ཕུར་རྡོར།
ཉིན་གཅིག་གཉིས་ཤིག་གི་ཡར་སྔོན་དུ་སྐུ་ངོ་སྤེན་པ་ཚེ་རིང་གིས་རྒྱ་གར་ལྷོ་ཕྱོགས་སུ་དྲིལ་བསྒྲགས་བྱེད་སར་ཕྱིན་དུས། སེ་ར་དགོན་པ་རུ་ཁབ་མིག་ལས་གུ་དོག་པའི་སྐད་ཆ་ཐབས་སྐྱོ་པོ་འགའ་བཤད་ཡོད་པའི་གསར་འགྱུར་ཞིག་ཐོས་འཕྲལ། ལམ་སང་ངོ་དེབ་ཏུ་དེ་འབྲེལ་གྱི་གསར་འགྱུར་གཅིག་གཉིས་ཤིག་བཀླགས་པ་ཡིན། མ་ཟད་སེ་ར་རུ་སྤུན་མཆེད་ཅིག་ཡོད་པ་དེ་ལའང་སྐད་འཕྲིན་བརྒྱུད་དེ་སྐད་ཆ་དྲིས་ཀྱང་བདེན་པ་རེད་ཟེར། ཨོ་ཧོ་ཧོ། ད་ནི་སྐུ་ངོ་ལགས་ཀྱིས་སྡར་རྟགས་ལས་ངན་སྐྲག་མོ་ཞིག་བསྟན་འདུག་ཨ་བསམས་ཏེ་དེ་འབྲེལ་གྱི་རྩོམ་ཡིག་ཅིག་འབྲི་འདོད་བསྐྱེད། འགའ་ཞིག་གིས་སྐབས་རྗེས་མའི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཀྱི་ཐད་ལ་ཕྱོགས་རིས་དང་དུང་ཞེན་གྱི་དབང་དུ་གྱུར་བའི་རྩོམ་ཉོག་མང་པོ་ཞིག་བྲིས་དང་འབྲི་བཞིན་འདུག་ཀྱང་། དེ་དག་ནི་རྒྱུ་འབྲས་བློ་མིག་ལ་རྒྱབ་འགལ་བྱས་པའི་སྦྱོར་བ་ཞིག་ལས་མ་འདས་པས། རང་ཉིད་ལ་མཚོན་ན་དེ་འབྲེལ་གྱི་ལས་ལ་ནི་ལར་ནས་མི་དགའ་མོད། ཡིན་ཀྱང་ད་ཐེངས་སྐུ་ངོ་ལགས་ཀྱི་གནང་སྟངས་དེར་ཞེ་མེར་ལངས་ཏེ་ཀླུ་མཁར་བྱམས་ཀྱི་དྲང་ཚུགས་དང་སྤེན་པ་ཚེ་རིང་ལགས་ཀྱི་ངོ་གདོང་གི་སྐོར་ལ་རྩོམ་ཐུང་འདི་བྲིས་པ་ཡིན།
ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་པ་དེ་སྐུ་ངོ་སྤེན་པ་ཚེ་རིང་སྒེར་ལ་མཚོན་ན། སྲིད་སྟེགས་འགྲན་རྩོད་ཀྱི་མཱེ་ར་ཐོན་(Marathon) དུ་རྒྱུག་ཤར་གློད་རན་དུས་དོར་ཐག་(Belt) ཆད་པ་དང་གཉིས་སུ་མ་མཆིས་པས། ད་ཐེངས་ཁོང་ལ་མཚོན་ན་ན་ཟུག་དེ་ལས་ཆེ་ཞིག་དང་སྙིང་རླུང་དེ་ལས་ལྡང་ཞིག་ཡེ་ནས་མེད། སྤྱིར་སྐུ་ངོ་ཁོང་ཆབ་སྲིད་མི་སྣར་གྱུར་ནས་དུས་ཡུན་རིང་པོ་གང་འཚམས་ཤིག་ཕྱིན་ཟིན་པ་དང་། དེའི་ཁྲོད་ནས་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཞིག་བསགས་ཡོད་པས། ཁོང་ལ་མཚོན་ན་དཀར་པོ་ཞིག་ནག་པོ་དང་ནག་པོ་ཞིག་དཀར་པོ་རུ་གཏོང་བར་ལས་སླ་པོ་ཡིན།
