ཨ་རིག་འགྱུར་མེད།
སྤྱིར་ཡིན་ན་དེང་སྐབས་བསམ་ཚུལ་བཤད་ཀི་མེད་ལ་འབྲི་གི་ཡང་མེད། ངས་ང་ཚོའི་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་བོ་འདིར་ཁ་རོག་གེར་བལྟས་ཤིང་། ཁུ་སིམ་མེར་ཉན་བསྡད་པ་ཡིན། རྒྱུ་མཚན་བར་སྐབས་ཤིག་ནས་བསམ་ཚུལ་བཟང་ངན་ཡག་བཙོག་གང་འདྲ་ཞིག་བཤད་རུང་ཁ་དཀྱུས་འགྲོ་མཁན་རིགས་ཤིག་བསླེབས་བྱུང་། ཁོང་ཚོས་བསམ་གཟས་ནས་རྐང་བཙུགས་ནས་ཆོལ་ཁ་དང་ཆོལ་ཁའི་བར། ཆོས་བརྒྱུད་དང་ཆོས་བརྒྱུད་བར། སྤུན་ཟླ་དང་སྤུན་ཟླའི་བར། བླ་མ་དང་སློབ་མའི་བར་དུ་དབྱེན་དཀྲུག་སྣ་ཚོགས་བྱེད་པས་སྐབས་རེར་ངག་བསྡམས་ནས་འདུག་རྒྱུ་དེ་ཡང་ཐབས་ལམ་ཞིག་རེད་དྲན།
དེ་ནས་ཉེ་ཆར་གྱི་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དེའི་སྐོར་ནས་སྐད་ཆ་ཚིག་འགའ་བཤད། ངས་བསམ་ན་ཉེ་ཆར་གྱི་རྩོམ་ཡིག་ “ལོ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན” ཞེས་པ་དང་དེ་སྔའི་ “ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས།” “སེར་པོ་གསུམ་གྱི་མནར་གཅོད།” སོགས་གང་ཡིན་རུང་ཀླུ་མཁར་བྱམས་ཀྱི་ལྟ་བ་ལ་འགྱུར་བ་ཐེབས་མེད་ཅིང་། ཁོས་༸གོང་ས་མཆོག་ལ་བཟུང་བའི་རིན་ཐང་ལྟ་ཚུལ་དང་ཟུར་ས་བྱེད་སྟངས་ཚུན་ལའང་འགྱུར་བ་སོང་མེད། ཡིན་ནའང་། ཐེངས་འདིར་དྲ་ལམ་འུར་ཆིལ་ལེར་འགྲོ་རྐྱེན་ནི་ཁོས་ཕྱི་གླིང་བའི་བོད་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་དགེ་རྒན་ཆེན་མོ་ Elliot Sperling མཆོག་དང་༸གོང་ས་མཆོག་བསྡུར་ནས་བཤད་པ་དང་། རྩོམ་ཡིག་འདིས་བསྟན་དོན་ནི་༸གོང་ས་མཆོག་ “དགུང་གྲངས་ ༡༡༣ ལ་བཞུགས་པ་ལས་དགེ་རྒན་ཆེན་མོ་ Elliot Sperlin དགུང་གྲངས་ ༡༡༣ ལ་བཞུགས་དགོས།” ཟེར་གྱིན་ཡོད།
ཉེ་བའི་ལོ་ཕྱི་ནང་འདིར་༸གོང་ས་མཆོག་སྐུ་དངོས་ཀྱི་ཞལ་ནས་ཁོང་རིག་དགུང་གྲངས་ ༡༡༣ བར་སྡོད་རྒྱུའི་ལུང་བསྟན་དང་མཚན་ལམ་དེ་འདྲ་ཡོད། དེ་འདྲ་ཞིག་ལ་བཞུགས་ཐུབ་མིན་ཁ་ཚོན་གཅོད་མི་ཐུབ་ཀྱང་། དགུང་གྲངས་ ༡༠༠ བར་སྡོད་ཐུབ་རྒྱུར་ཐེ་ཚོམ་མི་འདུག་ཅེས་ཚར་འགའ་གསུངས་ཡོད། ཀླུ་བྱམས་ཀྱི་མྱ་ངན་རྩོམ་ཡིག་དེ་ཏག་ཏག་རིན་པོ་ཆེ་ཁོང་གི་བཀའ་སློབ་འདིར་ཟུར་ས་བྱེད་སྤྱད་ཀྱི་གོ་སྐབས་རྩ་ཆེན་ཞིག་ཏུ་གྱུར་བ་རེད།
དེ་བཞིན་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་སྐབས་ “སྲིད་དོན་གཏན་ཚིགས་རིག་པའི་ཁྱབ་ཁོངས་ནས་བཤད་ན་༸གོང་ས་མཆོག་རྒྱལ་འཚོང་བའི་ཕྱོགས་སུ་འགྲོ་གི་རེད།” ཅེས་པ་དང་། ཐེངས་འདིར་བོད་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་ཕྱི་གླིང་བའི་དགེ་རྒན་ཁོང་དང་༸གོང་ས་མཆོག་གཉིས་བསྡུར་བ་འདི་གཉིས་གང་ཡིན་རུང་བསྟན་དོན་སྔར་བཞིན་གཅིག་ཡིན།
དེས་ན་ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས་ཞེས་པའི་རྩོམ་ཡིག་ཏུའང་བོད་ས་ཡོངས་རྫོགས་བཙན་བཟུང་དང་བོད་མི་འབུམ་ཚོ་མང་བོ་དམར་གསོད་གཏོང་མཁན་གྱི་རྒྱ་ནག་དམར་གཞུང་དང་། ཆེས་མུན་ནག་དང་ཆེས་གདུག་རྩུབ། ཆེས་ཉེན་ཁའི་གནས་སུ་ཚུད་པའི་བོད་སྐྱོབས་མཁན་གྱི་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་གཉིས་བསྡུར་ཏེ། འདི་གཉིས་ཀྱིས་བྱེད་ཕྱོགས་དང་གདུག་རྩུབ། ངོ་བོ་གཅིག་པ་རེད་ཅེས་བསྟན་ཡོད། སྤྱིར་ཡིན་ན་སྔ་མས་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རྫིས་དང་ཁྱུར་མིད། ཁྲག་དྲི་བྲོ་བའི་བཙན་གནོན་དང་གདུག་རྩུབ་བཀོལ་གྱིན་ཡོད་ལ། ཕྱི་མས་རང་རང་གི་དད་མོས་ལྟར་དད་པ་བྱེད་ཆོག་ཀྱང་། རང་རང་གི་དད་ཡུལ་གདམ་ག་བྱོས་ཞེས་གདམས་ཀྱིན་ཡོད། དེ་ལྟར་རེད་དེ་སྐབས་དེར་ཡང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དང་བླ་སློབ་ཀྱི་འབྲེལ་བ་གཙང་བཅད་གནང་བ་གོ་སྐབས་སུ་བཟུང་ནས་༸གོང་ས་མཆོག་ལ་ཟུར་ས་དང་དམའ་འབེབས། གཞི་མེད་སྐྱོན་བརྗོད་བྱས་ཡོད།
