིས་ཡོད། དང་པོ་ལ་ཡང་ལམ་འདི་ལ་རང་གི་ངོ་ཐོག་ནས་གནད་དོན་གལ་ཆེན་གཉིས་ཀྱི་ཐོག་ལ་རྩལ་དུ་གཏོན་མ་ཐུབ་པའི་སྐྱོན་ཡོད། དེ་ནི་ཡང་དག་པའི་རང་སྐྱོང་ཞིག་འཛུགས་དགོས་ན་ཆེས་ཐོག་མའི་ཆ་རྐྱེན་ནི་རང་སྐྱོང་གི་སྲིད་སྐྱོང་ངམ་སྲིད་འཛིན་གང་དུ་མིང་བཏག་རུང་དབུས་གཞུང་གི་ངོ་ཚབ་བྱེད་མཁན་དེ་དང་། སྲིད་བློན་ནམ་བཀའ་ཁྲི་གང་དུ་མིང་བཏག་རུང་སྲིད་ཀྱི་དབང་ཆ་གཙོ་བོ་འཛིན་མཁན་དེ་གཉིས་ངེས་པར་དུ་བོད་མི་གཙང་མ་ཞིག་ཡིན་དགོས། དམའ་མཐར་ཡང་བོད་ཀྱི་རིག་གཞུང་ལ་གཏིང་ནས་ཤེས་རྟོག་དང་དགའ་ཞེན་ཡོད་མཁན་ཞིག་ངེས་པར་དུ་ཡིན་དགོས། ད་སྐབས་དབུ་མའི་ལམ་ལ་འདིའི་སྐོར་ལ་གསལ་ཁ་གང་ཡང་མི་འདུག
ཆེན་པོ་དག་གི་ཐུགས་ལ་འདི་ནི་བྱ་བ་ཆུང་ཙག་ད་ལྟའི་སྐབས་སུ་གླེང་རིན་མེད་པ་ཞིག་ཏུ་གཟིགས་ཀྱིན་ཡོད་སྲིད་ཀྱང་ང་ལྟ་བུ་(བརྒྱ་ཆ་༩༥་ལས་མང་བ་ཡིན་སྲིད)་མང་ཚོགས་དཀྱུས་མ་དག་གི་སེམས་ལ་ནི་གནད་དོན་འདི་གལ་གནད་ཧ་ཅང་ཆེན་པོ་ཞིག་ཡིན་པ་ད་བར་གྱི་ཉམས་མྱོང་ལས་ཤེས་བྱུང་། ཁྲིམས་ཀྱིས་དབང་སྒྱུར་ཞེས་རྫིག་མདོག་རེ་བཤད་ཀྱང་གང་ཟག་གིས་སྒྱུར་ལུགས་ཤིག་ཡོད་དགོས། ཁྲིམས་གཞི་གཅིག་ལ་བློ་ཉེ་བའི་མི་ཞིག་གིས་ལག་ལེན་ལ་སྟར་ཚུལ་དང་། བློ་མི་ཉེ་བའི་ལག་ལེན་ལ་སྟར་གཉིས་ལ་གནམ་སའི་ཁྱད་པར་ཡོད། ཁྱད་པར་དེ་འདྲ་སྲོག་ལྡན་གང་ཟག་གིས་འབྱེད་ཐུབ་པ་ལས་སྲོག་མེད་ཁྲིམས་ཀྱིས་མི་ཐུབ།
གཉིས་པ་ནི་དབུ་མའི་ལམ་གྱི་གྲོས་གཞིའི་ནང་དུ་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱེད་དགོས་སྐོར་འཁོད་འདུག་མོད་སྤྱི་འཇོག་ཙམ་ལས་ཞིབ་ཆ་ཐོན་མི་འདུག མཉམ་འབྲེལ་རྒྱལ་ཚོགས་ལ་གཞུང་འབྲེལ་སྐད་ཡིག་དྲུག་ཡོད་པ་དང་། ཁེ་ན་ཌ་ལ་གཞུང་འབྲེལ་སྐད་ཡིག་གཉིས། སིང་ག་པུར་ལ་གཞུང་འབྲེལ་སྐད་ཡིག་གསུམ། སུད་སི་ལ་གཞུང་འབྲེལ་སྐད་ཡིག་གསུམ། རྒྱ་གར་ལ་གཞུང་འབྲེལ་སྐད་ཡིག་བཅོ་ལྔ་སོགས་ཡོད་པ་བཞིན་བོད་ཀྱི་སྐད་ཡིག་འདི་ཀྲུང་ཧ་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཏུ་ངེས་པར་འཇོག་དགོས་པའི་གསལ་ཁ་འདོན་དགོས། ད་དུང་དོན་ཚན་གཞན་དག་ལ་ཞིབ་ཆ་མ་ཐོན་པ་མང་པོ་འདུག་མོད་གལ་ཆེ་ཤོས་གཉིས་ཟུར་དུ་བཏོན་པ་འདི་གཉིས་ཡིན།
གཉིས་པ་ནི་དབུ་མའི་ལམ་འདི་མ་གཞི་ངོ་མ་རང་གཞན་གཉིས་ཕན་གྱི་བླ་ན་མེད་པའི་ཐབས་མཆོག་ཅིག་ཡིན་ངེས་ཀྱང་། ད་ལྟའི་སྐབས་སུ་ལག་ལེན་ལ་སྟར་བ་ནི་ཆེས་དུས་ལ་མ་བབ་པ་ཞིག་ཏུ་མཐོང་། དེ་ནི་ཉེ་ཆར་ཀྲུའུ་ཝེ་ཆོན་གྱི་ཆེད་རྩོམ་དེ་ལས་ར་ཡོངས་སུ་འཕྲོད་ཐུབ་ཡོད་ཚོད་རེད། ད་བར་དུ་ཕར་ཕོགས་ཐུག་མི་འགྲོ་བའི་བྱ་བ་ཇི་ཙམ་བྱས་པའི་ལན་དུ་ཚུར་ཅི་ཕོགས་གང་ཕོགས་ཀྱི་གཏམ་སྤྱོད་ཤ་སྟག་སྤེལ་སོང་འདི་ལས་ར་འཕྲོད་ཐུབ་དགོས་ཚོད་རེད། ད་བར་དུ་ང་ཚོས་“དོན་དམ་པའི་རང་སྐྱོང་”་ཞིག་ལ་རེ་བ་འཆང་ནས་ཆ་རྐྱེན་གང་ཡང་མེད་ཅིང་། ཁོ་བ་ཅག་གི་ཆ་རྐྱེན་ཚང་མ་ཁུར་ནས་གྲོས་མོལ་བྱེད་ས་གཙོ་བོའི་དེས་ངག་ནས་མིང་ཙམ་གྱི་རང་སྐྱོང་ཞིག་ཀྱང་མི་འགྲིག་ཚུལ་སྨྲས་སོང་བ་འདི་ལས་ར་འཕྲོད་ཐུབ་ཡོད་ཚོད།