ཡིན་ཀྱང་ད་ཐེངས་ཁོང་གིས་ཞེ་མེར་ལང་འཇུག་བྱེད་ཀྱི་སྡུག་ལས་དང་སྡར་ལས་ཤིག་བརྩམས་པ་དེ་ནི། དམངས་ཀྱི་དད་སེམས་བེད་སྤྱོད་ལོག་པར་བཏང་ནས། ༸གོང་ས་མཆོག་ལ་མཚན་སྨོད་བཟོས་པའི་མ་ཉེས་ཁ་གཡོགས་ཀྱིས། ཀླུ་མཁར་བྱམས་ལ་ཤུགས་སུ་ནག་པོ་བཟོ་ཐབས་བྱས་པའི་སྡུག་ལས་ཤིག་བརྩམས་པ་རེད།
ཁ་གཏད་གཅོག་སྟངས་དེ་ནི་སྡུག་ལས་ཤིག་ལས་སྤྱང་དྲུང་དང་དྲང་ཚུགས་ལྡན་པའི་ཐབས་ཇུས་ཤིག་ཡེ་ནས་མིན། གཅིས་བྱས་ན་འུ་ཐུག་པ་དང་ཐབས་ཟད་སོང་བའང་ཡིན་ངེས། ཡིན་ནའང་ཐབས་ཇི་ལྟར་ཟད་ཀྱང་དེ་འདྲའི་གུ་དོག་པོ་དང་ཁོག་རྒྱ་མེད་པ་ཞིག་བཟོ་དགོས་དོན་ཨེ་ཡོད་ན། སྐུ་ངོ་ཁོང་གིས་འདས་པའི་ལོ་རྒྱུས་ནང་དུ་ཡིན་ནའང་། ཁ་ནས་“༸གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན”ཞེས་དད་སེམས་ཡོད་མདོག་གིས། ཕག་ཏུ་མི་རིགས་ལ་ལར་ཞེན་ཡོད་མཁན་གྱི་རང་བཙན་འཐབ་རྩོད་པ་རྣམས་ལ་ཁ་གྲག་ས་དང་ལུས་འགུལ་ས་མེད་པ་ཞིག་བཟོས་མྱོང་བ་མ་ཟད། བཙན་བྱོལ་སྤྱི་ཚོགས་སུ་“རང་བཙན”ཞེས་པའི་ཐ་སྙད་དེ་ངག་ནས་བཏོན་པ་ཙམ་གྱིས་རྒྱ་མི་ལས་སྡུག་ཅིག་ཏུ་ངོས་འཛིན་བྱེད་པའི་བག་ཆགས་རྫོབ་ཆེན་ཞིག་བསྐྲུནད་པ་དེའང་སྐུ་ངོ་ཁོང་གིས་བརྩམས་པའི་སྦྱོར་བ་ལས་མ་འདས།
མི་མང་པོ་ཞིག་གིས་ཀླུ་མཁར་བྱམས་སོགས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་ཕོག་ཐུག་དང་མཚན་སྨོད་བཟོ་ཡི་འདུག་ཅེས་སྐད་རྒྱག་གི་ཡོད། དེའང་ཐུགས་ཁག་ཡེ་ནས་མེད་དེ། དཀྲུག་མཁན་གྱིས་དཀྲུགས་པའི་ཁར་མི་མང་རྣམས་ཀྱང་འཐོམས་སོང་བས་རེད། ཇི་ལྟར་དཀྲུག་བཞིན་ཡོད་པའི་ཚུལ་ལ་དཔེ་མཚོན་གཅིག་ཁོ་ན་དྲངས་ན། སྔར་ཀི་རྟི་སྒྲོལ་དཀར་ལྷ་མོས་ལྐོག་ཟ་རུལ་སུངས་བྱས་ཏེ་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་སྡུད་བྱ་དགོས་བྱུང་དུས། སྤེན་པ་ཚེ་རིང་གིས་ཀླུ་མཁར་བྱམས་དེའི་ཚབ་ལ་བསླེབ་ཨེ་འོངས་ན་སྙམ་པའི་ཞེད་སྣང་གིས་གྲོས་ཚོགས་ར་བའི་སྡིང་ཆ་དེ་བེད་སྤྱོད་བཏང་ནས་བཤད་པར། “སྐྱབས་མགོན་རིན་པོ་ཆེར་མཚན་སྨོད་ཞུ་མཁན་ཞེད་སྣང་ཚ་ཤོས་དེ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན། དེའི་མིང་ལ་ག་རེ་་་་། ག་རེ་ཟེར་དགོས་་་་། ཀླུ་་་་ ཀླུ་་་་མཁར་བྱམས་ཟེབ་བ་དེ་རེད།”ཟེར་ནས་ཐ་ན་ཁ་ནས་མིང་ཡང་མི་ཆོད་དང་མི་དྲན་མདོག་མདོག་གིས་བོས་པ་རེད།
སྐད་ཆ་དེ་ནི་བརྒྱུད་ལམ་ཞིག་བེད་སྤྱོད་བཏང་ནས་བཤད་པ་ཞིག་ཡིན་ཕྱིན། དེས་བསྐྱེད་པའི་འབྲས་བུ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེ་བཞིན་མི་དམངས་རྣམས་ཀྱང་ཇི་ལྟར་འཐོམས་པ་རེད་ཟེར་ན། གང་ཟག་སྒེར་ཞིག་ལ་མཚོན་ན་དད་འདུན་གྱི་ནུས་སྟོབས་ནི་སུ་གང་གིས་ཀྱང་མི་དོ་བ་ཞིག་རེད། སྐུ་ངོ་ལགས་ཀྱིས་ཏག་ཏག་མི་མངོན་པའི་ལག་ཆ་དེ་བེད་སྤྱོད་བཏང་པས་ན། མང་ཚོགས་ཀྱིས་ཀྱང་གནས་ཚུལ་དེ་དངོས་གནས་རེད་བསམས་ཏེ། མཇུག་མཐར་དྲང་ཚུགས་དང་ལྷག་བསམ་ཅན་གྱི་མི་བུ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཏག་ཏག་བཟོས་པ་རེད།
ང་ཚོས་ནམ་ཞར་གནས་ལུགས་དང་ཚིག་གི་རྒྱབ་ལྗོངས་ལ་མི་ལྟ་བར། ཚིག་གི་ངོ་གདོང་གཅིག་པུ་གཞིར་བཟུང་ནས། རྒྱལ་བ་རིན་པོ་ཆེ་ལ་ཡང་སྙིང་སུས་མཚན་སྨོད་བྱེད་ཀྱི་ཡོད་མེད་མ་ཤེས་ཏེ། མི་ཆེ་གེ་མོ་ཞིག་གིས་སྐུལ་སློང་ངན་པས་བེད་སྤྱོད་བཏང་པའི་བཤད་ཡབ་དེ་གཞི་ལ་བཞག་སྟེ། ལམ་སང་མཚན་སྨོད་བཟོ་ཡི་འདུག་ཅེས་ནས་མུ་ཅོར་འདོན་བཞིན་ཡོད། འདས་པའི་ལོ་རྒྱུས་ལ་བལྟས་ནའང་ང་ཚོས་བརྟག་དཔྱད་དང་ཞིབ་འཇུག་མ་བྱས་པར། མཐར་ལྷག་བསམ་ཅན་དང་དྲང་ཚུགས་ཅན་གྱི་མི་སྣ་རླབས་ཆེན་མང་པོ་ཞིག་ལ་དེ་ལྟ་བུའི་མ་ཉེས་ཁ་གཡོག་གིས་དམར་གསོད་བཏང་མྱོང་ལ་ད་ལྟའང་གཏོང་བཞིན་ཡོད་པ་དེ་རེད།
