ཆབ་བྲག་ལྷ་མོ་སྐྱབས།
སྐུ་ཞབས་ཀྲུའུ་ཝེ་ཆོན་ལགས་ཀྱི་སྐད་ཆ་འདི་རིགས་སྒེར་ངོས་ཀྱི་སེམས་གཏམ་ངོ་མ་ཞིག་ཡིན་མིན་བཤད་དཀའ་ན་ཡང་། རྒྱ་ནག་གཞུང་གི་རྒྱུག་ཁྱི་ཡག་པོའི་ཁྱི་སྐད་ངོ་མ་དེ་ཡིན་པར་ཐག་བཅད་ཆོག
ཁོ་པས་ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད་ཟེར་བ་འདི་ཁོ་ནས་ཁོས་མངོན་སུམ་ལ་བསྙོན་གྱིན་མེད་ན་ཡང་ལོག་ལྟ་བ་ཞིགཡིན་པ་ཚང་མས་ཤེས་ཐུབ། ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་དེད་དཔོན་དང་ཞི་བའི་དབུ་ཁྲིད་དོན་དམ་པ་ཞིག་ཡིན་ཚུལ་ཁོང་གིས་ ༡༩༥༡ ལོར་བོད་གཞུང་གི་ཆབ་སྲིད་དབང་ཆ་ཡོངས་སུ་བཞེས་པ་ནས་ད་ལྟའི་བར་དུ་དགྲ་ལ་གྲོགས་ཀྱི་འདུ་ཤེས་བཟུང་ནས་བོད་རྒྱའི་ཞི་བདེའི་ཆེད་ཙམ་མ་ཟད་འཛམ་གླིང་ཞི་བདེར་སྨན་པའི་མཛད་འཕྲིན་ཅི་ཙམ་ཞིག་བསྐྱངས་ཡོད་པ་འཛམ་གླིང་ཡོངས་གྲགས་ཡིན་པས་ངས་འདིར་ཞིབ་བརྗོད་མི་དགོས། དེའི་དཔེ་མཚོན་ཙམ་གཙོ་བོ་ཞིག་ནི་བོད་རྒྱ་ཞི་མོལ་གྱི་དབུ་མའི་ལམ་ཆེན་གསར་གཏོད་གནང་ནས་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཀྱིས་བོད་དོན་ལས་འགུལ་གང་སྤེལ་ཚང་མ་འཚེ་མེད་ཞི་ལམ་ཁོ་ནར་སྐྱོད་དགོས་པར་པའི་བཀའ་སློབ་ལམ་སྟོན་རྒྱུན་མར་གནང་བ་མ་ཟད་གལ་ཏེ་དྲག་པོའི་འཐབ་རྩོད་ཀྱི་ལམ་དུ་འགྲོ་ན་ཁོང་གིས་བོད་ཀྱི་དབུ་ཁྲིད་གནང་མི་ཐུབ་ཚུལ་ཡང་དང་བསྐྱར་དུ་གསུངས་ལ། ཐ་ན་ ༢༠༠༨ ལོའི་རྒྱལ་སྤྱིའི་རྩེད་འགྲན་མོ་རྒྱ་ནག་ཏུ་འཚོག་རྒྱུར་ཡང་ཁོང་གིས་རྒྱབ་སྐྱོར་གནང་ཡོད།
༡༽ “རྒྱ་རིགས་དང་བོད་རིགས་བར་ལ་ཡང་བསྐྱར་འགལ་བ་བྱུང་ཞིང་། ངོ་རྒོལ་བྱེད་སྒོའི་ནང་མི་འགའ་ཤས་ཀྱི་སྲོག་ཤོར་ཡོད་པ་འདྲ ” ཟེར། རྒྱ་གཞུང་གིས་ཐོག་མར་བོད་ལ་བཙན་འཛུལ་བྱས་པ་ནས་རྒྱ་བོད་བར་ལ་འགལ་བ་ཚབས་ཆེན་བཟོས་ཟིན་པར་མ་ཟད་དེའི་རྗེས་ཀྱི་རིག་གནས་གསར་བརྗེ་དང། འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་རང་སྐྱོང་གི་གནད་དོན་གང་ཐད་ནས་ཞི་དྲག་གཉིས་ཀྱིས་གཉའ་གནོན་བྱས་པས་ ༢༠༠༨ ལོར་བོད་ས་ཡོངས་ནས་ཞི་རྒོལ་གྱི་མེ་ལྕེ་མཆེད་པ་རེད། ད་ལྟ་དམག་དཔུང་གིས་བོད་བསྐོར་ནས་སྡོད་དགོས་པ་ཞིག་ཆགས་པ་འདི་བོད་རྒྱའི་འགལ་བ་ཆེས་ཛ་དྲག་ཏུ་སླེབས་པ་ཞིག་ལས་ཡང་བསྐྱར་འགལ་བ་བཟོས་པ་ཞིག་མིན། འགལ་བ་བཟོ་མཁན་དེ་ཡང་རྒྱ་གཞུང་རང་ཡིན། འགལ་བ་འདི་ཡང་བོད་དང་པེ་ཅིན་སྲིད་གཞུང་བར་གྱི་འགལ་བ་ཡིན་པ་ལས་རྒྱ་རིགས་དང་བོད་རིགས་གཉིས་ཀྱི་མི་རིགས་བར་གྱི་འགལ་བ་ཞིག་གཏན་ནས་མིན།