ཁྱིའི་སྔུན་ལ་གློ་བ་གཡུག་ན་འཁྱེར་བ་ལས་གསེར་གཡུག་ན་འཁྱེར་གྱི་རེད་དམ། དེ་ནི་གསེར་ལ་རིན་ཐང་མེད་པ་མ་རེད་དེ། ཁྱིས་གསེར་གྱི་རིན་ཐང་མ་ཤེས་པས་རེད་ལ། ཕྱོགས་གཞན་ནས་གཞིགས་ན་གཡུག་མཁན་གྱིས་ཁྱིས་གློ་བ་ལས་གསེར་ལེན་མི་སྲིད་པ་ལ་ཐུགས་ཉམས་མ་བཞག་པའི་སྐྱོན་ཡང་རེད།
ཁྱིས་གསེར་ལེན་དགོས་ན་ཐབས་ལམ་གཅིག་ཡོད་པ་ནི་གློ་བའི་ནང་དུ་གསེར་བཏིམས་ནས་གཡུག་རྒྱུ་དེ་ཡིན་ཞིང་། དེ་ཡང་ཁྱི་ལ་གློ་བ་བསྟན་ཡོད་པ་ལས་གསེར་བསྟན་མེད། གལ་སྲིད་དབུ་མའི་ལམ་འདི་གསེར་ཞིག་ཡིན་ན་དེ་འཐབ་ཇུས་ཀྱི་གློ་བ་ཞིག་ལ་བཏུམས་ནས་རྒྱ་ནག་ལ་སྤྲོད་དགོས་པ་ལས་དེ་གསེར་ཡིན་པ་མ་ཤེས་བར་དུ་དང་ལེན་བྱེད་སྲིད་དམ། ལར་ནས་རང་ཅག་བོད་གངས་ཅན་གྱི་ཡོད་ཚད་ཀྱི་ཡོད་རྨང་ནས་བཅོམ་མཁན་དེ་ལ་འདི་ལྟར་ སྤྱང་ཀི་ལ་རྣ་ཚར་དང་། རྐུན་མ་ལ་གཟེངས་སྟོད། བྱེད་དགོས་དོན་གང་ཡོད།
དབུ་མའི་ལམ་འདི་ནི་པ་ཡེ་ཐོན་སྦྲུལ་གྱི་དུག་བཞིན་ག་ལེར་ལུས་པོའི་རྩ་ལམ་ཡོངས་སུ་ཁྱབ་ནས་མཐར་ལུས་པོ་ཡོངས་རྫོགས་བཟི་ནས་འགུལ་ནུས་མེད་པ་ཞིག་ཏུ་འགྱུར་བ་ཡོངས་སུ་འདྲ་བ་ཞིག་རེད། དབུ་མའི་ལམ་འདི་བྱུང་ནས་བོད་མིའི་ཆིག་སྒྲིལ་ལ་གནོད་པ་བྱུང་སོང་། དབུ་མའི་ལམ་འདིའི་རྐྱེན་གྱིས་རང་ཅག་གི་ཁོང་ཁྲོའི་རྣམ་འགྱུར་ལ་ཐོན་པའི་ངག་གི་འབོད་ཚིག་བཀག་སོང་། ལུས་ཀྱི་བྱ་སྤྱོད་བཀག་སོང་། མཐའ་ན་སེམས་ཀྱི་འདུ་ཤེས་ལ་ཡང་དོ་ཕོག་བཏང་སོང་། ད་ནི་སྔར་སྤོབས་པ་དང་སྐད་གསེང་མཐོན་པོའི་ངང་ནས་སྒྲོག་ནུས་པའི་“བོད་གཞུང་།”་ཞེས་པའི་ཚིག་འབྲུ་འདི་འདི་གཉིས་ཀྱང་དཔའ་ཞུམ་ཞུམ་དང་མགོ་བོ་དུད་དུད་ཀྱི་སྒོ་ནས་སྨྲ་དགོས་པར་གྱུར། ད་ནི་“བོད་གཞུང་།”་ཞེས་པའི་ཚིག་འདི་བེད་སྤྱོད་མི་ཆོག་ཅེས་སྨྲ་མཁན་ནི་དགྲ་རིགས་ལས་རང་རིགས་ཀླད་མེད་དེ་ཚོ་འགྱིང་ཉམས་ཆེ་བའི་དུས་ཚོད་ཤར་སོང་། འདི་ལྟར་དབུ་མའི་ལམ་གྱི་བཟི་སྨན་དེས་རང་ཅག་གི་མགོ་ལུས་ཡོངས་སུ་ཁྱབ་ནས་འདི་ལྟར་རང་ཅག་གི་འགུལ་ནུས་ཐམས་ཅད་སྦྲིད་པར་བཏང་སོང་།
ཁོང་ཁྲོ་ལ་བསམ་གཞིགས།
ང་ཚོས་ག་དུས་ཡིན་རུང་། དོན་དག་གང་ཞིག་ཡིན་རུང་བསམ་གཞིགས་ངེས་པར་དུ་བྱེད་དགོས། སྔར་སྐྱེ་བུ་དམ་པ་ཆེ་གེ་མོས་གང་དུ་ཐག་བཅད་པ་དེ་དུས་དང་རྣམ་པ་ཀུན་དུ་དེ་རང་དུ་ངེས་དགོས་པ་དང་། ངེས་ཤག་ཤག་ལས་བསམ་གཞིགས་ཡེ་ནས་མ་བྱས་ན། སྨན་ཟ་ཉེས་བྱས་ན་དུག་ཡིན། ། དུག་ཟ་སྟངས་ཤེས་ན་སྨན་་ཡིན། ། ཞེས་པའི་དཔེ་ལ་འགྲོ་ཉེན་འདུག་སྙམ། ཁོང་ཁྲོ་ནི་དུས་དང་རྣམ་པ་ཀུན་ཏུ་སྤང་བྱ་དང་། བཟོད་སྒོམ་ནི་དུས་དང་རྣམ་པ་ཀུན་ཏུ་བླངས་བྱ་ཡིན་པར་སྔར་ཡོངས་སུ་གྲུབ་ཟིན་ཞིང་། གང་ཟག་སྒེར་ཞིག་ལ་མཚོན་ན་དེ་ནི་དེ་ག་རང་རེད། ཡིན་ན་ཡང་ད་ནི་སྔར་གྱི་དུས་ཚོད་དེ་འགྱུར་སོང་བས་སྤྱི་ཚོགས་ཤིག་གི་བྱ་འགུལ་གྱི་ཁྲོད་དུ་འདིའི་འོས་བབས་ལ་བསམ་གཞིགས་བྱེད་རིན་མེད་པ་ཞིག་ཡེ་ནས་རེད་མེད། དམའ་མཐར་ཡང་རང་ཉིད་ལ་བདེན་དོན་དེ་ངེས་ཤེས་རྙེད་ཆེད་དུ་བསམ་གཞིགས་བྱེད་དགོས།
ང་ཚོ་ལ་ཁོང་ཁྲོ་ཡོད་ཅིང་། ང་ཚོའི་ཁོང་ཁྲོ་ནི་རྒྱུ་མཚན་ལྡན་པའི་ཁོང་ཁྲོ་ཡིན། དེའི་ཕྱིར་ང་ཚོས་རང་ཉིད་ཀྱི་ཁོང་ཁྲོ་ཕྱི་ལ་སྟོན་འོས། ཁོག་ལ་བཟུང་ན་དུག་ཡིན། ། ཁ་ནས་བཤད་ན་སྨན་ཡིན། །་ཞེས་ཟེར་སྲོལ་ཡོད། ངོ་མ་བཤད་ན་ང་ཚོས་ཁོང་ཁྲོ་བྱས་པ་དེ་རྒྱ་མི་རིགས་ཀྱིས་གོ་རྟོགས་བྱེད་ཐུབ་པ་ཞིག་ཡིན་པ་ལས། རྒྱ་མི་རིགས་དང་འཁོན་འདྲེས་སྔར་ལས་ཆེ་རུ་གཏོང་བྱེད་ཅིག་མིན། དེ་ལས་ལྡོག་སྟེ་མིའི་རང་གཤིས་ལས་ཡོངས་སུ་བརྒལ་བའི་སྤྱོད་པ་གཟོད་སྒོམ་ཞེས་པ་དེ་ཁྱེར་ན་རྒྱ་མི་རིགས་ནི་དེ་བས་མགོ་རྨོངས་བྱེད་ཅིག་ཏུ་འགྱུར་སྲིད། རྒྱ་མི་རིགས་ཀྱིས་ང་ཚོ་ཡོངས་རྫོགས་བྱང་ཆུབ་སེམས་པ་ཡིན་པར་ནམ་ཡང་ཡིད་ཆེས་བྱེད་མི་སྲིད། དེ་ནི་ངན་པ་རྒྱ་ཡན་དུ་བཏང་བ་རང་ཡིན། དེ་ནི་རྟོགས་པ་མཐོན་པོ་དག་གི་བྱ་སྤྱོད་ཅིག་དང་། གང་ཟག་དཀྱུས་མ་དག་གི་ཟོལ་བརྫུ་ཞིག་ཡིན།
ཟོལ་བརྫུ་ནི་ཟོལ་བརྫུ་རང་ཡིན་པས་ནམ་ཡང་རྒྱུན་འཁྱོང་མི་ཐུབ་ཅིང་། དེའི་བར་ནས་ང་དང་ང་ལྟ་བུ་གང་ཟག་དཀྱུས་མ་དག་གིས་བསམ་བློ་དངོས་རྗེན་པ་ཁོང་ཁྲོའི་རྣམ་འགྱུར་ཞིག་ཕྱིར་ཐོན་(འཐོན་རྒྱུ་ཡིན་པ་གཏན་ཁེལ་ཡིན)་པ་ན་རྒྱ་མི་རིགས་ཀྱི་སེམས་སུ་འཁོན་འདྲེས་དེ་བས་ཆེ་རུ་འགྲོ་སྲིད། གང་ལགས་ཤེ་ན་སྔན་ཆད་ཁོང་ཚོས་ང་ཚོ་ལ་མ་རུང་བ་ཞིག་བྱས་པའི་ལོ་རྒྱུས་དེ་ཁོ་ཚོ་ལ་ངོ་སྤྲོད་མཁན་གཅིག་ཀྱང་མེད་པས་དེའི་སྐོར་ལ་ཁོ་ཚོར་རྒྱུས་མེད་པས་སོ། དེའི་ཕྱིར་ང་ཚོས་ངོས་ནས་དོན་མེད་ཁྲོ་བ་སྟོན་གྱི་འདུག་བསམ་གྱི་རེད།
ང་ཚོ་གང་ཟག་དཀྱུས་མ་ཡིན་ལ་རྒྱ་མི་རིགས་ཀྱང་གང་ཟག་དཀྱུས་མ་ཡིན། དཀྱུས་མས་དཀྱུས་མའི་སེམས་ཁམས་རྟོགས་ཐུབ་པས་ང་ཚོས་ཁོང་ཁྲོ་བྱས་པ་དེ་རྒྱ་མི་རིགས་ཀྱི་སེམས་ལ་གཏན་དུ་ཡལ་རྒྱུ་མེད་པའི་རྨ་ཁ་བཟོ་བྱེད་ཅིག་ཡེ་ནས་མིན། ང་ཚོའི་ཁོང་ཁྲོ་ཕྱིར་བཏོན་པ་དེ་ནི་རྒྱ་མི་རིགས་ཀྱིས་རང་གི་ནོར་འཁྲུལ་ངོས་འཕྲོད་བྱེད་གཅིག་རང་ལས་མེད་པ་དེ་ཡིན་ཞིང་། ནམ་ཞིག་དེ་ངོས་འཕྲོད་ན་དེས་མི་རིགས་གཉིས་ཀྱི་བར་ལ་སྔར་ལས་མཛའ་བརྩེའི་འདུ་ཤེས་བསྐྲུན་པའི་སྲིད་པ་ཧ་ཅང་ཧ་ཅང་ཆེ།