དེས་ན་༸གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་དང་བཀའ་དགོངས་རྣམས་བེད་སྤྱོད་ལོག་པར་གཏོང་མཁན་ཞེད་སྣང་ཚ་ཤོས་རྣམས་སུ་རེད་ཅེས་ན། ཁོང་ཚོ་ནི་ཕག་ཏུ་ལྐོག་གྱུར་གྱི་ངོ་བོར་གནས་ནས་ཡོད་ལ། ཁོ་ཚོའི་ཁ་ནང་དུ་“༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ”ཞེས་གཡོ་སྒྱུ་ཡིས་ཕྱུག་པའི་མཚོན་ཆ་རྣོ་ངར་ཅན་རེ་འཇུས་ནས། དམངས་སེམས་བསླུ་བར་ལྐོག་ཇུས་ཀྱི་མཁར་རྫོང་རེ་བཞེངས་ནས་ཡོད། དེ་མཐོང་མཁན་ནི་ཉུང་ངུ་ལས་མེད།
དཔེ་མཚོན་གཅིག་དྲངས་ནས་ཞུས་ན། ཉིན་འགའི་སྔོན་དུ་སྤེན་པ་ཚེ་རིང་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་དགོན་པར་དྲིལ་བསྒྲགས་བྱེད་དུས་ཁོང་གིས་བཤད་པར། “༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་བསྡད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད།”ཟེར། དོན་དུ་ཀླུ་མཁར་བྱམས་དང་ལྷན་དུ་དུས་ནམ་ཡང་སྐད་ཆ་བཤད་ཀྱི་མིན་ཟེར་གྱི་ཡོད། སྐད་ཆ་དེས་སྐུ་ངོ་སྤེན་པ་ཚེ་རིང་གིས་དྲང་ཚུགས་ལྡན་པའི་སྐུ་ཞབས་ཀླུ་མཁར་བྱམས་ལགས་རྒྱ་ནག་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་དོལ་རྒྱལ་ཚོགས་པའི་མི་སྣ་ལས་སྡུག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་མཚོན་ཡོད།
གལ་སྲིད་སྐུ་ངོ་སྤེན་པ་ཚེ་རིང་གིས་རྒྱ་རྒན་ཀྲུའུ་བེ་ཆིན་(朱維群)ལྟ་བུ་༸གོང་ས་མཆོག་ལ་“ལུག་ལྤགས་གྱོན་མཁན་གྱི་སྤྱང་ཀི་”དང་“མི་གསོད་ལག་དམར་”ཞེས་སྐུར་འདེབས་དང་མཚན་སྨོད་ཀྱི་ཚད་མཐོ་ཤོས་བྱེད་མཁན་ཞིག་དངོས་སུ་ཐུག་ཚེ། སྐད་ཆ་ཤོད་པ་ནི་ཨ་ཅང་ཅང་ཐ་ན་ལག་ཟུང་དམ་པོར་འཇུས་ནས་འོ་ཇ་ཞིག་ཀྱང་དྲང་ངེས་ཡིན། དེས་ན་སྐུ་ངོ་སྤེན་པ་ཚེ་རིང་གིས་རིགས་རྒྱུད་གཅིག་ལས་མཆེད་པའི་སྤུན་ཟླ་ལྷག་བསམ་ཅན་ཞིག་ལ་ཞེ་སྡང་མེ་ལྟ་བུ་ཞིག་བསྐྱེད་དགོས་དོན་དེ་ཅི་ཞིག་ཡིན་ནམ། ཁོང་ལ་དེ་ལྟ་བུའི་ཁོག་རྒྱ་ཞིག་ལས་མེད་པ་དེས་རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་ས་རེད་དམ། ང་ཚོས་དངོས་གནས་ཟུར་གནས་ཀྱི་མནོ་བསམ་ཞིག་གཏོང་རན་འདུག