༢༽ “ ང་ཚོས་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད ” ཟེར། གལ་ཏེ་དེ་ལྟར་ངོ་མ་བསམ་གྱིན་ཡོད་ན་དེ་ཡང་རྩ་བ་ནས་ནོར་ཡོད་དེ། དད་མོས་ཟེར་བ་འདི་མི་སྒེར་བ་སོ་སོའི་སེམས་གཏིང་ནས་སུ་ལ་དད་གུས་བྱེད་པ་དེར་དད་མོས་བྱེད་ཆོག་པའི་ཐོབ་ཐང་ཞིག་ལ་གོ་དགོས། བོད་ཀྱི་ཆོས་ལུགས་དད་མོས་ཀྱི་འཇུག་སྒོ་ནི་སྐྱབས་འགྲོ་ཡིན། དེའི་ཐོག་མ་ནི་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་འདི་ཡིན། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་༸རྒྱལ་བ་པཎ་ཆེན་ཟེར་བའི་བོད་མི་དམངས་ཀྱི་ཁ་དཔེ་འདིར་ཁྱེད་རང་ཚོ་ཡང་རྒྱུས་ལོས་ཡོད། དེས་ན་བོད་མི་བརྒྱ་ཆའི་དགུ་བཅུ་ཡན་གྱིས་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་གསོལ་འདེབས་བྱེད་སའི་བླ་མ་དེ་སུ་དང་སུ་ཡིན་པ་ལོས་ཤེས། དེ་བས་སོ་སོའི་རྩ་བའི་བླ་མར་དད་མོས་བྱེད་པ་བཀག་པ་འདིས་ཆོས་ལུགས་དད་མོས་ཀྱི་སྒོ་ཆེན་དེ་བཀག་པ་རེད། དཔེ་ཆ་སློབ་གཉེར་སོགས་སྒོ་དངསྒེའུ་ཅི་ཙམ་ཕྱེས་ན་ཡང་རྒྱ་སྒོ་བརྒྱབ་པའི་བཙོན་ཁང་གི་ཆོས་ར་ཞིག་ལས་ཅི་ཡང་མིན་པ་འདི་པེ་ཅིན་སྲིད་གཞུང་གིས་གསལ་རྟོགས་ཐུབ་མེད་ཀྱང་སྲིད། དེ་བས་དོན་དམ་གྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ན་བོད་མི་ཚོས་ཏཱ་ལའི་བླ་མར་སྐྱབས་སུ་འགྲོ་བ་འདི་གཏན་ནས་འགོག་མི་འོས་ལ་གཏན་ནས་འགོག་ཐབས་ཀྱང་མེད། གལ་ཏེ་མུ་མཐུད་དུ་བཀག་ན་མུ་མཐུད་དེ་ཆོས་ལུགས་དད་མོས་ཀྱི་རང་དབང་བཀག་པ་ཡིན་པ་ཤེས་པར་གྱིས།
༣༽ཁོས་བོད་ལྗོངས་སུ་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་དང་གཏོང་རྒྱུ་ཡིན་ཚུལ་བཤད་འདུག ང་ཚོས་དེང་སང་བོད་ནང་གི་གཞི་རྩའི་འཚོ་བ་ལ་དཀའ་ངལ་ཆེ་ཚུལ་བཤད་ཀྱིན་མེད། ཅི་ཙམ་བཏང་ཡོད་ཀྱང་བོད་ནི་ད་དུང་དཔལ་འབྱོར་ཐད་ནས་རྗེས་ལུས་ཡིན་པ་ཁྱོད་རང་ཚོས་ཁང་བླངས་ཡོད། མ་གཞི་ནས་དཔལ་འབྱོར་བསླུ་བྲིད་ཀྱིས་བོད་འཆི་ལམ་དུ་ནམ་ཡང་འདེད་མི་ཐུབ། ད་ལྟ་ང་ཚོའི་མི་རིགས་འདི་ཡང་གཉིད་ལས་སད་ཀྱིན་ཡོད་པས་སྒོར་མོས་བསླུ་མི་ཐུབ། བོད་ཀྱི་གནད་དོན་འདི་དཔལ་འབྱོར་གྱི་གནད་དོན་མིན། འདི་མིའི་ཐོབ་ཐང་དང་མི་རིགས་ཀྱི་བདག་དབང་དང་དོན་དམ་གྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་འཇུག་མིན་གྱི་ཆབ་སྲིད་ཐད་ཀྱི་གནད་དོན་ཡིན། དེ་བས་རྒྱ་གཞུང་ནས་སྒོར་གྲངས་མེད་བཏང་ན་ཡང་བོད་ཀྱི་ཆོས་ལུགས་དད་མོས་གཙོས་མིའི་རང་དབང་དང་མི་རིགས་རང་སྐྱོང་གི་བདག་དབང་མ་རག་བར་དུ་རྒྱ་གཞུང་དང་གུང་ཁྲན་ཏང་མི་དག་ནི་བོད་ཀྱི་གཉའ་གནོན་པ་ལས་ཞབས་ཞུ་བ་ཞིག་ལ་ནམ་ཡང་བསམ་མི་སྲིད་པ་ཡང་ཤེས་པར་གྱིས།
༤༽“༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་ བཟུང་། བོད་ལྗོངས་ཀྱི་མི་འབོར་ཁྲི་ ༡༠༠ ནས་ཁྲི་ ༣༠༠ བར་མང་དུ་ཕྱིན་ཡོད ” ཟེར། བོད་ལ་དྲག་པོས་བཙན་འཛུལ་བྱས་པ་ནས་རིག་གསར་སྐབས་དང་དེ་ནས་ད་བར་ལ་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་པེ་ཅིན་སྲིད་གཞུང་གི་ཁ་ནང་དུ་བཅུག་ཚར་ཡོད། ད་དུང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་འཕེལ་རྒྱས་ལ་ཚོད་འཛིན་དམ་དྲག་བྱེད་ཀྱིན་ཡོད། མདོར་ན་དེ་སྔའི་བོད་མིའི་གྲངས་ཚད་ལ་ད་དུང་སླེབས་མེད། གཅིག་བྱས་ན་ད་དུང་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཆེན་མོ་ལྟ་བུ་ཞིག་ཡང་བསྐྱར་བོད་ཀྱི་ས་ཁུལ་གང་རུང་དུ་ཡང་འབྱུང་སྲིད་པ་ཞིག་རེད། གང་ལྟར་འགྲོ་བ་མིའི་ཐོབ་ཐང་མི་རག་ས་ཞིག་ཏུ་མི་གྲངས་འཕར་བ་ལས་ཀྱང་འགྲིབ་ན་མི་ལེགས་སམ། (ཁྱོད་ཀྱིས་མི་གྲངས་ཁྲི་སུམ་བརྒྱ་ལ་འཕར་ཟེར་བ་དེའི་ཁྲོད་དུ་མང་ཤོས་རྒྱ་རིགས་སོགས་མ་ཡིན་ནམ།)
༥༽ཁོས “ཏཱ་ལའི་བླ་མས་མེར་སྲེག་གཏོང་མཁན་དེ་ཚོ་ནི་དཔའ་བོ་ཡིན་ཞིང་། ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་ཞེས་བརྗོད་མྱོང་ཡོད་པས། ཚིག་དེ་ནི་དྲག་སྤྱོད་ཀྱི་བྱེད་ཐབས་བཀོལ་བར་སྐུལ་སློང་བྱེད་པའི་ཚིག་ཅིག་རེད་ཅེས་དང་ཁོས་ད་དུང་ཞི་བའི་ནང་བསྟན་ཆོས་ལུགས་དེ་དྲག་སྤྱོད་ཀྱི་ཆོས་ལུགས་ཤིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་ཅེས་དང་། ང་ཚོས་བྱེད་བཞིན་པའི་འཐབ་རྩོད་ནི་དྲང་བདེན་ཡིན་པ་མ་ཟད། མི་དམངས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ལ། དེ་ནི་ཆེས་ཤིན་ཏུ་གལ་ཆེན་པོ་དེ་རེད”ཟེར། རང་ལུས་མེར་བསྲེགས་མཁན་འདི་དག་གི་ཚེ་སྲོག་དེ་བོད་ཀྱི་ཆོས་སྲིད་ལུགས་གཉིས་དང་རང་གི་མི་རགས་ཀྱི་རང་དབང་གི་ཆེད་དུ་ཡིན་པར་མ་ཟད་བོད་དོན་བདེན་པའི་ཞི་བའི་འཐབ་རྩོད་ཀྱི་མཚོན་རྟགས་བླ་ན་མེད་པ་དེ་ཡང་ཡིན་པས་ཁོང་རྣམ་པར་དཔའ་བོའི་མཚན་སྙན་སུས་ཀྱང་གནང་མི་དགོས་པར་རང་བཞིན་གྱིས་ཐོབ་པ་ཞིག་རེད། བདེན་དོན་སྐྱོང་བའི་དཔའ་བོར་མྱ་ངན་གུས་འདུད་དང་གདེང་འཇོག་བྱེད་རྒྱུ་འདི་མ་མཐར་ཡང་མི་ཞིག་གི་ཀུན་སྤྱོད་ཅི་ལ་མིན། ཡང་ཁྱོད་ཚོས་བྱེད་བཞིན་པའི་འཐབ་རྩོད་དེ་དྲང་བདེན་ཡིན་པར་རློན་གྱིན་ཡོད་ན་རྒྱལ་སྤྱིའི་ནང་གི་རང་དབང་གསར་འགོད་པ་དག་མ་ཟད་ཕྱི་གླིང་བའི་སྤྲོ་འཆམ་དག་ཀྱང་བོད་དུ་འགྲོ་བར་བཀག་སྡོམ་བྱེད་དོན་ཅི། དོགས་འཇིགས་ཀྱིས་དམག་དཔུང་གིས་དམ་དྲག་བྱས་ནས་སྡོད་དོན་ཅི། ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུར་སྐྲག་འགྲོ་དོན་ཅི། མི་དམངས་ཀྱིས་རྒྱབ་སྐྱོར་སུ་ལ་ཐོབ་མིན་དེ་རྩོད་མི་དགོས། བོད་མི་དམངས་ལ་རང་ཐག་རང་གཅོད་ཀྱི་འོས་འཕེན་རང་དབང་ཞིག་སྤྲོད་དང་ཤེས་ཡོང། དེའི་སྤོབས་པ་སྤུ་ཙམ་ཡང་ཡོད་དམ།
༦༽ ཁོས་ད་དུང་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱིན་འདུག་ཚུལ་གྱི་ཁྱི་སྐད་བརྒྱབ་འདུག