དེ་བཞིན་སེར་པོ་གསུམ་གྱི་མནར་གཅོད་དང་འོས་བསྡུའི་སྐབས་ཀྱི་གཞི་མེད་སྐྱོན་བརྗོད། ངོ་དེབ་དང་དུས་བབ། ཁ་བརྡ་སོགས་སུ་སྤེལ་བའི་མཆན་སོགས་གང་ཡིན་རུང་གཙོ་བོ་གོ་སྐབས་ནམ་འཕྲད་ལ་མདུང་རྩེ་༸གོང་ས་མཆོག་ལ་གཏད་རྐྱང་བྱས་ཡོད་ལ། རང་བཙན་ནི་ཀླུ་མཁར་བྱམས་གཙོས་ད་ལྟའི་སྤྱི་ཚོགས་ཀྱི་འདྲེ་ཤར་སྒོ་ན་ཡོད་ན་ཀླུད་ནུབ་སྒོར་འཕེན་མཁན་ཡོངས་ཀྱིས་ལག་ཆ་རུ་སྤྱད་དང་སྤྱོད་མུས་ཡིན།
དེས་ན་མ་གཞི་ནས་ཀླུ་མཁར་བྱམས་སུ་ཡིན་ནམ། ཅི་ཞིག་བྱེད་ཀྱིན་ཡོད་དམ། ཀླུ་མཁར་བྱམས་ལ་ངྷ་སའི་ཚོགས་པ་འགའ་དང་ཁོའི་རྒྱབ་སྐྱོར་བ་འགས་ “རྒྱ་ནག་ཉམས་ཞིབ་པ།” དང་། “རང་བཙན་འཐབ་རྩོད་པ།” ཞེས་འབོད་ཀྱིན་ཡོད་ཀྱང་། ཀླུ་མཁར་བྱམས་ཀྱིས་རྒྱ་ནག་གི་སྲིད་འབྱོར་རིག་གསུམ་གང་ལ་ཉམས་ཞིབ་བྱས་པ་རེད། རྩོམ་ཡིག་གང་ན་ཡོད། གཏམ་བཤད་གང་ན་ཡོད། བརྩམས་ཆོས་གང་ན་ཡོད། གལ་ཏེ་ཡོད་ན་དེ་དག་གིས་རྒྱ་ནག་ལ་ཉམས་ཞིབ་བྱས་པའི་ཚད་གང་འདྲ་རེད། ཁོས་རྒྱ་ནག་ལ་ཉམས་ཞིབ་བྱེད་སྤྱད་ཀྱི་སྐད་ཡིག་གང་རེད། རྒྱ་ཡིག་རེད་དམ་བོད་ཡིག་རེད། ཡང་ན་དབྱིན་ཡིག་རེད། དེ་དག་གི་ཤེས་ཚད་གང་འདྲ་ཡིན་ནམ། འདི་ཚང་མ་དྲི་བའི་ངོ་བོར་ལུས་ཡོད།
ཀླུ་མཁར་བྱམས་ཀྱིས་རང་བཙན་འཐབ་རྩོད་ཇི་ལྟར་བྱས་སམ། རྩོམ་ཡིག་བྲིས་ནས་བྱས་སམ་ལས་འགུལ་སྤེལ་ནས་བྱས། འཆར་གཞི་བསྒྲིགས་ནས་བྱས་སམ། སྔར་བྱས་ཟིན་པ་རེད་དམ་མ་འོངས་པར་བྱ་རྩིས་རེད་དམ། ཁ་རྒྱ་ནག་ལ་འཁོར་ནས་འཐབ་རྩོད་བྱས་སམ། མདུང་ནང་ཁུལ་ལ་བསྐོར་ནས་འཐབ་རྩོད་བྱས་སམ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གཏམ་བཤད་དང་སྲིད་སྐྱོང་ལ་ལངས་པ། རྩོམ་ཡིག་སྤེལ་བ། དགུ་བཅུ་གསུམ་གྱི་ཚོགས་གཙོ་བྱས་པ་སོགས་རང་བཙན་འཐབ་རྩོད་ཡིན་ནམ། ཡང་ན་ཚར་གཅིག་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ནས་སྐད་འབོད་བྱས་པ་དེར་གོ་དགོས་སམ། དེ་དག་ནི་བཙན་བྱོལ་གྱི་ཆབ་སྲིད་སྟེགས་བུའི་སྟེང་གི་མི་ཕལ་མོ་ཆེས་བསྒྲུབས་དང་སྒྲུབ་བཞིན་འདུག་མོད། ཁོང་ཚོ་དང་མི་འདྲ་བའི་ཆ་གང་འདུག
ངས་ཀླུ་མཁར་བྱམས་ངོ་ཤེས་དུས་མི་ནག་ཚང་ལུང་རིགས་རྒྱལ་དང་ལྷ་སྡེ་གནམ་ལོ་ཡག་སོགས་ཀྱི་ཆང་གྲོགས་རེད་ལ། ཁོའི་རྩོམ་ཡིག་ཕལ་མོ་ཆེར་ཁོང་གཉིས་ལྟ་བུ་ཞིག་གི་ཞུ་དག་མེད་ན་ “བྲིས་ངན་མིས་མི་ཆོད། ཞག་གཅིག་འགོར་ན་རང་གིས་མི་ཆོད་” ཅེས་པ་ལྟར་དག་སྡེབ་ཚུན་རང་སྐྱ་མི་ཐུབ་མཁན་ཞིག་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ཉམས་ཞིབ་ཁང་ནས་གནས་དབྱུང་བཏང་ཚར་ཙམ་རེད་ཟེར་ལ། སློབ་དཔོན་ཟམ་གདོང་ཚང་ནི་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ལས་ཀྱང་དགྲར་འཛིན་གྱི་བསམ་བློ་ཅན་ཞིག་རེད། ང་ནོར་མེད་ན་ “བླ་རྒན་” ཞེས་པའི་ཟུར་སའི་ཚིག་འདི་ཡང་ཐོག་མར་ཟམ་གདོང་རིན་པོ་ཆེར་བཀོལ། དེ་ནས་༸གོང་ས་མཆོག་ལ་བཀོལ་སོང་སྙམ། བདེ་སྲུང་ནས་ཕུད་པས་དེའི་སྡུག་ནད་མ་ཐེག་པར་གོ་སྐབས་ནམ་བྱུང་ལ་ཟམ་གདོང་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་རྒྱག་མཁན་ཞིག་རེད།