དེས་ན་ང་ཚོས་རྒྱའི་རྒྱལ་དར་མེར་སྲེག་པ་ནི་རྒྱ་མི་རིགས་ལ་འཁོན་འདྲེས་བཟོ་ཆེད་མིན་པར་ང་རང་ཚོའི་སེམས་ཀྱི་ཁོང་ཁྲོ་དེ་ཕྱིར་མངོན་ཆེད་ཙམ་ཡིན་པ་འཇིག་རྟེན་པ་སུས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་རེད། འདི་ཙམ་ནི་རྒྱ་མི་རིགས་ཀྱིས་ད་ལྟའི་སྐབས་སུ་ཡང་ཤེས་རྟོགས་ཐུབ་ཟིན་ཡོད་ངེས་ཡིན་ལ། གལ་སྲིད་མེད་རུང་དེ་འབྱུང་བར་དཀའ་ངལ་ཆེ་བ་དེ་ཙམ་ཡེ་ནས་མེད། སྔ་དྲོ་ཁྲག་གི་འཁོར་ལོ་བསྐོར་ན། ཕྱི་དྲོ་གྱོད་ལ་འགྲིག་ཐབས་ཡོད། ཟེར་སྲོལ་ཡོད་ན་སྔ་དྲོ་ཁོང་ཁྲོའི་རྣམ་འགྱུར་ཞིག་བསྟན་ན། ཕྱི་དྲོ་ཕན་ཚུན་འགྲིག་རྒྱུ་མེད་པ་ཞིག་ཏུ་དེ་བས་ཀྱང་ག་ལ་འགྱུར། ང་ཚོས་རྒྱ་གཞུང་ལ་ཁྲོ་རུང་བས་ཁྲོ་བ་ཕྱིར་བཏོན་དགོས་ཟེར་དུས་ང་ཚོ་ཡེ་ནས་མི་འགྲིག་པའི་ལམ་ཆས་པ་རེད་བསམ་ན་དེ་ནི་ང་ཚོ་བོད་རིགས་ནང་ཁུལ་ལ་གཅིག་སེམས་གཅིག་གིས་མ་རྟོགས་པ་རང་རེད།
དུས་རབས་ཉེར་གཅིག་པ་དེ་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས་པར་རེ་བ་འཆང་ཞིང་། གྲོས་མོལ་ནི་མཐར་གཏུག་ན་ཕྱོགས་གཉིས་ཀས་གཅིག་གི་སེམས་ཀྱི་དཀའ་ངལ་གཅིག་ལ་བརྡ་སྤྲོད་རྒྱུ་དེ་རེད། ཤེས་དགོས་པ་ཞིག་ལ་ཁྲོ་བ་ཕྱིར་བཏོན་པ་ན་དྲག་པོའི་བྱ་བ་ཡིན་དགོས་པའི་ངེས་པ་ཡེ་ནས་མེད་པ་དེ་རེད། ང་ཚོས་སེམས་ནང་གི་ཁོང་ཁྲོ་ཕྱིར་བསྟན་པས་བརྡ་འགའ་ཞིག་སྤྲོད་ཐུབ་ཀྱི་ཡོད། གཅིག་ནི་ཁོ་བ་ཅག་གིས་ང་ཚོ་ལ་གང་བྱས་པ་དེ་འགྲིག་མེད་པར་རམ། དམའ་མཐར་ཡང་ལམ་ལ་སོང་མེད་པ་ཤེས་ཐུབ་པ་དེ་རེད། གཉིས་ནི་རང་ཅག་གིས་ཁོ་བ་ཅག་གིས་ང་ཚོ་ལ་གང་བྱས་པ་དེས་ང་ཚོ་ལ་དོན་དམ་པའི་སྡུག་བསྔལ་ཞིག་སྤྲོད་ཀྱིན་ཡོད་པར་ར་སྤྲོད་ཐུབ་པ་དེ་རེད། ཁོང་ཁྲོའི་རྣམ་འགྱུར་ཞིག་མེད་ན་ཁྱེད་ཅག་གིས་བྱས་པ་དེས་ངེད་ཅག་ལ་ཅིག་ཅིག་གནོད་ཀྱི་འདུག་ཅེས་ཇི་ཙམ་བཤད་རུང་སུས་ཡིད་ཆེས་བྱེད་དམ། གསུམ་ནི་ཁོང་ཁྲོའི་རྣམ་འགྱུར་ཕྱིར་མངོན་པ་ནི་མི་སྡུག་པའི་བྱ་བ་ཞིག་ཡིན་པས་རང་གཞན་སུ་ལ་དེ་བསྐྱར་ཟློས་བྱེད་པའི་འདོད་མོས་མེད་སྟབས་རང་གཞན་གཉིས་ཀས་དེ་ལས་བསླབ་བྱ་བླངས་ནས་འབྱུང་འགྱུར་དེ་འདྲ་མི་འབྱུང་བའི་སློབ་ཚན་ལེན་ཐུབ།
ཁོ་བོས་གོང་གི་འདི་དག་བཤད་དགོས་དོན་ནི་དབུ་མའི་ལམ་ནི་ཁྲོ་བ་མི་བྱེད་པ་དང་། སེམས་བཟང་ཁོ་ན་བྱེད་པའི་རྨང་གཞི་ལ་གཞི་བཅོལ་ཡོད་པས་དབུ་མའི་ལམ་གྱི་གཞི་རྟེན་བཅོལ་ས་ཁོ་རང་ན་དོགས་འདྲི་བྱས་པ་ཙམ་ཡིན། གལ་སྲིད་བྱ་བ་གང་ཞིག་གི་གཞི་རྟེན་བཅོལ་དེ་ནོར་ཡོད་ན་བྱ་བ་དེའི་ངོ་བོ་དང་། རྣམ་པ་ཇི་ལྟར་བཟང་རུང་བྱ་བ་དེའི་རྩ་བའི་ཆ་ལ་འགྲིག་མེད་སྟབས་བྱ་བ་དེ་མ་འགྲིག་པར་འཇོག་འོས་པ་རྟོགས་སླ་ཞིག་རེད་སྙམ་ནས་བྲིས་པ་ཡིན། ཅི་སྟེ་དབུ་མའི་ལམ་གྱི་གཞི་རྟེན་བཅོལ་ས་ནོར་མེད་ན་དེ་གས་འགྲིག་པ་རེད། ནོར་མེད་པར་ཡང་སྨོན།