་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་པེ་ཅིང་དུ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་ལ་ཡང་ཁོ་ཚོས་ལོག་བཤད་སྤེལ་ཡོད། དངོས་དོན་ཁས་མ་བླངས་པ་ལ་གསལ་བཤད་ཀྱིས་ཅི་ཡང་མི་ཕན། གལ་ཏེ་བཙན་བྱོལ་གཞུང་གི་བསམ་འཆར་དེ་རང་བཙན་གྱི་ངོ་བོར་འགྲོ་གིན་ཡོད་ན་རྒྱ་ནག་རང་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ནང་ལ་ངོ་བོ་དེ་འདྲ་ཞིག་ཡོད་པ་ཁས་ལེན་དགོས། རྒྱུ་མཚན་ནི་བསམ་འཆར་དེ་རིགས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཞིག་ཡིན་པས་སོ། ད་ལྟ་ང་ཚོས་གཞི་འཛིན་སའི་གཞུང་འབྲེལ་ཡིག་ཆ་བསམ་འཆར་འདི་རང་ཡིན་པས་དེ་སྔའི་གསུང་བཤད་དང་ཡོིག་ཆ་རྙིང་པ་རིགས་བསྐྱར་གླེང་ལ་དགོས་པ་ཅི་ཡང་མེད། འདས་པ་འདས་པ་རེད། ད་ལྟ་ད་ལྟ་རེད། གཙོ་བོ་མ་འོངས་པའི་གནད་དོན་རེད།
༧༽ཁོས་“ཏཱ་ལའི་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཆེན་པོ་འུད་སྒྲོག་བྱེད་ཀྱི་ཡོད། ཏཱ་ལའི་ཡིས་བཤད་བཞིན་པའི་བོད་ཆེན་མོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་ བཞི་མ་༢༥༠ཡོད་པ་དང་། ཀྲུང་གོ་ཡོངས་ཀྱི་ས་ཁྱོན་ལས་བཞི་ཆའི་གཅིག་ཟིན་ཡོད།་ཅེས་དང་། ས་ཁྱོན་རྒྱལ་ཁབ་ཡོངས་ཀྱི་རྒྱ་ཁྱོན་ལས་བཞི་ཆའི་གཅིག་ཙམ་ཟིན་པའི་ས་ཁོངས་སུ་ རང་སྐྱོང་དེ་འདྲ་ངོས་ལེན་བྱེད་ཐུབ་བམ་”ཞེས་ཧང་སང་འདུག
ཁྱོད་ཅག་གིས་མདོ་དབུས་ཁམས་དེ་བོད་མི་རིགས་ཀྱི་འཚོ་སྡོད་དང་བདག་དབང་ཡོད་པའི་ས་ཁུལ་ལ་ངོས་ལེན་བྱས་ཡོད་ན་གཅིག་གྱུར་གྱི་རང་སྐྱོང་ཞིག་ཆགས་རྒྱུར་ཁས་ལེན་མི་ཐུབ་དོན་ཅི། ད་དུང་མི་རིགས་གཅིག་དང་སྐད་ཡིག་གཅིག ཆོས་ལུགས་གཅིག་སོགས་རིག་གཞུང་གོམས་གཤིས་གཅིག་ཡིན་པའི་ཐོག་ལ་བོད་རིགས་ཁྱིམ་གཅིག་གི་རེ་སྨོན་ཤུགས་དྲག་ཏུ་འགྲོ་བཞིན་ཡོད་པས་འཆམ་མཐུན་དང་མཉམ་འབྲེལ་གྱི་རྨང་གཞི་བརྟན། བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་བྱས་ན་མ་བྱས་ན་དེ་ཀྲུང་གོའི་མངའ་ཁོངས་ལས་ལོགས་སུ་སོང་མེད་པས་ཀྲུང་གོ་ལ་ཡང་ཆེ་ཆུང་སོང་འགྲོ་གིན་མེད། དེ་བས་བོད་རིགས་རང་སྐྱོང་གཅིག་འགྱུར་བྱ་རྒྱུ་འདི་བོད་མི་རིགས་དང་རྒྱ་མི་རིགས་ཀྱིས་གཙོས་པའི་ཀྲུང་གོ་ལ་ཁེ་ཕན་ཡོད་པ་ཞིག་རེད། འོན་ཀྱང་ཁྱོད་ཅག་གིས་དོགས་འདྲོགས་དང་བློ་འཚབ་སྐྱེ་གཞི་དེ་ནི་ད་ལྟ་ས་ཁུལ་དུམ་བུར་བཅད་ནས་ཀྱང་མི་རིགས་འདི་ཉམས་རྒུད་ལ་གཏོང་མི་ཐུབ་ན་གཅིག་གྱུར་བཟོས་ན་མི་རིགས་འདི་གོང་ལ་འཆོར་བའམ་ཡང་ན་བོད་རང་བཙན་ལེན་གྱི་རེད་སྙམ་པ་ཅི་ལ་མིན། གལ་ཏེ་དེ་ལྟར་མིན་ན་བསམ་འཆར་འདི་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཆེན་པོ་ཅི་ཡང་མེད།
པེ་ཅིན་སྲིད་གཞུང་གིས་མུ་མཐུད་དེ་བོད་རིགས་དང་ཡུ་གུར་གྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཡག་པོར་ཐག་གཅོད་མ་བྱས་ན་མི་རབས་ལ་ཟད་པ་མེད་པས་འཐབ་རྩོད་འདི་ཡང་ཟད་པ་མེད་པ་མ་ཟད་འཐབ་རྩོད་ཀྱི་ངོ་བོ་དང་མཇུག་འབྲས་ཅི་འདྲ་ཞིག་ལ་འགྱུར་མིན་ཡང་བཤད་དཀའ་བ་ཞིག་ཡིན་པ་ལོས་ཤེས།
ཁྱོད་ཀྱི་ཉོག་བཤད་ལྷག་མ་དག་ལ་ཡང་ལན་རིམ་པས་འདེབས་དགོས།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ ༢༠༡༢།༢།༤ ལ།
དགྲ་བོ་སྟེང་ལ་རྒོལ་གཏམ་འདི་ནི་ཤིན་ཏུ་ནས་ལེགས།