དེ་ནས་ད་ལྟའི་བར་གྱི་བརྒྱུད་རིམ་ཁྲོད་དུ་ཁོ་རང་ཉིད་ལམ་ལོག་ལ་ཞུགས་པ་དང་ཁོའི་གཡས་གཡོན་གྱི་མིས་ཁོ་ལམ་ལོག་ལ་ཁྲིད་སོང་། ལྷག་ཏུ་ཁ་སང་དེ་རིང་ཁོས་༸གོང་ས་མཆོག་ལ་ “ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་མ་རེད།” ལྟ་བུའི་སྐད་ཆ་ཁ་ཇེ་གསལ་དང་ཚིག་ཇེ་རྣོར་བཏང་ནས་བཤད་ཐུབ་པའི་སྙིང་ཁམས་ཤིག་ཡོད་སྟངས་ནི། ལོ་སྔོན་མར་སྲིད་སྤྱིའི་འོས་བསྡུའི་སྐབས་སུ་ཁོ་སྲིད་དོན་པ་འགས་ཆབ་སྲིད་ཀྱི་འགྱིག་རྡེའུ་ཞིག་ཏུ་བེད་སྤྱད་ཅིང་། རྒྱབ་སྐྱོར་ཅུང་ཙམ་བྱས་པར་མ་ཟད་དེང་སྐབས་ཀྱང་དངོས་ཤུགས་བརྒྱུད་གསུམ་ན་དཔུང་རོགས་བྱེད་ཀྱིན་ཡོད་པས་རེད།
ཁོ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་འཁྱོལ་ལོ་དེར་ཚོགས་ཆེན་སྟེང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལངས་ཕྱོགས་རང་བཙན་ནས་དབུ་མའི་ལམ་ལ་འགྱུར་བ་དང་། ཁོ་རྒྱུན་ལས་འོས་མིའི་གྲས་སུ་བསླེབས་མོད། “བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་རང་བཙན་ལས་དབུ་མའི་ལམ་ལ་འགྱུར་ཡང་། ང་ཀླུ་མཁར་བྱམས་སྔར་བཞིན་རང་བཙན་གྱི་ལྟ་བའི་སྒང་ན་ཡོད། དགུ་བཅུ་གསུམ་རང་བཙན་ལ་འགྱུར་བའམ། ཡང་ན་ང་དབུ་མའི་ལམ་ལ་མ་འགྱུར་བར་ང་ཚོགས་པ་འདིའི་རྒྱུན་ལས་སུ་སྡོད་ཤེས་ཀི་མ་རེད།” ཅེས་བཤད་སྐད། ངས་སྐབས་དེར་ལངས་ཕྱོགས་དེ་འདྲ་ཡོད་ན་དེ་ཡང་ཅུང་རིན་ཐང་ཅན་ཞིག་རེད་སྙམ། ཡིན་ནའང་། དེའི་རྗེས་ཁོའི་ཆུང་མ་པདྨ་ཆོས་སྒྲོན་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ནས་འཁྱོལ་བ་དང་སྐབས་དེའི་དགུ་བཅུ་གསུམ་གྱི་ཚོགས་གཙོ་ཨོ་གླིང་དུ་ཕེབས་པ་དང་བསྟུན་ནས་ཁོས་དགུ་བཅུ་གསུམ་གྱི་ཚོགས་གཙོ་བྱས་པ་རེད། རྒྱུ་མཚན། བཟའ་མི་གཉིས་ཀར་ལས་ཀ་མེད་ན་ངྷ་ས་ནས་ཁ་སྟོང་ནང་གི་ཚིག་སྟོང་བཤད་པ་ཙམ་གྱིས་འཚོ་བ་མི་འཁྱོལ་ཞིང་། འཚོ་བར་དཀའ་ཁག་འཕྲད་དུས་ལྟ་བ་ཟེར་བ་དང་ལངས་ཕྱོགས་ཟེར་བ། ཡང་ན་མི་མང་གི་མདུན་ནས་ཁ་ཐུར་འཁོར་ནས་གཏམ་བཤད་རྫིག་ཐག་ཆོད་ཅིག་བྱས་པའང་བརྗེད་འདུག འདི་ནི་ཁོས་ཁ་སང་གི་རྩོམ་ཡིག་ཏུའང་བཤད་མ་ཐག་པའི་ “སྒམ་ཚུགས” “མི་གཞི” “ལྟ་བ” སོགས་ཡིན་ནམ། ཐབས་སྐྱོ་བ་ལ།
ད་དུང་ཀླུ་བྱམས་ཕ་ཡུལ་ནས་བཙོན་ལ་སོང་བའི་སྐོར་ནས་ཀྱང་གླེང་གཞི་སྣ་ཚོགས་ཡོད་ཅིང་། ཁོ་རང་ཉིད་ཀྱིས་བྱེད་ཕྱོགས་ལ་བལྟས་ན་གཡག་ཅིག་བརྐུས་ནས་བཙོན་དུ་ཚུད་ཅིང་། བྱེས་སུ་ཡོང་ནས་སྒྲུང་ཞིག་བཙན་སྒྲིག་བྱས་ཏེ་ཆབ་སྲིད་བཙོན་མ་རུ་གྱུར་བར་ཆ་འཇོག་མི་བྱེད་རང་བྱེད་རེད།
འདི་ནི་ངས་མཐོང་བ་དང་ཤེས་པའི་ཀླུ་མཁར་བྱམས་ཡིན་ལ། ཁ་སྣོན་ཞིག་བྱས་ན་ཁོའི་ཆུང་མ་གན་བླངས་རྗེས་བོད་ཡིག་གི་ཚིག་གི་དག་སྡེབ་དང་རྩོམ་གཤིས་ལ་འགྱུར་བ་ཐེབས་སོང་བ་མངོན་གསལ་ཡིན་ལ། ཡིད་མི་ཆེས་ན་དུས་བབ་དང་ངོ་དེབ་ནས་ཁོའི་སྔར་གྱི་རྩོམ་ཡིག་ཀློགས་དང་ཤེས།
རྒྱ་ནག་གིས་༧གོང་ས་མཆོག་གི་སྐུ་ཚེ་མྱུར་ཏུ་མཇུག་རྫོགས་ན་བསམ་གྱིན་ཡོད། དེ་ནི་ཁོང་བོད་མི་རིགས་འདིའི་སྲོག་ཤིང་ཡིན་པར་ངོས་ཟིན་པས་རེད་མོད། ཀླུ་མཁར་བྱམས་ལྟ་བུའི་བོད་མི་ཀླད་མེད་ཅོལ་ཆུང་མང་བོ་ཞིག་གིས་༧གོང་ས་མཆོག་ནི་རང་བཙན་གྱི་བཀག་རྡོ་དང་གལ་ཏེ་ཁོང་མེད་སོང་ན། ཞེ་བོ་ཞིག་བྱ་རྒྱུ་ཡོད་མདོག་མདོག་སྟོན་གི་ཡོད། ཁོང་ཚོས་རྒྱ་ནག་གི་བསམ་ཐོག་ཏུ་འགྲོ་བ་དང་བོད་མིའི་སེམས་ཁམས་མེ་རུ་སྲེག་བཞིན་ད་དུང་རྒྱ་ནག་ཉམས་ཞིབ་པ་དང་རང་བཙན་འཐབ་རྩོད་པ་ལྟ་བུའི་ཆོ་ལོ་ཁུར་ཡོད།