མཇུག་མཐར་ཁ་བྱང་གི་འགྲེལ་བ། ཁ་བྱང་འདི་བདག་གི་རེ་སྨོན་ཙམ་ལས་དོན་དུ་ཀྲུའུ་དང་རྒྱ་ནག་དབུས་གཞུང་གཉིས་ལ་མི་རིགས་ཀྱི་གནད་དོན་སྐོར་ལ་འགལ་བ་ཅི་ཡང་མཐོང་རྒྱུ་མེད། འགལ་ཟླ་ཡོད་པ་ནི་ཀྲུའུ་དང་རང་རེའི་དབུས་མའི་ལམ་པ་དག་གི་བསམ་ཚུལ་རེད།
གཤམ་དུ་ངས་ལྟས་དབང་གིས་རྙེད་པའི་དྲ་ལམ་ཞིག་འབུལ་རྒྱུ་ཡིན། འདི་ནི་༧གོང་ས་མཆོག་དང་གསར་འགོད་པའི་དྲིས་ལན་ཞིག་རེད། འདིའི་ནང་དུ་༧གོང་ས་མཆོག་གིས་ “ངས་ཡོངས་གྲགས་སུ་ང་ཚོའི་ཐབས་ལམ་དེ་གྲུབ་འབྲས་མ་ཐོན་པར་ངོས་ལེན་བྱེད་ཀྱིན་ཡོད།”་ཅེས་གསུང་མཚམས། དྲི་བ་འདོན་མཁན་གྱིས“ཁྱོད་ཀྱིས་ཡོངས་གྲགས་སུ་དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོན་པར་ངོས་ལེན་བྱེད་ཀྱིན་ཡོད།”་ཅེས་ཟེར་མཚམས། ༧གོང་ས་མཆོག་གིས་“དེ་ཡོངས་གྲགས་སུ་གྲུབ་འབྲས་མ་ཐོན་པར་ངོས་འཛིན་བྱེད་ཀྱིན་ཡོད།”་ཅེས་གསུང་འདུག ཞིབ་པར་རྣམ་ཚོས་གཟིགས་པར་ཞུ།
http://www.youtube.com/watch?v=jsFDKQZsRDA&feature=related་
ཨན་ཀའི་རི་ནི། སྙན་གྲགས་ཆེ་བའི་ཨ་རིའི་གཟུགས་མཐོང་བརྙན་འཕྲིན་༤་པའི་གསར་འགྱུར་ཤོད་མཁན་ཞིག་དང་།
མོ་རང་གི་ཕ་ཨ་རི་པ་དང་། མ་ནི་ཉེ་ཧོང་པ་ཞིག་ཡིན་འདུག དུས་རྒྱུན་༧གོང་ས་མཆོག་ལ་བཀའ་དྲི་མང་པོ་ཞུ་བ་དང་། དད་གུས་ཀྱང་ཚད་མེད་ཡོད་པའི་བཟོ་འདུག
BOD RAGAYL LO BO BO BO
འདི་ལྟད་མོ་འདི་ངོ་མ་ཅིག་ཡག་གི་གོང་ས་མཆོག་གི་ཉིན་གཅིག་གི་ཕྱག་ལས་ལ་ངས་ཧ་ཅང་ལྟ་འདོད་ཡོད།
འདི་ལྟད་མོ་འདི་ངོ་མ་ཅིག་ཡག་གི་གོང་ས་མཆོག་གི་ཉིན་གཅིག་གི་ཕྱག་ལས་ལ་ངས་ཧ་ཅང་ལྟ་འདོད་ཡོད།
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ། ངས་རང་མྱོང་གི་སྒོ་ནས་གནད་དོན་འདི་དང་ལ་མོས་མཐུན་སྔ་ས་ནས་ཡོད། དབུ་མའི་ལམ་ནི་བོད་འདི་བརླགས་བྱེད་ཀྱི་ཆེས་བླ་ན་མེད་པའི་དུག་ནད་ཡིན་པ་ཤེས་ཡོད། དེ་ནི་དབུ་ཁོ་ནའི་སྐྱོན་མིན་པ་ལག་ལེན་སྟར་མཁན་དང་། སྡར་མ། རྒྱལ་ཚོང་མཁན་དག་ལ་ཁ་གཡོག་ས་ཡག་པོ་ཞིག་རེག་པས་ཡིན། ཁོང་ཁྲོ་མེད་པའི་མི་ནི་འཇིག་རྟེན་དུ་གཞན་རྟེན་ལས་རང་རྐང་སྒང་ལངས་མི་ཐུབ།
ཡག་པོ་བྲིས་འདུག འོན་ཀྱང་དོན་ལ་གནས་མིན་ཞིབ་འཇུག་བྱ་རྒྱུ་ཡིན། རྗེས་སུ་ལན་ངེས་པར་ཡིག་ངག་གང་རུང་ནས་འབུལ་རྒྱུ་ཡིན།
འཇམ་ཚུལ་གྱི་བསམ་ཚུལ་ཁ་འཐོར་ཡ་འཐོར་འདི་ལ་གཏད་སའི་རྒྱབ་ལྗོངས་གང་ཡང་མི་འདུག་་་སོ་སོའི་བསམ་ཚུལ་ལ་སོ་སོ་ཐེ་ཚོམ་ཅན་འདི་འདྲ་དྲ་ཐོག་ལ་སྤེལ་བའི་དགོས་པ་ཞིག་མཐོང་མ་སོང་།
འཇམ་ཚུལ་གྱི་སྐད་ཆའི་ནང་དུ་ང་ལ་བསམ་ཚུལ་མ་འདྲ་བ་ཅུང་ཟད་ཡོད་པ་དག་ལས།གལ་ཆེའི་སྐོར་ཁག་ཅིག་ལ་དོན་དངོས་གང་ཡིན་དྲང་བོར་བརྗོད་འདོད་བྱུང་།
ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རྩོད་ཀྱི་ཡོད་པ་དེར་ད་བར་རྒྱ་ནག་གིས་རང་སྐྱོང་སྔོན་མ་ནས་ཡོད་ཟེར་གི་ཡོད་རེད།ད་ལྟ་རང་སྐྱོང་མེད་པ་བཟོ་གི་ཡིན་ཟེར་ན།རྩོད་རྒྱུ་ཞིག་བྱུང་བ་མ་རེད་དམ།དབུ་མའི་ལམ་གྱི་དམིགས་འབེན་ངོ་མ་དེ་ལྷང་ལ་བུད་པ་རེད།