ལྷ་མོ་སྐྱབས་ཀྱིས་རྒོལ་གཏམ་བཏང་འདུག ཐུགས་རྗེ་ཆེ།
སྔགས་ཀྱི་དམ་ཚིག་ཏུ། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད་ཟེར་ནི་རེད། གལ་ཏེ་བསྟན་དགྲ་འདི་ལྟ་བུ་བསད་ནའང་ཆོག་པར་འདོད། དེས་ན་རྒོལ་ལན་ཕུལ་བ་ནི་ཆེས་རིགས་པའོ། །
རྩོམ་ཡིག་འདི་ལ་ཆ་ཚང་བལྟ་བའི་འདོད་པ་མ་བྱུང་རྒྱུ་མཚན་ནི་ཁོང་གིས་ཀྲུའུ་ཝེ་ཆོན་གྱིས་རྫུན་བཤད་དྲངས་ཏེ་”ཁོ་པས་ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད”་ཟེར་བ་འདི་ཁོ་ནས་ཁོས་མངོན་སུམ་ལ་བསྙོན་གྱིན་མེད་ན་ཡང་ལོག་ལྟ་བ་ཞིགཡིན་པ་ཚང་མས་ཤེས་ཐུབ། ཅེས་མངོན་སུམ་ལ་བསྙོན་གྱི་མེད་པ་ཐག་བཅད་འདུག
ཀྲུའུ་ཝེ་ཆོན་ལ་ལན་འདེབས་འདི་འདྲ་ཞིག་བྱས་ཡོད་་་http://www.shambalapost.com/blog/viewpost/8402
མིའུ་ཕྲུག་ལགས། གལ་ཏེ་དེ་ལྟར་གོ་ཆོག་པར་སྣང་ན་ཡང། སྐབས་འདིའི་གོ་བ་ནི། གལ་ཏེ་མངོན་སུམ་ལ་བསྙོན་གྱིན་པ་ཁོ་རང་གིས་མི་ཤེས་པའམ་ཁས་མི་ལེན་ན་ཡང་ཁོ་རང་ལོག་ལྟ་བ་ཞིག་ཡིན་པ་ཚང་མས་ཤེས་ཐུབ་པ་ཞིག་རེད། ཅེས་པར་གོ་གི་མི་འདུག་གམ། གང་ལྟར་ལོག་ལྟ་བ་ཞིག་ཡིན་ཕྱིན་ཁོས་བཤད་པ་ཐམས་ཅད་ལོག་བཤད་རང་ཡིན་པ་དེ་རེད།
ལན་ཡག་པོ་བྲིས་འདུག ངས་བསམ་ན་རྩོམ་ཡིག་འདིའི་རིགས་ཡིག་རིགས་གཞན་གྱི་དྲ་ཚིགས་གཞན་དུ་གཏོང་ཐུབ་ན་དགེ་མཚན་དེ་ལས་ཆེ། དེ་མིན་རང་སེམས་གསོ་བ་ཙམ་དུ་ཟད་དོ། གང་ལྟར་རྩོམ་པ་པོ་རྒན་ལྷ་མོ་སྐྱབས་ལ་བཀའ་དྲིན་ཆེ།
སྐྱག་རྫུན་ཐེངས་མང་བཤད་ན་བདེན་པ་ཆགས་སྲིད་པ་མི་ཤེས་སམ། དེང་གི་དུས་འདིར་རྒྱ་ནག་གིས་བོད་ཀྱི་གནད་དོན་འཁྱོག་བརྗོད་བྱེད་པར་སྐབས་ཐོག་སྐད་ཡིག་སྣ་མང་ནང་ལན་འདེབས་དགོས་བ་ཁ་ཚ་དགོས་གཏུགས་རེད། རྒྱ་ནག་གིས་ཅི་བཤད་པ་མངོན་སུམ་ལ་བསྙོན་བཏིང་བ་ཤ་སྟག་ཡིན་མོད་རང་དགར་སྐྱུར་འཇོག་རྒྱུ་ཞིག་གཏན་ནས་མ་རེད་འདོད། བོད་པའི་དཔྱོད་ལྡན་པའམ་ཤེས་ནས་སྨྲ་མཁན་དག་གིས་སྨྱུག་ཁ་རང་རིགས་ལ་བསྐོར་ནས་དུས་བདའ་བ་ལས་རྒྱ་ནག་གི་འཁྱོག་བཤད་འདི་དང་འདི་རིགས་ལ་དགག་ལན་ཚ་ཐོག་ཆོག་རེད་གནང་ན་ཅིས་མི་དགའ།
སྤྱང་ལྟོགས་ཀྱི་རྣ་བར་ཆོས་མི་འགྲོ་ཡང་། འདི་ཉིད་སྐད་ཡིག་གཞན་དུ་སྒྱུར་ན་ཕན་སྲིད་པ་རེད་སྙམ་གྱི་འདུག་ལགས།
རྣམ་པ་ཚོའི་རྒྱབ་སྐྱོར་གྱི་སྐད་ཆ་འདི་དག་དང་ལྷག་པར་སྐད་རིགས་གཞན་ཐོག་སྒྱུར་རྒྱུའི་རེ་སྐུལ་གནང་བ་འདི་རིགས་ངོ་མ་ཤ་ཚ་བའི་སྙིང་གཏམ་ཞིག་རེད་སྙམ་སོང། བཀའ་དྲིན་ཆེ་ཞུ། གལ་ཏེ་གཞུང་རང་གི་རྒྱ་ནག་ལ་ལན་འདེབས་ཚོགས་ཆུང་དེ་ཡར་རྒྱས་བཏང་ནས་ཡིག་སྒྱུར་སྡེ་ཚན་ཞིག་ཀྱང་ཁ་སྣོན་བྱས་ན་དགེ་མཚན་ཅི་བས་ཆེ་བར་འདོད།
ང་ཚོ་ནམ་རྒྱུན་ནང་་ལ་བསྐོར་ན་ཁ་བརྡའི་ནང་མཆན་བུ་འདེབས་མཁན་སུམ་བརྒྱ་བཞི་བརྒྱ་ཡོད།དེ་རིང་དེ་ཚོ་གང་ལ་བུད་སོང་ནི་རེད།མཁས་པ་ཁོ་་ཡིན་ང་ཡིན་ཚོས་ལན་འདེབས་རོགས་གནང་ཆབ་བྲག་ལྷ་མོ་སྐྱབས་ནང་བཞིན།འདི་ནི་ངོ་མའི་ང་ཚོའི་དགྲ་བོ་རྒྱ་ནག་གུང་ཁྲན་ཏང་གི་རྒྱུག་ཁྱི་ངོ་མ་ཟིག་གི་ཟུག་སྐད་རེད།དྲ་གྲོགས་ཚོ།ཁ་ལྐུག་ན་ི་མིན་ན་ལན་ཐོབ།ལག་འཁོབ་མིན་ན་ལན་བྲིས།