དེ་ཡང་ལོས་ཡིན། ཀླུ་མཁར་བྱམས་བེད་སྤྱོད་གཏོང་མཁན་ཕུད་པའི་ཁོའི་གཤོག་འོག་ཏུ་རླུང་རྒྱག་མཁན་ངྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་དང་། ལྟ་སྤྱོད་ཡ་མཚན་ཞིག་རེད་མདོག་མདོག་སྟོན་པའི་མི་སྒེར་མང་བོ་ཡོད། དེའི་ནང་དུ་ཤེས་ཡོན་པ་དང་སློབ་མ། གྲྭ་པ་བཅས་ཡོད། ཡིན་ནའང་། དེ་ཚོས་༧གོང་ས་མཆོག་གི་མདུན་ནས་དབང་ཞུས། གསུང་ཆོས་ཉན། ཕྱག་འཚལ། ཐོད་པས་སར་བརྒྱབ། ལག་གཉིས་ཐལ་མོ་སྦྱོར། ཁ་ནས་ “སྐུ་ཚེ་རྒྱལ་མཚན་བརྟན་པར་ཤོག” ཅེས་སྨོན་ལམ་རྒྱག་མོད་ཀྱང་། ལག་ལེན་སྟེང་ཁོང་གི་སྐུ་ཚེའི་མཛད་འཕྲིན་ཕྲ་མོ་ཙམ་ལའང་སྐྱོན་རྒྱག་ཐུབ་ན་སྙམ་པའི་མི་དང་འབྲེལ་ལམ་འཛུགས། སྐྱོར་མ་རྒྱག རྒྱབ་དཔུང་བྱེད།
དོན་གནད་འདི་དག་གིས་ “༧གོང་ས་མཆོག་གི་སྐུ་ཚེའི་བར་ཆད་ནི་ཕྱི་དགྲ་བོའི་གནོན་ཤུགས་ལས་ཀྱང་ནང་གི་བོད་མིའི་བྱ་སྤྱོད་ལས་འབྱུང་” རྒྱུ་ཡིན་པའང་བདེན་པར་གྲུབ་འདུག
ཚིག་རྩ་མདོར་བསྡུས་ན། ཀླུ་གར་བྱམས་ནི་གཡག་རྐུན་ཞིག་ལས་གཞན་ཅང་མིན་ལེ་གདའ། གཙོ་གཙོ་དེའི་ཁོ་བའི་རྒྱབ་ཀྱི་སྐྱིད་གྲོང་གཞོན་ལྷན་དང་། སྲོང་བཙན་ནམ་གླང་དར་གྱི་གདུང་རྒྱུད་དུ་འབོད་པ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ཅན། ཨུ་རྒྱན་སྟོབས་རྒྱལ་གྱིས་མཚོན་པའི་མདོ་བ་སྟོད་པའི་སྨོན་ལམ་ལོག་པ་ཁ་ཤས་ནས་ཀླུ་གར་བྱམས་བེད་སྤྱད་དེ་༧གོང་ས་མཆོག་ལ་མཚན་དམད་ཞུ་འདོད་པ་ཡིན་པས། མི་དང་ཚོགས་སྡེ་འདིའི་རིགས་གཟབ་པར་ཞུ་འདོད་དོ།།
ད་བར་འཛམ་གླིང་དེའི་སྟེང་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཐུབ་པ་དེ་༸རྒྱལ་བའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ཡིན་པ་དང་ནམ་ཞིག་ཁོང་མི་བཞུགས་པའི་དུས་བོད་པའི་གནད་དོན་དེ་བྱེ་མའི་ནང་ཆུ་འཐིམ་པ་ལྟར་ཡལ་འགྲོ་བཞིན་པ་རྒྱ་མིས་ངོས་ལེན་བྱ་བཞིན་ཡོད། ཁོང་མེད་པའི་དུས་སྐབས་སུ་རང་བཙན་རྩོད་རྒྱུ་ཕར་ཞོག་དབུ་མའི་ལམ་གྱི་སྐད་ཆ་ཡང་ཤོད་ས་བྱུང་དང་མ་བྱུང་རྨི་ལམ་རེད། རྒྱ་མི་སྐྲག་དགོས་པ་དེ་༸རྒྱལ་བའི་གཟི་བརྗིད་དང་མཚན་སྙན་གྲགས་དེ་རེད་མ་ཏོག་གཡག་བརྐུ་མཁན་དང་གཞན་ཡུལ་ལ་སྡད་ནས་འུར་གཏམ་གྱི་མི་གསོད་མཁན་དག་དང་རང་བཙན་ཁ་ལ་འཁྱེར་ནས་ཆོལ་གསུམ་དཀྲུགས་མཁན་རྣམས་མིན། རང་བཙན་ཐབ་རྩོད་པ་ཞིག་ཡིན་ལུགས་བརྗོད་ནས་མདོར་ན་རང་གི་ཉིན་རེའི་ལྟོ་གོས་གཏམ་གསུམ་ཡང་དེར་འཚོ་ནས་སྡད་ཡོད། མདོར་ན་ཀླུ་བྱམས་ལ་ཡང་ཁག་མེད་ཁོས་སྡིང་ཆའི་སྟེང་གར་བྲོ་འཁྲབ་བཞིན་ཡོད་ཀྱང་དོན་དངོས་སུ་རྒྱབ་ཏུ་གབ་ནས་རྔ་དང་རོལ་མོ་སྐྲོག་མཁན་ཚོགས་སྡེ་འགའ་རེ་དང་། རང་བཙན་གྱི་ལྟ་བ་བཟུང་མཁན་གྱི་གང་ཟག་ཡ་མ་ཟུང་བ་རེ་གཉིས་ཡོད་པ་ཤེས་གསལ་རེད། ད་ལྟ་ཁོ་སྣང་བ་སྐྱིད་པོ་ཡོད་འགྲོ གང་བསམ་བཤད། གང་འདོད་བྲིས། རྗེས་ལ་རོལ་མོ་སྐྲོག་མཁན་རྣམས་མེད་དུས་ཐང་ལ་སྤྲེའུ་གཅེར་བུ་བ་ལྟར་དམར་རིལ་དུ་ལུས་རྒྱུ་ཡིན་པ་ཐག་ཆོད། སྙིང་རེ་རྗེ། མདོར་ན་རང་ཉིད་ལྟ་བུར་མཚོན་ན་ཤེས་ཡོན་རིག་གནས་དང་། ཆོས་ཉམས་ལེན་གྱི་སྒྲུབ་པ། དེ་བཞིན་སྨྲ་མཁས་པའི་འུར་གཏམ་མེད་ཀྱང་ཆུང་དུས་བོད་ཁྱིམ་སློབ་གྲྭར་སྒྲིམ་པའི་བཀའ་དྲིན་གྱིས་འཇིག་རྟེན་མི་ཆོས་སྤྱོད་པའི་ལས་རྒྱུ་འབྲས་དང་། བཀའ་དྲིན་བསམ་ཤེས། བྱས་པར་དྲིན་འཚོ་བ་ལ་སོགས་པའི་ཞག་རྩི་མི་ཉུང་བ་ཡོད་སྙམ། ཨ་ཚོགས་ཁོ་རང་ཡང་ད་ལྟ་འདྲ་མིན་བྲི་ཕོད་པ། འདྲ་མིན་བཤད་ཐུབ་པའི་རྩ་བ་དེ་༸རྒྱལ་བའི་བཀའ་དྲིན་དང་བྱམས་སྐྱོང་འོག་ཚར་ལོངས་བྱུང་བའི་བཀའ་དྲིན་ཉག་ཅིག་རེད་མ་ཏོག་གཞན་རོལ་མོ་སྐྲོག་མཁན་རྣམས་དེ་བས་མིན། དེ་ཁོས་མ་བརྗེད་པ་བྱེད་དགོས།