ཁོང་ཁྲོ་དང་ཞེ་སྡང་གིས་རྩོད་རྒྱུ་ཡིན་ནམ།ཞི་འཇམ་དང་ངང་རིང་གིས་བདེན་པ་གསེད་གྲོལ་བྱས་ཏེ་རྩོད་རྒྱུ་ཡིན།རྩོད་སྟངས་འདི་གཉིས་ལས་ང་ཚོས་ཕྱི་མ་དེ་བདམས་པ་རེད།ཕུགས་བརྟན་པ་དང་གནད་ལ་ཁེལ་བ།བདེན་དོན་གྱི་རལ་གྲི་རང་ལག་ཏུ་ཡོད་པ།ནུས་པ་ཆེ་བ།མི་རྒྱུ་གཉིས་ཀྱི་འགྲོ་གྲོན་གྱིས་འདང་བ།དུས་རབས་ཀྱི་དགོ་མཁོ་དང་འཚམས་པ་སོགས་ཀྱི་གལ་ཆེའི་དགོས་མཁོའི་ཁྱད་ཆོས་ཡོད་པས་རེད་སྙམ་གྱི་འདུག
ཁོང་ཁྲོ་དང་ཞེ་སྡང་གིས་རྩོད་རྒྱུ་ཡིན་ན།ཁོང་ཁྲོའི་རྣམ་འགྱུར་རེ་རེ་ལུས་ངག་ནས་ཅི་ལྟར་ཐོན་ངེས་རེད།དེ་དུས་ཕན་ཚུན་འཐབ་འཁྲུག་ཅིག་ཡོང་གི་རེད།དེའི་རྒྱ་བོད་གཉིས་ལ་ཕན་ཐོགས་མེད་པ་གསལ་བོ།དཔེར་ན།ང་བརྒྱད་ལོར་ང་ཚོའི་ལུང་པར་འཐབ་འཁྲུག་རྒྱབ་པ་རེད།ང་ཚོའི་མི་རབས་རྒན་པ་ཚང་མ་དམག་ལ་བུད་པ་རེད།བོད་མི་རེ་རེའི་རྒྱ་དམག་བཅུ་ལས་མང་པ་བསད་ཡོད་པ་རེད།མཐའ་མ་ང་ཚོའི་ལུང་པ་ཤོར་བ་རེད།
ད་ལྟ་གཞུང་གི་ལངས་ཕྱོགས་འཚེ་མེད་ཞི་བ་རེད།ཁོངས་གཏོགས་བོད་མི་ཙམ་མ་ཟད་འཇིག་རྟེན་ཡོངས་ཁྱབ་ལ་དེ་ལྟར་གོ་བརྡ་སྤྲོད་བཞིན་པ་རེད།སྤྲོད་དགོས་པའང་ཧ་ཅང་གལ་ཆེན་པོ་རེད།ཡིན་ནའང་ཁྱོད་རང་རྒྱ་གཞུང་ལ་ཁོང་ཁྲོ་ཟ་ཆོག་གི་མ་རེད།བྱམས་དང་སྙིང་རྗེས་མིག་གིས་ལྟ་དགོས་རེད་ཟེར་གི་ཡོད་པ་མ་རེད།ཁྱོད་ཀྱིས་བོད་དོན་དུ་ལས་འགུལ་མ་སྤེལ་དེ་བས་ཟེར་གྱི་ཡོད་པ་མ་རེད།དཔེར་ན་བོད་ནང་ནས་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱིས་འགད་གཏོར་བཏང་བའང་བྱུང་བ་རེད་ལ།དེ་ལ་འགྲིག་མེད་པ་དང་བྱས་མ་ཆོག་པ་རེད་ཟེར་མཁན་བོད་མི་གཅིག་ཀྱང་བྱུང་མེད་པ་ཤེས་དགོས་པ་རེད།ཡིན་ནའང་ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འཚེ་མེད་ཞི་བ་རེད།
ལོ་འགའི་ཡར་སྔོན་དུ་བོད་རྒྱའི་བར་ལ་གྲོས་མོལ་ཅིག་བྱུང་བའི་སྐབས་ལ།སྐབས་དང་དུས་ལ་བསྟུན་ནས་དགོས་མེད་ཁོང་ཁྲོ་སློང་གཞིར་གྱུར་བའི་ལུས་ངག་གི་བྱ་སྤྱོད་མ་སྤེལ་རོགས་ཞེས་རང་གཞུང་གིས་འབོད་སྐུལ་ཞུས་པ་རེད།ཡིན་ནའང་འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་བས་དུས་བསྟུན་འབོད་སྐུལ་ཕྱིར་བསྡུ་བྱས་པ་རེད།དེ་ཤེས་དགོས་པ་རེད།ད་དུང་དེ་ཡང་དང་བསྐྱར་དུ་བཤད་བསྡད་ན་རྒྱུ་མཚན་ཞིག་མཐོང་གི་འདུག་གམ།
མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་གྱིས་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བར་ནང་གི་འཛིན་སྐྱོང་ཆ་ཚང་བ་ཞིག་སྤྲོད་དགོས་པའི་རྩོད་གླེང་བྱེད་ཀྱིན་པས་ན།མགོ་ཁྲིད་ས་གནས་ཉུག་མའི་མི་ཡིན་དགོས་པ་དང་ས་གནས་ཀྱི་ཆོས་དང་རིག་གཞུང་།ཡུལ་གོམས་གཤིས་ལུགས།སྐད་དང་ཡི་གེ་སོགས་ནང་དུ་མ་འདུས་ན་ཅི་ཞིག་འདུས།ང་ཚོས་དེ་དག་ལ་རྩོད་པ་རྒྱག་གི་ཡོད་རེད།དེ་མིན་ང་ཚོར་རྒྱའི་སྐད་དང་ཡི་གེ་སློབ་དགོས་ཀྱི་འདུག།ང་ཚོར་རྒྱའི་ཡུལ་གོམས་གཤིས་ལུགས་སློབ་དགོས་ཀྱི་འདུག་ཟེར་གི་མེད་པ་རེད།