ཆབ་བྲག་ལྷ་མོ་སྐྱབས་ཐུགས་རྗེ་གནང་ལན་གནད་འཁེལ་ཞིག་རྒྱབ་འདུག་།
ད་རེས་ཆབ་བྲག་ལགས་ཀྱིས་དགོས་སར་གཅིག་སླེབས་འདུག། རྗེས་སུ་ཡིད་རང་ཞུ་འོས་པ་རེད། འོན་ཀྱང་ནམ་རྒྱུན་ཀྲུང་དབྱང་གི་རྩ་ཁྲིམས་ལ་ཡིད་ཆེས་ཞེ་དྲག་གནང་མཁན་གྲས་རེད། ད་རེས་ཁྱེད་ཀྱི་ཡིད་ཆེས་དེ་ཀྲུ་ཝེའེ་ཆོན་གྱི་སྐད་ཆ་གཅིག་གིས་བརླགས་སོང་བ་ཨེ་རེད། བྱས་ཙང་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་ལ་གཞི་བཅོལ་གྱི་མེད་པ་མ་ཟད་རྩ་ཁྲིམས་དང་ལག་ལེན་གཉིས་ཀྱི་དཀའ་ངལ་རེད་པ།
ཁོས་བོད་ལྗོངས་སུ་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་དང་གཏོང་རྒྱུ་ཡིན་ཚུལ་བཤད་པ་འདིའི་ཐད་ནས་ལན་བཏབ་པ་དེ་ཙམ་ཞིག་རེད། སྒོར་ཅི་ཙམ་བཏང་ནའང་རྒྱ་མིས་བོད་ཀྱི་གཏེར་ཁ་དང་ནགས་ཚལ་སོགས་ཁྱེར་བ་རྣམས་བརྩིས་ན་བོད་དུ་སྒོར་བཏང་བ་ལས་བརྒལ་ཡོད་ངེས། དེས་ནས་འཛུགས་སྐྲུན་ཅི་ཙམ་བྱས་ཀྱང་ངོ་མེད་པར་མ་ཟད། རང་ས་ནས་བྱུང་བའི་ནོར་སྲིད་དེ་དག་གིས་ངེས་པར་དུ་དེ་ལས་ལྷག་པ་ཞིག་འཛུགས་སྐྲུན་བྱེད་ཐུབ།
དྲ་གྲོགས་རྣམ་པ། བསམ་འཆར་བཤད་དགོས། ཁ་སྣོན་རྒྱག་རོགས། ང་ཚོ་ཚང་མ་གཡུལ་ས་གཅིག་གི་དཔུང་རོགས་རེད་པ།
རྒན་ལྷ་མོ་ལགས། སྐོམ་ཐོག་གི་རྫ་ཆུ་བསིལ་མ་ལྟ་བུའི་དགག་རྩོམ་གནད་ལ་ཁེལ་བ་ཞིག་གནང་འདུག་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ཞོར་ནས་ཞུ་རྒྱུ་ཞིག་ས་བྱི་ཞི་རྒོལ་སྐབས་ང་ཚོས་འདོན་སྤེལ་བྱས་པའི་བོད་ཀྱི་མིག་དཔེ་དེབ་དང་པོ་སྔ་མོ་ནས་དབྱིན་ཡིག་ཐོག་ཕབ་བསྒྱུར་གྲུབ་ཡོད། ཁྱེད་ལ་བསྐུར་དགོས་བསམ་ཀྱང་ཁ་བྱང་མ་ཐོབ་པས་ལྷག ཁྱེད་ཀྱི་མཆན་ཡིག་འདི་གཟིགས་ཚེ་གཤམ་འཁོད་གློག་འཕྲིན་ཐོག་ཉིད་ཀྱི་སྡོད་གནས་ཁ་བྱང་སྐུར་དང། དེབ་གྲངས་ཁ་ཤས་རྒན་ལགས་ལ་བསྐུར་རྒྱུ་ཡིན།
dorjerinchen@yahoo.com
རྣམ་དཔྱོད་དང་ལྷག་བསམ་གྱིས་འགྱིངས་པའི་རྡོ་རྗེ་རིན་ཆེན་ལགས། ས་ཁ་ཐག་རིང་ཡང་གཏམ་ཁ་ཐག་མི་རིང་བ་འདི་སྐྱིད་ཅིག་རེད། བཀྲ་ཤིས་བདེ་ལེགས།
གློག་འཕྲིན་ཁ་བྱང་འདིའི་ཐོག་ལ་འབྲེལ་བ་གནང་རོགས།
chapbrag@gmail.com
རྒན་ཆབ་བྲག་གིས་འབོད་སྐུལ་བྱས་ནས་ཤར་ཁུག་གི་རྩོམ་ཡིག་དེ་བོར་འདུག དེ་ད་ལྟ་ནས་བཀོད་ན་མི་ཡག་གམ།
ཆབ་བྲག་ལགས། ཉིད་ཀྱིས་གནང་བའི་ལན་རྣམས་ཧ་ཅང་ལེགས་ཤིང་ཐུགས་རྗེ་ལེགས་འབུལ་ཡོད་ཀྱང་། གལ་ཆེའི་གནད་དོན་ཞིག་ལྷག་ཡོད་པའི་སྣང་བ་སྟེར་བས་བཀོད་པ་ཡིན།