ཨ་རིག་འགྱུར་མེད་ཀྱི་རྩོམ་ཡིག་ལ་སྙན་ཆ་རྩ་བ་མེད་ཁར། སླར་ཡང་དད་པ་ལོག་སྤྱོད་ཀྱི་ལས་འགུལ་ནུས་མེད་ཅིག་སྤེལ་ཁུལ་ཙམ་རེད། ༧རྒྱལ་དབང་མཆོག་ལ་དད་གུས་ཡོད་མེད་དེ་གཟུགས་སུ་འགྲུབ་རུང་བ་ཞིག་ཡིན་ཚེ། ཨ་ཚོགས་ཀླུ་བྱམས་ཀྱི་དད་གུས་ནི་རི་རབ་ལས་ཀྱང་མཐོ་ཞིང་བརྗིད་ཆེ་བ་ཞིག་ཡོད་པར་ཐེ་ཚོམ་མེད། མཁས་མཆོག་ཨེ་ལིཨོཌ་སི་པེརལིང་གློ་བུར་དུ་སྐུ་གཤེགས་པ་ནི་རང་རེའི་བོད་མིའི་བདེན་དོན་འཐབ་རྩོད་ལ་གསབ་ཏུ་མེད་པའི་གྱོང་གུད་ཅིག་བྱུང་བ་རེད་མ་གཏོགས་གཞན་གང་ཡང་མིན། ཁོང་དགུང་གྲངས་ ༡༡༣ བར་སྐུ་འཚོ་བཞུགས་ཐུབ་ན་ཅི་མ་རུང་སྙམ་པའི་རེ་སྨོན་ཙམ་ཞིག་སྙན་པའི་ཚིགས་སུ་སྦྱར་ནས་ཁོང་གི་འཐབ་གྲོགས་ཨ་ཚོགས་ཀླུ་བྱམས་ཀྱིས་སྤེལ་བར་ཁྱོད་ཁྲོ་དགོས་དོན་ཕྲག་དོག་མིན་ན་ཅི། འོ་ན། ཁྱོད་ཀྱིས་ད་བར་༧རྒྱལ་དབང་མཆོག་ལ་ཕན་པའི་ལས་དོན་ཅི་འདྲ་ཞིག་བརྩམས་མྱོང་བ་འདིར་འུ་ཚོར་གཅིག་ཤོད་དང་། སོ་སོས་ཁབ་ཀྱི་སྤུ་ཙམ་འཇོན་རྒྱུ་མེད་པར། གཞན་འཇོན་ཐང་ཅན་ལ་དོན་མེད་འཁང་ར་བྱེད་རྒྱུ་དེ་མཚམས་བཞག་ན་དགེ་མཚན་ཆེ་བས་དེ་ལྟར་ཤེས་པར་གྱིས་ཤིག ཨ་ཚོགས་ཀྱི་བཟླའ་མཛངས་མ་པདྨར་ཁྱོད་འདོད་ཆགས་ལངས་དྲག་ནས་འཆི་གྲབས་བྱེད་ཀྱི་འདུག་གམ? ངོ་མ་སྙིང་རྗེ།
ཨ་རིག་ཟེར་བའི་མཇེ་གཉའ་མའི་ཡི་གེ་འབྲི་མཁན་འདིས་བོད་དོན་ལ་ཕན་པའི་ལས་ཀ་དང་རྩོམ་ཡིག་གཅིག་ཀྱང་མཐོང་མ་སོང་ལགས། ལྷག་པར་ཁོས་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྔ་མ་སྡིག་པ་རྩོམ་འཁྱོག་མང་ལེ་ཡིན། ཀླུ་མཁར་བྱམས་ཀྱི་ཆ་ཚང་འགྲིགས་རེད་བསམ་གི་མེད་ཡིན་ཡང་ཨ་རིག་ཟེར་བའི་མཇེ་གཉའ་མའི་མི་ངན་འདི་ཚོས་ཅིག་བཤད་ན་གད་མོ་གཏིང་ནས་ཤོར ཧཧཧཧཧ
ད་ལྟའི་དུས་ཚོད་འདིར་མི་གཅིག་གིས་མི་གཞན་ཞིག་ལ་སྐྱོན་བརྗོད་བྱས་པ་དང་བྱེད་པ་ནི་གཡོལ་དུ་མེད་པ་ཞིག་རེད། དེ་ལ་འགོག་ཐབས་གང་ཡང་ཡོད་མ་རེད། ༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ན་སྐྱོན་རྗོད་དེ་ཉིད་བློ་ཡུལ་དུ་མི་ཤོང་པ་ཞིག་ཡིན་དགོས་པའི་ངེས་པ་མེད། འོན་ཀྱང་༧གོང་ས་མཆོག་མི་སྒེར་པ་ཞིག་མ་རེད། ཁོང་བོད་མི་རིགས་ཀྱི་བླ་སྲོག་རེད། ཁོང་ལ་སྐྱོན་བརྗོད་བྱས་པས། ཐུག་ས་དེ་བོད་མི་རིགས་ཀྱི་བླ་སྲོག་ལ་གྲི་བཙུགས་པ་འདྲ་པོ་རེད། བོད་མིའི་སེམས་ཁམས་ལ་གུས་ཞབས་མ་བྱས་པ་རེད། དེ་ལ་རྩིས་མེད་རྡོག་རོལ་བཏང་པ་རེད། དེ་ནི་ཧ་ཅང་འཚབ་ཆེན་ཞིག་རེད།
ཨ་ཁ། ད་སྐུ་སྒེར་ཡིག་ཚང་གི་འགོ་འཛིན་ཟབ་གདོང་གི་རྒྱུགས་ཁྱི་ཞིག་ཡུན་རིང་པོའི་རྗེས་གཞི་ནས་བསླེབས་བྱུང་། ད་ཤོད་ཨ་ངོ་ཚ་མེད་ན།
རྩོམ་རྩལ་གཙོ་བོ་མ་རེད་དོན་དངོས་གཙོ་བོ་ཡིན་ཙང་ཨ་རིག་འགྱུར་མེད་ལ་ཐུགས་རྗེ་ཡག་པོ་བྲིས་འདུག
༧གོང་བཅུ་གསུམ་་་ནོར་བཅོས་་་་
ཨ་རི་འགྱུར་མེད་ལགས་ཀྱིས་དངོས་ནས་སྐད་ཆ་དོན་སྙིང་ལྡན་པ་ཞིག་བཤད་འདུག ཨ་ཚོགས་ཀླུ་མཁར་བྱམས་ཁོང་བློ་རིག་ཇི་ལྟར་བཀྲ་ཡང་། མཁས་མདོག་ཇི་ལྟར་བསྟན་རུང་བོད་རྒྱ་ཆེ་མི་མང་མགོ་བསྐོར་ནམ་ཡང་ཐེབས་མི་སྲིད། དེང་སང་བཙན་བྱོལ་ནང་གི་མཁས་མིང་འཛིན་པ་ཁོ་ལྟ་བུ་ཁ་ཤས་ལ་སྐྱོན་འདི་འདྲ་ཞིག་ཡོད། མཁས་པར་རློམ་པའི་ཉམས་དང་རྣ་བར་སྙན་པའི་གཏམ་སོགས་ཀྱིས་མི་མང་འགུག་ཨེ་ཐུབ་དང་དོ་སྣང་སྤྲོད་མཁན་ཨེ་མང་ལྟ་རྒྱུར་ཧ་ཅང་དགའ་བོ་ཡོད། དེས་བསམ་དོན་འགྲུབ་པར་ཕན་ཅི་ཡང་ཐོགས་པ་མ་ཟད། ད་དུང་སོ་སོའི་རིན་ཐང་མེད་བརླག་ཏུ་གཏོང་བའི་རྐྱེན་དུ་འགྱུར་གྱི་འདུག
གཞན་ཞིག་ལ་ཚང་མས་ཧ་གོ་དགོས་གལ་དེ། ང་ཚོའི་གཞུང་ཡིན་ན་
ཡང་འདྲ། སྒྲིག་འཛུགས་ཡིན་ན་ཡང་འདྲ། གང་ཡོད་པ་དེ་མི་མང་གི་
མིག་ཐོག་ཏུ་ཡོད་པ་ཞིག་ཡིན་གཅིག་མིན་གཅིག་དགོས། ད་སྐབས་ཀྱི་