གཉེན་པོ་བསྟེན་པ་ལས།ཡུལ་དེ་ལ་གཡོལ་དགོས་པ་རེད་ཅེས་ནང་ཆོས་ཀྱི་ལུང་ཞིག་དྲངས་འདུག་མོད།སུ་ལ་གཡོལ་དགོས་པ་རེད།གང་ལ་གཡོལ་དགོས་པ་རེད་ང་ཚོར་གཡོལ་ས་མེད་པ་རེད།རྒྱ་མི་ལ་གཡོལ་དགོས་ན་བོད་དོན་འཐབ་རྩོད་སྤངས་དགོས་པ་རེད།བོད་མི་རིགས་ཀྱི་རང་དབང་དང་རང་སྐྱོང་ནི་ན་ཚས་ཟིན་པའི་ནད་པ་ལྟ་བུ་རེད། དེ་ལ་གཉེན་པོ་བསྟེན་པ་ལས་གཡོལ་ས་ཡོད་དམ།
དྲ་གྲོགས་བོད་དགའ་ལགས། བཀྲ་ཤིས་བདེ་ལེགས།
ཁྱེད་ཀྱིས་བདག་གི་བསམ་ཚུལ་ལ་དོགས་སློང་ཞིག་བྱས་པར་བཀའ་དྲིན་ཆེ། རྒྱུ་མཚན་ནི་འདི་འདྲ་བརྒྱུད་ནས་རང་ཅག་གི་ཁ་ཕྱོགས་ལ་ནོར་བཅོས་བྱེད་ཐུབ་པས་ཡིན། ཁྱེད་ཀྱིས་མཆན་དེ་དག་ལ་བདག་གིས་ལན་འདེབས་ཞུ་གི་ཡིན་པས་ཁྱེད་ཀྱིས་དེ་ལ་ལན་ངེས་པར་དུ་འདེབས་རོགས་ཞུ། དེ་ཡང་དྲང་མོ་དྲང་བཞག་གིས་འདེབས་རོགས་ཞུ། ངས་རང་བཙན་གྱི་ཕྱོགས་བཟུང་ནས་ཁྱེད་དང་ལྷན་དུ་བགྲོ་གླེང་བྱེད་པ་འདིས་དོན་དུ་དབུ་མའི་ལམ་ལ་ཕན་གྱི་ཡོད་པ་ལས་གནོད་ཀྱི་མེད། རྒྱུ་མཚན་ནི་ཁྱེད་ཀྱིས་རྒྱུ་མཚན་ཡང་དག་གིས་སྒོ་ནས་དབུ་མའི་ལམ་གྱི་དགེ་མཚན་གླེང་བ་ན་དེ་བརྒྱུད་ནས་མང་ཚོགས་དྲ་གྲོགས་གཞན་དབུ་མའི་ལམ་གྱི་ཕྱོགས་བློ་འགུགས་པའི་གོ་སྐབས་ཤིག་བསྐྲུན་པས་རེད།
ཁྱེད་ཀྱི་འབེབས་དང་པོར་’ང་ཚོས་་་་བུད་པ་རེད།’བར་ལ་ཞུ་རྒྱུ་ནིཿ
‘རང་སྐྱོང་མེད་པ་བཟོ་གི་ཡིན’་ཟེར་དུས་གསར་བ་རྩོད་རྒྱུ་ཕར་ད་ཡོད་ཀྱང་འཇོག་གི་མིན་ཟེར་བ་རེད། དབུ་ལམ་འདི་རྩོད་རྒྱུ་ཞིག་གི་ཆེད་དུ་རེད་དམ་ཐོབ་རྒྱུ་ཞིག་གི་ཆེད་དུ་རེད།
འབེབས་༢་་་་་’ཁོང་ཁྲོ་་་་སྙམ་གྱི་འདུག།’བར་ལ་ཞུ་རྒྱུ་ནིཿ
སྤྱིར་ན་ཁོ་བོ་འབྲི་རྩལ་ཞན་པའི་དབང་གིས་ཡིན་སྲིད་ཀྱང་། ང་ཚོ་བོད་རིགས་ནང་ཁུལ་ལ་གཅིག་གིས་བྲིས་པ་གཞན་གྱིས་ཞེ་འདོད་ལྟར་གོ་བརྡ་མ་འཕྲོད་པའི་དཀའ་ངལ་དེ་བསམ་ཚོད་ལས་ཆེ་བ་འདུག ད་ལན་ཡང་ཁོ་བོས་ཁོང་ཁྲོ་བྱས་ནས་རྩོད་འོས་ཟེར་དུས་དྲག་པོའི་ལམ་ནས་རྩོད་དགོས་ཟེར་བ་མིན་ལ། ཞེ་སྡང་ནི་ངས་དེ་བས་བཤད་མེད། ལར་ནས་ང་དང་ང་ལྟ་བུ་ལ་ཁོང་ཁྲོ་མི་ཟ་བ་འོང་མི་ཐུབ་པས་ཁོང་ཁྲོ་ཟ་མི་ཆོག་པའི་ཐབས་ལམ་ཞིག་བོད་སྤྱི་ཡོངས་ཀྱི་སྲིད་ཇུས་ལ་བཀོལ་ན་ཁྱབ་ཆུང་བ་འདུག་ཟེར་བ་ལས་ཐམས་ཅད་ཀྱིས་ཁོང་ཁྲོ་བྱེད་དགོས་ཟེར་ན་ང་སྨྱོས་པ་ལོས་ཡིན།
འབེབས་༣་་་་་’ཁོང་ཁྲོ་་་་ཤོར་བ་རེད།’བར་ལ་ཞུ་རྒྱུ་ནིཿ
ཁྲོ་དང་འཁྲུག་པ་ལོགས་ཁ་ཡིན་ཞིང་ལན་གཞན་ཁྱེད་ཀྱི་འབེབས་དང་པོའི་སྐབས་སུ་ཕུལ་ཡོད།
འབེབས་༤་་་་་’ད་ལྟ་་་་ཞི་བ་རེད།།’བར་ལ་ཞུ་རྒྱུ་ནིཿ