སྤེན་པ་ཚེ་རིང་གིས་ད་དུང་མུ་མཐུད་ནས་བཤད་རྒྱུར། “རྒྱུད་སྨད་གྲྭ་ཚང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་ལ་གཏམ་བཤད་བྱེད་མི་ཆོག་པ་བཟོས་འདུག དེ་ཧ་ཅང་ཡག་པོ་རེད།”ཅེས་ནས་བསྟོད་བསྔགས་བགྱིས་འདུག་ཟེར། དུས་རབས་ཀྱི་འཕེལ་འགྲིབ་དང་བསྟུན་ནས་བོད་རྒྱུད་ནང་བསྟན་གྱི་དགེ་འདུན་པའི་སྡེ་རྣམས་མཁྲེགས་འཛིན་གྱི་ངོ་བོ་ནས་དཔྱོད་ཤེས་ཀྱི་མཚོ་མོར་འཇུག་བཞིན་ཡོད་ཀྱང་། ད་དུང་ཀླད་མཁྲེགས་ལྕགས་དང་འདྲ་བ་ཡོད་པ་ནི་ཨ་ཙ་མ། ཁྱོད་ཚོར་གཞན་གྱི་སྐད་ཆ་ལ་ཉན་འཇོག་བྱེད་པའི་བློ་ཁོག་ཀྱང་མེད་ན། གཞུང་བཀའ་པོད་ལྔར་བསླབ་པ་སློབ་གཉེར་ཇི་ལྟར་མཛད་ཀྱི་ཡོད་དམ། ལྷག་ཏུ་ངལ་རྩོལ་མི་མང་གིས་རྔུལ་ཁྲག་གིས་འགྲོ་གྲོན་བཏང་སྟེ་བསགས་གནང་པའི་མཐུན་རྐྱེན་རྣམས་ལ་ཐུགས་བསམ་ཇི་ལྟར་བཞེས་ཀྱི་ཡོད།
ཁྱེད་ཅག་རང་གིས་རང་ལ་བཀག་སྡོམ་དེ་ལྟར་བྱས་ཏེ་མུ་མཐུད་ནས་བསྡད་ན་སེམས་ཅན་གྱི་འགྲོ་དོན་གཡུགས་ཤོག ཐ་ན་རང་ཉིད་ལ་ལྟོ་གོས་སྦྱོར་མཁན་རྣམས་ལའང་ངོ་གནོང་དགོས་པའི་གནས་སྟངས་ཤིག་མ་རེད་དམ། གཅིག་བྱས་ན་རྒྱུད་སྨད་གྲྭ་ཚང་གི་བླ་རྒན་ཆབ་སྲིད་པ་རེ་གཉིས་ཤིག་གིས་གཡོ་ཇུས་འཐེན་ཏེ། སྒེར་གཅོད་ཀྱིས་ཐག་བཅད་བྱས་པ་ཞིག་ཀྱང་ཡིན་སྲིད། དེ་ལྟར་ཡིན་ཚེ་ངའི་སྐད་ཆ་ཐལ་དྲགས་སོང་བས་ཁྱེད་ཅག་ལ་བཟོད་གསོལ་ཞུ་རྒྱུ་ཡིན།
སྐུ་ངོ་ལགས་ལ་ད་དུང་ཞེད་སྣང་ཚ་བའི་ལག་ཆ་ཞིག་ཡོད་པ་ནི། མི་གཞན་དང་ངན་པ་ལག་སྦྲེལ་དང་ཕྱོགས་ཁག་དཔུང་སྒྲིག་བྱས་ནས་རང་ཉིད་ཀྱི་ནུས་ཤུགས་ཇེ་བསྐྱེད་དུ་བཏང་བ་སྟེ། དཔེར་ན། གཞུང་དམངས་ཁྲིམས་ལ་སྦྱར་ནས་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཟླ་བ་ཚེ་རིང་ཟེར་བ་ནི། ཁོང་གི་རྒྱུ་འབྲས་ཁྱུར་མིད་དུ་བཏང་ནས་བདག་ཉིད་འགེབས་སྲུང་བྱེད་སྤྱད་ཀྱི་དཔུང་རོགས་གཙོ་བོ་ཞིག་ཏུ་གྱུར་ཡོད། གྲོས་ཚོགས་ར་བ་རུ་ཁོང་གཉིས་ནི་ག་དུས་ཡིན་ནའང་ཕན་ཚུན་གཅིག་རྒྱབ་གཅིག་ལང་གིས་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས་རྒྱབ་རྩ་བྱེད་རེས་བྱེད་ཀྱི་ཡོད། ལྷག་ཏུ་དབུས་གཙང་སྐྱིད་སྡུག་གིས་སྲིད་སྐྱོང་འོས་མི་སྤེན་ཚེ་བཏོན་ཡོད་པ་ལས་བློ་སེང་དང་གཞན་རྣམས་ནི་བཏོན་མེད་དོ། །དེ་ནི་ཟླ་བ་ཚེ་རིང་གིས་ཧྲིན་ཀྲི་དམག་ཐབས་孫子兵法ཤིག་སྤྱད་ཁུལ་ཡིན་ཀྱང་། དབུས་གཙང་མི་མང་ནི་བླུན་པོ་ཆུ་སྣ་གར་ཁྲིད་དང་བསམ་གཞིག་གི་མགོ་བོ་མེད་མཁན་ཞིག་མ་ཡིན་པས། ཁོང་ཚོས་དངོས་སུ་འོས་ལྡུག་དུས་སུ་ལ་ལྡུག་མིན་ནི་ད་དུང་དྲི་རྟགས་ཤིག་རེད།
སྤྱིར་སྐུ་ངོ་སྤེན་པ་ཚེ་རིང་གི་ངོ་གདོང་ནི་ཞེ་མེར་བ་ཞིག་དང་འཇིགས་ཡེར་བ་ཞིག་ཡིན། ལྷག་ཏུ་ད་ཐེངས་སྐུ་ངོ་སྤེན་པ་ཚེ་རིང་གིས་ཀླུ་མཁར་བྱམས་གླགས་མ་ཁེལ་ནས། ཁ་གཏད་གཅོག་སྟངས་དེ་འདྲ་ཐབས་སྡུག་དང་སྡར་རྟགས་ཤིག་བསྟན་པ་དེས། ཁོང་གི་ངོ་གདོང་སྔར་ལས་ཇེ་གསལ་དུ་བཏང་ཡོད། དུས་རྒྱུན་དྲྭ་རྒྱུ་བརྒྱུད་ལམ་ཁག་ཏུ་ཁོང་གི་ཆེ་བ་བརྗོད་ཁུལ་བྱེད་མཁན་དང་། པར་རིས་དང་རྩོམ་ཉོག་འདྲ་མིན་དྲིལ་བསྒྲགས་བྱེད་མཁན་འགའ་ཞིག་ཡོད་ཀྱང་། དེ་དག་མང་ཆེ་བ་ནི་ཕྱོགས་ཞེན་གྱི་རུལ་དྲི་བྲོ་བའི་ཅོལ་ཆུང་རེ་འགའ་ཡིན་པ་ལས། མི་རིགས་ཀྱི་ལས་དབང་ལ་དོན་དམ་གྱིས་ཐུགས་བསམ་བཞེས་མཁན་ནི་ཧ་ལམ་མེད།
རྒྱུ་མཚན་གང་ཞེ་ན། སྐུ་ངོ་ལགས་ཀྱི་འདས་ཟིན་གྱི་བྱ་སྤྱོད་རྣམས་ལ་ཕྱོགས་ཞེན་དང་བྲལ་བའི་དྲང་ཚུགས་གྱི་མིག་ཤེལ་ཞིག་གྱོན་ནས་བལྟས་ན་གསལ་ལྷང་ངེར་ཡིན། ད་ནི་འདི་ནས་འབྲི་མཚམས་འཇོག་གི་ཡིན། མཇུག་མཐར་ཞུ་བྱ་ཞིག་ལ། ང་ཚོའི་ཕྱོགས་ཞེན་གྱིས་ཕྱུག་པའི་མིག་རྒྱང་དེས་མི་རིགས་ཀྱི་ལས་དབང་སྐྱོབ་མི་ཐུབ་པས། སྐྱོན་ཅན་ནི་སྐྱོན་ཅན་རང་ཡིན་པས་དེ་འགེབས་སྲུང་བྱ་རྩིས་མ་གནང་རོགས། དེ་འགེབས་སྲུང་བྱས་ན་ངེད་ཅག་ཐུན་མོང་གི་རྩ་དོན་ཐད་ལ་ད་ལྟའི་བར་དུ་འབད་བརྩོན་བྱས་པ་དེ་ཆུད་ཟོས་སུ་འགྲོ་ངེས་རེད། །
སྤྱི་ལོ་ 2015 ཟླ་ 8 ཚེས་ 30 ཉིན་བྲིས། བསྐྱར་ཀློག་བྱ་རྒྱུ་མ་རག་པས་ཡིག་ནོར་དང་དག་ནོར་སོགས་ཡོད་ངེས་པས་ཀློག་པ་པོ་རྣམས་ལ་བཟོལ་གསོལ་ཞུ།