གཞུང་འདི་མི་སྒེར་གྱི་མིང་ཐོག་ལས་མི་མང་གི་མིང་ཐོག་ལ་མེད། དེ་
མེད་སོང་ན་མ་འོངས་པར་ང་ཚོའི་གཞུང་ཡིན་ཞེས་ལུས་སྲོག་བློས་
གཏོང་བྱས་ནས་བཙུགས་པ་དེ། ཉིན་ཞིག་ཁྱིམ་ཚང་ཞིག་ལ་དག་
འགྲོ་ཉེས་ཆེ་བས། ཚང་མས་ནུས་ཤུགས་ཡོད་དགུས་གཞུང་འདི་
མི་མང་གི་མིང་ཐོག་ཏུ་བསྒྱུར་ཐུབ་པ་བྱེད་དགོས། ང་ཚོའི་ཆབ་སྲིད་
ལམ་ལུགས་འདི་མང་གཙོ་ཡང་དག་པ་ཡིན་ཞེས་དུས་རྒྱུན་དུ་ལབ་ཀྱི་ཡོད། དེ་ཡིན་ན་གཞུང་དེ་མི་སྒེར་གྱི་མིང་ཐོག་ཏུ་བདག་བསྡད་པ་ཞིག་འཛམ་གླིང་ན་མེད། དེ་ཡིན་ཙམ་གང་ཟག་སྒེར་གྱི་དབང་བསྒྱུར་མ་
ཡིན་པར། ཁྲིམས་ཀྱི་དབང་བསྒྱུར་འོག་གནས་དགོས་ན་གཞུང་དེ་མི་
མང་ལ་དབང་བ་ཞིག་ངེས་པར་དུ་དགོས། དེ་མེད་སོང་ན་ཁ་ནས་མང་གཙོ་མང་གཙོ་ལབ་རུང་དོན་དངོས་ཐོག་སྒེར་སྤྱོད་པའི་ལམ་ལུགས་ནང་
ནས་སོར་གང་ཐར་མེད།
ཨ་རིག་འགྱུར་མེད་ཀྱི་གསུང་ལ་རྗེས་སུ་ཡི་རང་དང་། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།། །།
ཀརྡོ་་་་ཆོས་ལུགས་ཁོ་ན་ལས་མི་རིགས་དང་རྒྱལ་ཁབ་ལ་དུང་བ་མེད་
པའི་ཀརྡོ། འདི་xx་གཤིས་ངན་རྒྱུན་འབྱམས་སུ་སོང་བ་
ལོས་ཡིན། ད
ཀླུ་མཁར་བྱམས་གཅིག རླུང་ཐོག་ཁྱོད་རང་གཉིས་ལྟ་བུ་ནི། བོད་གཞིས་བྱེས་གཉིས་ཀྱི་ནང་ནས། བོད་མི་ཡ་རབས་ཀྱི་མི་གྲལ་ནས་བུད་ཟིན་པའི་མི་བུ་གཉིས་རེད་དོ།།
ཧཧཧ། ཨ་རིག་སྙིང་རྗེ། དགག་རྩོམ་འབྲི་འདོད་ན་འབྲི་སྟངས་འདི་འདྲ་མ་རེད། ཀླུ་མཁར་གྱིས་མི་འགྲིག་ན་མི་འགྲིག་པའི་ཁུངས་དང་ལུང་རིག་པའི་རྒྱབ་བརྟེན་གྱིས་གནས་ལུགས་ཀྱི་སྐད་ཆ་བཤད་དགོས་པ་ལས། ཁྱོད་ཅིག་ཡིན་རབས། ཟ་མ་རག་གི་མེད་རབས། ཅིག་བཅས་དང་རབས་སོགས་ཨ་ཡེ་རྒད་མོ་ཚོས་སྐད་ཆ་བཤད་སྟངས་འདྲ་བོ་འདིའི་རིགས་ལ་སྐད་ཆའི་ཕུང་ལུད་ལབ་པ་རེད། དངོས་ནས་བཤད་ན་ང་ཚོའི་སྤྱི་ཚོགས་ལ་ཉོག་དྲ་དགོས་མེད་མང་པོ་ཞིག་བཟོས་ཡོང་མཁན་དག བོད་ཡིག་ཉ་ཉོག་རེ་འབྲི་ཤེས་མཁན་དང་སྐད་ཆ་པར་པུར་རེ་བཤད་ཤེས་མཁན་ཚོས་བཟོས་ཡོང་གིན་ཡོད་པ་རེད། དེ་མིན་དཔྱད་ཞིབ་རང་བཞིན་གྱི་རྩོམ་ཡིག་འབྲི་མཁན་དང་སྐད་ཆ་བཤད་མཁན་མེད་པས། རང་གི་འདོད་ཚུལ་དང་ཞེན་པ་ཉི་ཚེ་བ་ཞིག་ཨ་འཐས་སུ་བཟུང་ནས་གང་འདོད་དུ་བསྒྲགས་ཐབས་བྱས་པ་དེས་སྤྱི་ཚོགས་ལ་ཕན་པ་ལས་གནོད་པ་ཆེ་བ་ཡོད་པ་རེད། དངོས་ནས་དགག་རྩོམ་འབྲི་འདོད་ན་འབྲི་སྟངས་དེ་འདྲ་མ་རེད། འདིའི་རིགས་ལ་ཉོག་རྩོམ་ཕུང་དཀྲུག་མ་ཟེར་བ་རེད། དཔྱད་པ་དང་གནས་ལུགས་གཞི་ལ་བཞག་ནས་འབྲི་དགོས་པ་ལས་དད་པ། སྡང་བ། ཆགས་པ། ཞེན་པ། ཁྲོ་བ་སོགས་ཀྱིས་སྤྱི་ཚོགས་དཔྱད་བརྗོད་དང་གཞན་ལུགས་དགག་པའི་རྩོམ་ཡིག་འབྲི་བ་ནི་ཆེས་ཐ་ཤལ་བའི་ལས་སྟངས་བཅའ་སྟངས་རེད། ལྷག་ཏུ་ཡི་གེ་བ་ཞིག་ལ་མཚོན་ན་འདིའི་རིགས་ལར་ནས་བྱ་རྒྱུ་མེད་པ་རེད། ངས་ཨ་ཚོགས་ཀླུ་བྱམས་ལ་རྒྱབ་ནས་སྐྱོར་བ་མིན་མོད། ངས་བསམ་ན་ཨ་ཚོགས་ཀླུ་བྱམས་ཟ་མ་མི་རག་ས་ཞིག་དང་ལས་རྐུབ་སྟེགས་ཙམ་ཞིག་ལ་རྔམ་ནས་འདུག་མཁན་ཞིག་མ་རེད་བསམ་ཡོད། དེ་ལྟར་ཡིན་ན་ཁོང་སྔོན་ནས་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ནུབ་ཕྱོགས་ཡུལ་ཞིག་ལ་བྲོས་སོང་ན། ཁོ་ལ་དེའི་གོ་སྐབས་ཡོད་བསྡད་པ་ཞིག་རེད་ཨ། ཁོས་དྷ་ས་ནས་སྐྱ་ཆད་སྔོ་སྡུག་གིས་འཚོ་བ་རོལ་དགོས་དོན་མེད་པ་ང་ཚོ་ཚང་མས་ཤེས་པ་ཞིག་རེད་ཨ། གང་ཞིག་ལ་ཐར་ས་ཞིག་ཨེ་རག་གམ་རག་སོང་ན་ཤར་སེ་བྲོས་འགྲོ་མཁན་དེ་འདྲ་མ་ར། འདི་ཚོར་དོན་དངོས་བདེན་ཐུབ་ཀྱིས་སྐད་ཆ་བཤད་དགོས་པ་ཞིག་རེད་ཨ། ད་མི་བཤད། ཨ་རིག་གི་ཡ་མ་ཟུང་དེར་བཤད་རིན་ཅི་ཡང་མི་འདུག དངོས་ནས་ཡིན། རྗེས་ཕྱོགས་འདི་མོ་ཆག་རྩོམ་མི་སྤེལ་རྒྱུར་སློབ་གསོ་ཞིག་སྤྲད་པ་ཡིན། ཁ་ཆེའི་ཕ་ལུས་བཤད་དགོས་པ་དེ་བཤད་ཡོད། ཉན་དང་མི་ཉན་ཁྱོད་རང་ཡིན།