ཀྲུའུ་ཝེ་ཆོན་གྱིས༼ཧོང་ཀང་དང་ཨོ་མོན་གྱི་མི་རྣམས་ལ་རིག་གནས་དང་དཔལ་འབྱོར་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། དཔལ་འབྱོར་ལམ་ལུགས་ཀྱང་དེ་ལྟར་རེད། ཀྲུང་གོའི་སྐམ་སར་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལག་བསྟར་བྱེད་བཞིན་པའི་སྐབས་སུ་ཧོང་ཀང་དུ་དབྱིན་ཇིའི་རྣམ་པའི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཡོད་པ་རེད། ཀྲུའུ་ཡིས་ཧོང་ཀང་ཕྱིར་མེས་རྒྱལ་དུ་ལོག་ཆེད། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཏོན་པ་ཡིན། གལ་སྲིད་བོད་དུའང་སྲིད་ཇུས་འདི་ལག་བསྟར་བྱེད་དགོས་ན། ཡང་བསྐྱར་བྲན་གཡོག་ལམ་ལུགས་སླར་གསོ་བྱེད་དགོས་པ་དེ་རེད། ལམ་ལུགས་དེར་མི་སུ་ཡིས་ཀྱང་དགའ་བསུ་བྱེད་མི་སྲིད་ལ། བོད་རིགས་སྤུན་ཟླ་དང་ང་ཚོ་སུ་ཡིས་ཀྱང་དེར་དགའ་བསུ་བྱེད་མི་སྲིད་ཅེས་བརྗོད།༽
ཕྲན་གྱིས་བརྒྱ་བཤད་ཚིག་གི་རྩ་བའི་འདི་ལ་གོ་བ་ལེན་སྟངས་འདི་ལྟར་ཏེ། ཁོང་གིས་བོད་ནི་ཧོང་ཀང་དང་ཨོ་མིན་ལྟ་བུ་ནུས་བ་མེད་ཅིང་དེང་རབས་ཀྱི་དཔལ་ཡོན་དེ་ཙམ་དར་མེད་པས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སྤྲད་མི་སྲིད། དེ་ལས་ཁ་ཇེ་གསལ་བཏང་ན། བོད་ལ་ཧོང་གོང་དང་ཨོ་མིན་གཉིས་ལྟར་མང་གཙོ་དང་རང་དབང་ལ་གོམས་མེད་པ་མ་ཟད། ཤེས་རིག་དང་དཔལ་འབྱོར་གྱི་ནུས་བ་ཞན་ཞིང་རང་རྐང་སྒང་ལངས་བའི་འཇོན་ཐང་མེད་པས་བོད་ལ་རང་དབང་སྤྲད་ཚེ་ལམ་ལུགས་རྙིང་པ་སྐྱར་ལོག་སྟེ། ༼བླ་མས་དབང་སྒྱུར་བྱེད་པའི་ལུང་པ་ཞིག་ཏུ་སླར་ཡང་སྐྱར་ལོག་བྱེད་པ་པེ་ཅིན་གཞུང་གིས་གསལ་བོ་རྟོགས་པས་དེ་ལྟར་སྤྲད་པའི་འདོད་མེད་པ་གསལ་བོ་བཤད་འདུག༽
དེ་ནི་ལན་ཞིག་ཁ་སྣོན་བྱེད་ཐུབ་ན་ཧ་ཅང་ལེགས་པ་འདོད། ཐུགས་རྗེ་ཆེ།
ཨ་ནུ་ཐང་བསོད་ནམས་ལགས། ལན་འདེབས་ལྷག་མའི་ནང་ལ་དོན་ཚན་གསུམ་ཡོད། དེའི་གྲས་ན་འདི་ཡང་ཡོད། དུས་བབ་དང་ཁ་བརྡ་གཉིས་བཏང་ཚར་ཡོད། བཀའ་དྲིན་ཆེ།
ཤར་ཁུག་གི་བསམ་ཚུལ་དང་ཆར་གཞི། ལས་འགུལ་གང་གང་སྤེལ་དགོས་མིན། སྤེལ་བཞིན་པ་དང་འབར་བཞིན་པར་ལྟ་ཚུལ། མ་འོང་པར་གང་གང་བྱེད་དགོས་མིན། དེ་བཞིན་བོད་ནས་གང་གང་བྱེད་དགོས་མིན་སོགས་དཔྱད་བརྗོད་གཅིག་ཀྱང་མཐོང་སོང་བས། ཆུ་ཚོད་གཅིག་ལྷག་རྗེས་སུ་རྩ་འགོག་བཏང་འདུག་པར་དགེ་མཚན་བླ་མེད་དུ་མཐོང་།
ཆབ་བྲག་གིས་ངོ་གཉིས་སྐད་ཆ་ལབ་བཞིན་ཡོད་པ་ཁོང་གི་གཅིག་ན་ཀྲོའོ་བུ་ཆུན་གྱི་ཁྱི་སྐད་དང་ཡང་གཅིག་ན་སྐུ་ཞབས་ཀྲོའོ་བུ་ཆུན་ཞེས་བརྗོད་སྟངས་འདི་དག་ལས་མཚོན་ནུས། སྤྱིར་ན་རྒྱ་དཔོན་ལ་དགག་ལན་འབྲི་དུས་ཚིག་ངན་མིང་ངན་བེད་སྤྱོད་བྱེད་པ་ནི་བསམ་སྦྱོར་བཟང་པོ་ཞིག་མ་ཡིན་པའི་རྟགས་དང་འབྲི་བ་བོ་རང་ཉིད་ལའང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མེད་པའི་རྟགས་བསྟན་པ་ཡིན། དེ་ཕྱིར་གཤམ་གྱི་ས་པཎ་ལེགས་བཤད་ལ་མནོ་བསམ་གནོངས་དང་། རྒྱ་ནག་གི་བྲག་ཆ་བཞིན་བྱུང་དང་འབྱུང་བཞིན་པའི་ལེ་ལན་དེ་དག་ཕོག་ཡ་ཆབ་བྲག་ལ་སོགས་པ་དཔྱོད་བྲལ་སྨྲ་དགའ་དག་མིན་ལ་བོད་གཞུང་དང་༧གོང་ས་མཆོག་ཡིན་པས་གཟབ་དགོས།
ཕ་རོལ་གནད་དུ་འབེབས་པའི་ཚིག།
དགྲ་བོ་ལ་ཡང་སྨྲ་མི་བྱ།།