གཏམ་ངན་ག་རེ་སྤེལ་གྱིན་ཡོད།བྲིས་བའི་ཚིག་ལ་བརྗོད་བྱ་མེད་པ་མ་ཚད་དོན་ཡང་གོ་རྒྱུ་མི་འདུག
༼གལ་སྲིད་སྐུ་ངོ་སྤེན་པ་ཚེ་རིང་གིས་རྒྱ་རྒན་ཀྲུའུ་བེ་ཆིན་(朱維群)ལྟ་བུ་༸གོང་ས་མཆོག་ལ་“ལུག་ལྤགས་གྱོན་མཁན་གྱི་སྤྱང་ཀི་”དང་“མི་གསོད་ལག་དམར་”ཞེས་སྐུར་འདེབས་དང་མཚན་སྨོད་ཀྱི་ཚད་མཐོ་ཤོས་བྱེད་མཁན་ཞིག་དངོས་སུ་ཐུག་ཚེ། སྐད་ཆ་ཤོད་པ་ནི་ཨ་ཅང་ཅང་ཐ་ན་ལག་ཟུང་དམ་པོར་འཇུས་ནས་འོ་ཇ་ཞིག་ཀྱང་དྲང་ངེས་ཡིན། དེས་ན་སྐུ་ངོ་སྤེན་པ་ཚེ་རིང་གིས་རིགས་རྒྱུད་གཅིག་ལས་མཆེད་པའི་སྤུན་ཟླ་ལྷག་བསམ་ཅན་ཞིག་ལ་ཞེ་སྡང་མེ་ལྟ་བུ་ཞིག་བསྐྱེད་དགོས་དོན་དེ་ཅི་ཞིག་ཡིན་ནམ། ཁོང་ལ་དེ་ལྟ་བུའི་ཁོག་རྒྱ་ཞིག་ལས་མེད་པ་དེས་རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་ས་རེད་དམ། ང་ཚོས་དངོས་གནས་ཟུར་གནས་ཀྱི་མནོ་བསམ་ཞིག་གཏོང་རན་འདུག༽
རྩོམ་ཡིག་འདི་དང་སྲོང་བཙན་གྱི་དཔྱད་བརྗོད་གཉིས་གཅིག་བརྗོད་གཉིས་གསལ་དུ་གྱུར་འདུག མང་གཙོའི་ལམ་སྲོལ་ལ་རྡོག་རོལ་འདི་ལྟར་གཏོང་མི་དག་མི་མང་མདུན་དུ་དམར་ཧྲེང་དུ་མ་བསྟན་ན་བསམ་ཤེས་ཀྱི་མ་རེད། ལྷག་པར་དུ་སྤྱི་འཐུས་ཚོགས་གཙོ་ཞིག་གིས་འདི་ལྟར་ལབ་པ་ནི་གོང་ས་མཆོག་གི་མང་གཙོའི་མཛད་པ་ཆུའི་ནང་གཡུགས་པ་དང་གཅིག་པས། དོན་དམ་པའི་གོང་ས་མཆོག་གི་མང་གཙོའི་མཛད་པ་བསྣུབས་བསམ་མཁན་དེ་ཆགས་ཡོད།
རེད་ཡ། དྲང་བདེན་ལ་ནམ་ཡང་རྒྱབ་སྐྱོར་ཡོད། དྲང་བདེན་རྒྱལ་ལོ།
ཕུར་རྡོར་ནས་སྐད་ཆ་ཡག་པོ་དང་། རྒྱུ་མཚན་ལྡན་པ་ཞིག་ཀྱང་བཤད་འདུག བཀའ་དྲིན་ཆེ།
ད་ནི་སོར་(བསོད་)སྐམ་པ་ཁྱེད་ཚོས་ཇི་ཙམ་གྱིས་ཚོགས་གཙོར་དམའ་འབེབས་དང་སྐྱོན་འཛུགས་གང་ཞིག་བྱེད་ནའང་། ལོ་རྗེས་མའི་སྲིད་སྐྱོང་གི་འོས་བསྡུ་ཆེན་པོ་ནི་ཁོང་ལ་འཐོབ་རྒྱུ་ཡིན་པ་ནི་ཡོངས་གྲགས་རེད། ཅི་སྟེ་འཐོབ་པའི་རྗེས་སུ་མང་བཀུར་རྒྱལ་པོ་བཞིན་ཁྱེད་ཚོས་ཀྱང་བཀུར་དགོས་པ་རེད། བོད་མི་རིགས་ལ་ཁྱེད་ཚོ་འདྲ་བ་འགའ་ཞིག་ཡོད་ནའང་ཤིན་ཏུ་ནས་མང་དྲགས་པ་རེད།