སྔོན་མར་ཚོགས་གཙོ་སྤེན་ཚེནཡིས་གྲོས་ཚོགས་སྡིང་ཆ་ཐོག་ནས་མི་ལྔ་ཡིས་རྒྱལ་བ་རིན་པོ་ཆེ་དགུང་ལོ113 ནས་105 ལ་བཅག་ཡོད་ཟེར་བཤད་རེད། དེ་ནས་ད་རེས་ཨ་རིག་འགྱུར་མེད་ཀྱིས་ཀླུ་མཁར་བྱམས་གཙོས་བའི་མི་ངན་རང་བཙན་ཚོས་རྒྱལ་བའི་སྐུ་ཚེ་མར་བཅག་ཡོད་ཟེར། ཡང་ཨ་མདོ་འཇམ་དབྱངས་དཀར་བོ་ཟེར་བས་རང་བཙན་ཚོགས་པ་དང་རང་བཙན་ཚོས་རྒྱལ་བའི་སྐུ་ཚེ་མར་བཅག་ཡོད་ཟེར། དོན་ངོ་མར་མི་འདི་འདྲ་བ་ཚོས་རྒྱལ་བའི་སྐུ་ཚེ་ལ་ཚད་འཛིན་ཤེས་པ་ཡ་མཚན་ངོ་མ་རེད། རྒྱལ་བ་རིན་པོ་ཆེ་མི་འདི་ཚོས་ཆབ་སྲིད་འཁྲབ་བྱེད་དང་རྩེད་ཆས་ལྟ་བུ་རེད་དམ། ངས་བསམ་ན་དོན་ངོ་མ་རྒྱལ་བ་རིན་ཆེ་སྐུ་ཚེ་བར་ཆད་དང་མཚད་སྨད་ཞུ་མཁན་མི་འདི་ཚོ་ཡིན།
ཀརྡོ་་་་ཁྱོད་དང་ཁ་ཆེའི་དྲག་སྤྱོད་པ་གཉིས་འཛམ་གླིང་ཡ་རབ་སྤྱོད་བཟང་གི་མི་གྲལ་ནས་བུད་ཚར་བ་རེད།
ད་སྐབས་ཀྱི་ཀླུ་མཁར་བྱམས་འདྲ་བའི་རྒྱལ་གཅེས་པའི་གོད་ཆགས། དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་
གྲ་པ་ཉུང་འཕྲི་དང་དམག་མི་འཕེལ་རྒྱས། ཕྱི་རིག་ནང་འདྲེན་གྱིས་དེང་རབས་ལ་ཁ་ཕྱོགས་པ། སྒེར་སྤྱོད་པའི་ལམ་
ལུགས་བསྒྱུར་བཅོས་གཏོང་བ་སོགས་བྱས་རྐྱེན། དད་པ་ལོག་སྤྱོད་པ་དང་སྲིད་དབང་སྒེར་སྤྱོད་པས་གནས་ཆུང་ཆོས་
སྐྱོང་ཟེར་བའི་འདྲེ་ངན་དེ་བེད་སྤྱད་ནས། ལུང་ལོག་བསྟན་ཅིང་སྨན་དུག་གིས་སྐུ་བཀྲོངས་བ་རེད། སྤྱི་ལོ་ ༡༩༡༣ ལོར་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་སྣེ་འཁྲིད་པའི་ས་གཏེར་འཚོལ་ཞིབ་དང༌། གློག་ལས་སྦྲག་ཏར་སོགས་ཀྱི་ཤེས་བྱ། དམག་དོན་ཐབས་ཇུས། ལམ་བཟོ་བ་སོགས་ཆེད་སྦྱོང་བོད་ཕྲུག་བཞི་དབྱིན་ཡུལ་ལོན་ཀྲོན་དུ་སློབ་གཉེར་ལ་ཆེད་གཏོང་གནང༌བ་དག་གི་ནང་དུ། རྩིས་དཔོན་ལུང་ཤར་ལ་རྔ་མ་འདུག་འདྲེ་རེད་ལབ་ནས་མིག་བཀོས་ཅིང་ངན་གསོད་བྱས། དམག་དོན་དང་ལམ་བཟོ་བ་གཏེར་འདོན་པ་ལ་མཁས་པའི་བོད་ཕྲུག་གསུམ་དེ་དག་ལ་ཕྱི་རྒྱལ་གྱི་ལྟ་བ་ཡོད་ཚུལ། དེས་སངས་རྒྱས་ཀྱི་བསྟན་
པ་ལ་གནོད་ཡོང་ཚུལ་བཤད་ནས་ལྷོ་གྲོ་མོ་ལ་རྒྱང་ཕུད་གཏོང་། མཐར་མི་དེ་དག་རྒྱ་གར་ལ་བྲོས། དེ་རྗེས་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་བོད་འདི་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ཞུགས་དགོས་པ་དང་། དེ་མ་ཞུགས་ན་རང་བཙན་ཤོར་འགྲོ་ཚུལ་
བཤད་རྐྱེན་མཉམ་འབྲེལ་རྒྱལ་ཚོགས་ཕྱི་རྒྱལ་མི་རིགས་རྐྱང་རྐྱང་རེད། དེར་ཞུགས་ན་སངས་རྒྱས་ཀྱི་བསྟན་པ་གནོད་པ་མ་ཟད་ཕྱི་རྒྱལ་ལྟ་བ་ཤན་ཞུགས་ཡོང་ཚུལ་བཤད་ནས་དགེ་ཆོས་ངན་གསོད་བྱས། དེ་རྗེས་འབའ་པ་ཚུན་ཚོགས་དབང་རྒྱལ་གྱིས་
བོད་སྡེ་པ་གཞུང་གི་ལམ་སང་ཨུ་རུ་སུ་དང་འབྲེལ་བ་བྱེད་དགོས་འདུག དེ་མ་བྱས་ཚེ་གུང་ཁྲན་ཏང་གི་བོད་ཟ་འགྲོ་ཚུལ་དང་།
སྡེ་པ་གཞུང་གི་གོ་ལག་མཚོན་ཆ་རྣམས་ཁམས་དང་ཨ་མདོར་ལ་མར་གཏོང་ནས་ས་མཚམས་ནན་སྲུངས་དགོས་སྐོར་བཤད་རྐྱེན། ཕུན་ཚོགས་དབང་རྒྱལ་གྱིས་བསམ་བློའི་ནང་ཁམས་པ་ཨ་མདོའི་གྱེན་ལོག་བྱེད་བསམ་འདུག་ཞེས་ལོག་འབྲེལ་བྱས་ནས་འཛིན་བཟུང་བཀའ་རྒྱ་གཏོང་། འབའ་ཕུན་འུ་ཐུག་ནས་གུང་ཁྲན་ལ་མགོ་བཏགས་ཞུས། ད་སྐབས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བསྒྱུར་བཅོས་གཏོང་ནས། ཆབ་སྲིད་གཙོ་འཛིན་གྱི་ཆོས་ལུགས་ནང་འགལ་མཚམས་འཇོག་དང་། རང་བཙན་ལྟ་བ་སྲ་བརྟན་ཐོག་མདུན་བསྐྱོད་དགོས་ཚུལ་བཤད་ཡོང་དུས། དད་པ་ལོག་པ་