ངས་རང་གཞུང་གིས་དྲག་པོའི་ལམ་ལ་ཞུགས་པ་ནམ་ཡང་ཞུས་མེད་པ་སྐྱར་དུ་ཞུ་རྒྱུ་དང་། འགད་རྫས་གཡུག་པ་ཁྱེད་ཀྱིས་འགྲིག་ཡོད་ཟེར་གྱི་ཡོད་དམ། དེ་ནི་ནང་འགལ་རེད། རང་གཞུང་གིས་ད་བར་མ་གསུང་རུང་སྔ་ཕྱི་མ་གཏོགས་དེ་རིགས་ལ་དགག་པ་ངེས་པར་དུ་བྱེད་དགོས། དེ་མིན་ཁྱེད་ཀྱིས་གསུང་པ་བཞིན་བརྡ་དེ་སྤྲོད་མི་ཐུབ།
འབེབས་༥་་་་་’ལོ་འགའི་་་འདུག་གམ།’བར་ལ་ཞུ་རྒྱུ་ནིཿ
གྲུབ་འབྲས་མ་བྱུང་བ་དེ་རིང་ཁས་ལེན་ཙམ་གནང་བར་ཡག་བྱུང་། ངས་ཞུ་རྒྱུ་དེ་འདྲའི་འབོད་སྐུལ་ཞིག་དགོས་དོན་ཡེ་ནས་བྱུང་མ་སོང་། དེ་ནི་ཟོལ་རྫུ་ཙམ་ལས་གཅིག་རྒྱུས་གཅིག་གིས་ལོན་པར་བྱེད་པའི་འམ་ཁ་རུ་ཁ་ཐུག་གི་བྱ་བ་ཞིག་མ་རེད།
འབེབས་༦་་་་་’མིང་དོན་་་་མེད་པ་རེད།།’བར་ལ་ཞུ་རྒྱུ་ནིཿ
ཁྱེད་ཀྱིས་གསུང་སྟངས་ལ་བལྟས་ན་བོད་གཞུང་གིས་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་བཀླགས་ཨེ་ཡོད་སྙམ། དེའི་ནང་དུ་དེ་འདྲའི་ཁ་གསལ་ཡེ་ནས་མི་འདུག ཆབ་སྲིད་འཐབ་རྩོད་ནང་དུ་ཤོག་བུ་དཀར་བོའི་ཐོག་ལ་སྣག་ཚ་ནག་པོས་ཁ་གསལ་བོར་འབྲི་དགོས་པ་ལས་དེའི་ཤུགས་བསྟན་དང་ནང་དོན་འདི་འདྲ་ཞིག་རེད་བཤད་པས་ས་ཆོད་ཀྱི་མ་རེད།
འབེབས་༧་་་་་’གཉེན་པོ་་་་ཡོད་དམ།’བར་ལ་ཞུ་རྒྱུ་ནིཿ
“རྒྱ་མི་ལ་གཡོལ་དགོས་ན་བོད་དོན་འཐབ་རྩོད་སྤངས་དགོས་པ་རེད།”ཅེས་པའི་དོན་གང་རེད། ཁྱེད་ཀྱིས་”གཡོལ་”ཞེས་པའི་གོ་བ་རྐང་བཙུག་ནས་མི་ལོན་ཁུལ་གནང་གི་ཡོད་དམ།
“བོད་མི་རིགས་ཀྱི་རང་དབང་དང་རང་སྐྱོང་ནི་ན་ཚས་ཟིན་པའི་ནད་པ་ལྟ་བུ་རེད།”ཅེས་གསུང་བ་འདི་ལ་འགྲེལ་བཤད་ཅིག་དགོས་ཀྱི་འདུག
ངའི་བསམ་ཚུལ་དེ་ཧ་ཅང་གསལ་བོ་ཞིག་བྲིས་ཡོད་ལ།དེ་ཙམ་མ་ཟད་ཁྱོད་ལ་གོ་བརྡ་མ་འཕྲོད་པ་དེ་འདྲ་ཡང་རྩ་བ་ནས་རེད་མི་འདུག་པས།ཡང་བསྐྱར་གསལ་བཤད་ཞུ་རྒྱུ་གང་ཡང་མེད།དེ་ལ་ཁྱོན་ནས་དགོངས་འགལ་མེད་པ་ཞུ།
གསལ་བཤད་ཞུ་རྒྱུ་གཅིག་ནི།ང་རང་ཉིད་ལ་མཚོན་ན་དབུ་མའི་ལམ་དང་རང་བཙན་གྱི་ལྟ་བ་གཉིས་ཀའི་ཁོངས་ན་མེད།དེའི་ཕྱིར་ཆབ་སྲིད་ཀྱི་ལྟ་གྲུབ་དེ་གཉིས་གང་རུང་གི་ཕྱོགས་ལ་བློ་འགུག་བྱེད་རྒྱུའི་བསམ་བློ་རྩ་བ་རང་ནས་མེད།
ངའི་རེ་བར་ཁྱེད་ཀྱིས་འདི་སྐོར་ལ་བསམ་གཞིགས་ང་ལས་གཏིང་ཟབ་པ་ཞིག་གནང་ཡོད་སྲིད་ཅིང་། དེའི་དབང་གིས་ང་རང་ལ་བློ་སྐྱེད་འདྲ་རག་ན་བསམ་ན་ཡང་ཁྱེད་ཀྱིས་འདི་ལྟར་མགོ་འདོགས་པའི་ཚུལ་བཟུང་བར་བདག་དཀའ་བྱུང་། ཁྱེད་ཀྱིས་ལན་མི་འདེབས་པ་ལ་ཁུངས་གཉིས་ལས་གཅིག་ནི་ང་ལ་ལན་མི་ཐེབས་པ་དང་། གཅིག་ནི་ང་ལ་ལན་འདེབས་འདོད་མེད་པ་དེ་གཉིས་ལས་འགྲོ་ས་མེད། གཉིས་པ་ལ་ཡང་གཅིག་ནི་ཁྱེད་ཆེ་དྲགས་ནས་ང་ལ་ལན་འདེབས་རིན་མི་བརྩི་བ་དང་། གཅིག་ནི་ཁྱེད་རང་ལ་ཆབ་སྲིད་ཀྱི་ལང་ཕྱོགས་མེད་པ་གཉིས་ལས་འགྲོ་ས་མེད།
གང་ལྟར་ཀྱང་ཐུགས་རྗེ་ཆེ།