བྲག་ཆ་བཞིན་དུ་རང་ཉིད་ལ།།
དེ་མ་ཐག་ཏུ་ལེ་ལན་འབྱུང༌།།
ཆབ་བྲག་དངོས་གནས་རྣམ་དཔྱོད་དང་ལྡན་བགག་ལན་བྲིས་འདུག མི་ཞིག་ཡིན་ན་ཆགས་སྡང་གི་སེམས་ལོས་ཡོད། ཆབ་བྲག་ཀྱང་མི་རེད། ལྷ་མ་རེད། དེ་ལྟར་ལོས་བཤད། བཤད་སྟངས་ཡག་ཀྱང་རྩོག་ཀྱང་གནད་དོན་གཅིག་པ་རེད། ཀྲུའུ་ཡིས་དེ་ལོས་ཤེས།
ཅོག་རོང་གི་མྱི་ལགས།
ཁྱོད་ནི་སེམས་དཔའ་ཞིག་མིན་ན་ཡང་ཆོས་པ་ཞིག་ཡིན་ལས་ཆེ། ང་ལ་སྐྱོན་ཆ་དེ་ཡོད་པ་ངས་ཁས་ལེན། ངས་བཤད་པའི་གནད་དོན་དངོས་ཐད་ནས་མ་འོས་པ་མེད་ན་འདི་ནི་ཉེ་རིང་ཆགས་སྡང་ཅན་གྱི་མི་ཞིག་གི་བསམ་ཚུལ་ཙམ་ལས་ལས་གདེང་འཇོག་ཚད་མཐོ་གནང་དགོས་མེད་ལགས།
ཅོག་རོང་གི་མྱི་ལགས། རང་དང་གཞན་གྱི་དོན་འགྲུབ་ན།། འཇམ་རྩུབ་གང་ཡང་བྱས་ཀྱང་རུང་།། ཐབས་ལ་མཁས་པའི་སྤྱོད་པ་རྣམས།། ཐུབ་པས་གཡོ་སྒྱུ་མ་གསུངས་སོ།། ཞེས་མདོ་སྡེ་རྒྱན་ལས་གསུངས་ཡོད་པ་མིན་ནམ།
བལྟས་ཡོང་དུས་ཀྲོའོ་བུ་ཆུན་དང་བཅས་པའི་འཁྱོག་བཤད་ལ་ལན་འདེབས་མཁན་གཞུང་སོགས་ནས་གང་མང་དགོས་རྒྱུའང་། རྒན་ལྷ་མོ་མ་གཏོགས་ད་ལྟ་ཅང་མཐོང་མི་འདུག་གཱ དེ་ལ་ང་ཚོས་དགའ་བ་སྒོམ་ན་མི་འོས་སམ།
༢༥༽ རྡོ་རྗེ་རིན་ཆེན་ནས།
ཅོག་རོང་གི་མྱི་ལགས། རང་དང་གཞན་གྱི་དོན་འགྲུབ་ན།། འཇམ་རྩུབ་གང་ཡང་བྱས་ཀྱང་རུང་།། ཐབས་ལ་མཁས་པའི་སྤྱོད་པ་རྣམས།། ཐུབ་པས་གཡོ་སྒྱུ་མ་གསུངས་སོ།། ཞེས་མདོ་སྡེ་རྒྱན་ལས་གསུངས་ཡོད་པ་མིན་ནམ། བལྟས་ཡོང་དུས་ཀྲོའོ་བུ་ཆུན་དང་བཅས་པའི་འཁྱོག་བཤད་ལ་ལན་འདེབས་མཁན་གཞུང་སོགས་ནས་གང་མང་དགོས་རྒྱུའང་། རྒན་ལྷ་མོ་མ་གཏོགས་ད་ལྟ་ཅང་མཐོང་རྒྱུ་མི་འདུག་གཱ དེ་ལ་ང་ཚོས་དགའ་བ་སྒོམ་ན་མི་འོས་སམ།
ཆབ་བྲག་ལགས་སུ།
གང་ཟག་གཞན་གྱི་སྐྱོན་ཞིག་ཨེ་རྙེད་བསམས་ནས་ཁོ་བོ་འདིར་ཡོང་བ་མིན། འོ་སྐོལ་གྱིས་འཐབ་ལམ་བསླུ་བ་མེད་པ་ཞིག་རྙེད་ནས་ཆོས་དང་འཇིག་རྟེན་གྱིས་བཞག་པའི་དྲང་བདེན་དང་བདེ་སྐྱིད་ཀྱི་ཉི་མ་ཞིག་ལ་རེ་ནས་ཡིན་པས། དོན་དང་མཐུན་པའི་གཏམ་སྨྲ་བ། འཇིག་རྟེན་འདི་ན་ཤིན་ཏུ་དཀོན་ཞེས་པ་བཞིན་ལས་སུ་མི་རུང་བའི་འཆལ་གཏམ་ཇི་རིགས་ལ་སུན་འབྱིན་པ་ནི་ཁོ་བོའི་དགའ་ས་ཡིན།
གསལ་འདེབས།
ཨ་མེ་རི་ཀ་ནས་མ་ཇན་གྱི་ལས་ཀ་ལས་ཆོས་པ་བྱེད་པའི་སྐལ་བ་ད་དུང་རག་མེད།
ཅོག་ལགས། ངས་ཁྱོད་རང་སྐྱོན་འཚོལ་དུ་ཡོང་འདུག་ལབ་མེད། ངས་ཁྱོད་ཀྱིས་བཤད་པ་བདེན་གི ང་ལ་སྐྱོན་ཆ་དེ་ཡོད་ཅེས་ཁས་བླངས་ཡོད་ལགས།
དགྲ་བོ་ལ་དེ་འདྲའི་ཚིག་ཅིག་མཁོ་འདུག ཁྱི་སྐད་མ་ཟད་འདྲེ་སྐད་སྨྲས་ནས་ན་ཉུང་མ་གཏོགས་མང་མི་འདུག བདེན་པ་མིན་སྐད་ཚ་བཤད་ན་འདྲེ་སྐད་ཟེར་ཡང་ཆོག
རྩོ་མ་པ་པོ་ཆབ་བྲག་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་མུ་མཐུད་་་་་་་་་་་་་་་་་་་་་ ་་་་་
རྩོ་མ་པ་པོ་ཆབ་བྲག་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་མུ་མཐུད་་་་་་་་་་་་་་་་་་་་་ ་་་་་་