དང་སྲིད་དབང་སྒེར་སྤྱོད་པ་དག་གིས་མ་རྟོགས་ལོག་རྟོགས་ཀྱི་ཆོས་ཞེན་འོག མ་ཉེས་ཁ་ཡོག་གང་ཐུབ་ཞིག་བྱེད་བཞིན་པ་འདི་རེད། མི་བུ་འདི་དག་ནི་དགེ་ལུགས་པའི་ཆོས་རྒྱུད་ཁོ་ན་ཙམ་ལས་རྒྱལ་ཁབ་དང་མི་རིགས་ཀྱི་བ་ཏིལ་འབྲུ་ཙམ་ཡང་མེད་མཁན་དག་དག་རེད། འདས་ཟིན་པའི་བོད་ཕུང་ལ་སྦྱོར་མཁན་འདི་དག་གི་ཕྱོགས་གཏོགས་པ་ཡིན་ལ་ད་ལྟ་ཡང་ཁོང་ཚོ་རེད།
མ་འོང་པ་མི་ངན་འདི་དག་རྩ་མེད་གཏིང་བཀོག་གཏོང་མ་ཐུབ་ཚེ། བོད་མི་རིགས་དང་རྒྱལ་ཁབ་ཟེར་བ་ཞིག་དུས་ནམ་ཡང་ཡོང་མི་ཐུབ།
ད་ཡང་དེའི་ནང་འདྲེ་གསོལ་མཁན་བསླེབས་ཡོད་པ་འདྲ། སྐྱུག་བྲོ
ཨ་རིག་གིས་སོ་སོའི་བསམ་ཚུལ་རིང་པོ་རྒྱས་པོ་ཞིག་བྲིས་འདུག སྐད་ཆ་ཚང་མ་བདེན་པ་ཡིན་མིན་དོག་པ་འདུག་ཏེ་རང་རང་གི་བསམ་ཚུལ་བཤད་ཆོག་པ་དང་འབྲི་ཆོག་པའི་རང་དབང་བརྒྱ་ཆ་བརྒྱ་ཐམས་པ་ཡོད་རེད། རྗེས་སུ་ཡིད་རང་ཡོད། སྨྲ་བརྗོད་རང་དབང་རྒྱ་ལོ། བོད་རྒྱལ་ལོ།
ཆོས་ཀྱི་ངོས་ནས་སྙིང་རྗེ་རེད།
མི་རྣམས་ལ་རྣམ་རྟོག་ངན་པ་ཆེ་བ་དང་། རང་ཉིད་རང་གིས་སྡུག་བསྔལ་མནར་མེད་ལ་ལྟུང་བ་མི་ཤེས་པས་དབང་གིས། མི་འགའ་ཡིས་༧གོང་ས་ཐམས་ཅད་མཁྱེན་པ་ལ་ཡང་སྐུར་འདེབས་དང་ལོག་ལྟ་བྱེད་བཞིན་འདུག དེ་ལ་འགྲེལ་བཤད་བརྒྱབས་ཀྱང་རེ་ཞིག་གོ་དཀའ་རྒྱུ་རེད་འདོད། དེ་ནི། མི་འགའ་རེ་ལ་བློ་དམན་དྲགས་པ་དང་རྣམ་དཔྱོད་ཟབ་མོའམ་ཕྲ་མོ་མེད་པའི་རྟགས་རེད། འོན་ཀྱང་། མི་རྣམས་ཀྱིས་ཐུན་མོང་དུ་ཁས་ལེན་ཐུབ་པའམ་རྟོགས་ཐུབ་པ་ཞིག་ཡོད་རྒྱུ་ནི། རང་ཉིད་བདེན་པར་འཛིན་པ་འདི་ཡིན། འདི་ཕྱོགས་གཅིག་ནས་ཡག་པོ་ཞིག་ཀྱང་རེད། འདིས་མི་གཞིའི་སྒལ་ཚིགས་ཟེར་བ་དེ་ཡང་མཚོན་སྲིད། འོན་ཀྱང་། མི་གཞན་ལ་ངན་དམོད་དང་ཚིག་ངན་འགེབས་རྒྱུ་ནི་མི་རང་ཉིད་མི་ངན་ཞིག་ཡིན་པ་སྟོན་སྤྱད་ལས་གཞན་ཅང་མ་རེད། དེ་འདྲ་ཡིན་སྟབས། ༧གོང་མཆོག་ལ་མཚན་སྨད་བྱེད་པ་ནི་མི་བུ་རང་ཉིད་ཀྱི་མི་གཞི་ཡག་པོ་དང་ཀུན་སྤྱོད་བོར་བ་ལས། དྲང་བདེན་ལ་མཐའ་གཅིག་ཏུ་དགའ་མཁན་དང་གནས་ལུགས་སམ་འཇིག་རྟེན་མིའི་འགྲོ་ལུགས་ཤེས་མཁན་གཅིག་གིས་ཀྱང་མི་དེའི་རིགས་ལ་བདེན་པ་ཡོད་པ་ཁས་ལེན་རྩ་བ་ནས་བྱེད་མི་སྲིད། དེ་ནི་སུས་མི་རིགས་འདི་དང་བྱ་བ་ཅི་ཞིག་ལ་ཕན་ཐོག་དང་དོན་དངོས་སྒྲུབ་བཞིན་ཡོད་མེད་རྟོགས་པ་ཞིག་ལས། རྨོངས་དད་ཁོ་ནས་རྗེས་སུ་འབྲངས་སོང་བ་ཞིག་ཀྱང་མ་རེད། ད་དུང་གཞན། ཆོས་དང་དད་པའི་ངོས་ནས་གཅིག་གླེང་རྒྱུ་ན། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་ཚོ་དང་སྡང་མཁན་ཚོ། རང་གི་མ་ཤེས་པའི་དབང་གིས་རང་ཉིད་ངན་འགྲོར་འཕེན་བྱེད་ཀྱི་རྒྱུ་ཞིག་བསག་པ་ལས། རང་གིས་ཤེས་བཞིན་ཡོད་ན་སུ་ཞིག་གིས་འདི་ལྟར་ལོག་ལྟ་བྱས་ནས་རང་ཉིད་ལ་ཚོགས་ངན་བསོག་ཏུ་འཇུག་ཅེས་པ་ལས་ཅང་ཡོད་པ་མ་རེད་དེ། མ་ཤེས་པའི་དབང་གིས་དམྱལ་བར་ལྷུང་བ་ལས། སུ་ཞིག་ཤེས་པས་དབང་གིས་དམྱལ་བར་ལྷུང་སོང་ངམ། ཟེར་བ་ལས་གཞན་ཅང་མི་འདུག་སྙམ། འདི་ནི་ཁ་གཏོང་མཁན་ཚོ་ལ་རིགས་པ་ཡང་དག་གིས་རིགས་ལམ་གཅིག་བཀོད་པ་ལས། མཐའ་གཅིག་ཏུ་ཕན་པ་ཡོད་ཅེས་ཀྱང་མི་ཟེར། རྒྱུ་མཚན། མི་རྣམས་ལ་བསམ་པ་འདྲ་མིན་ཡོད་པས། ༧རྒྱལ་བ་ཐམས་ཅད་མཁྱེན་པས་མི་མགུ་ན། ངས་གཅིག་བསྒྲུབས་ཀྱང་ཁེགས་རྒྱུ་རེད། འདི་ནི་མཆན་བུ་ཞིག་བཏབས་པ་ཡིན། རེ་ཞིག་དེ་ཙམ་བྱེད།
ཕྱི་ལོ།༢༠༡༧/༢/༡༠ རང་ཞི་དོན་གཉེར་གྱིས།
ཨ་རིག་འགྱུར་མེད་ཟེར་བའི་མཇེ་གཉའ་སྟུ་རྩོམ་འཁྱག་ལེ་འབྲི་མཁན་འདི་ཚོའི་སྐྱག་ཁ་དྲི་སྡུག་ལ་རོལ་ན་ངོ་མ་སྐྱུག་ལངས་སོང། རྒྱལ་བ་རིན་པོ་ཆེ་དོན་དུ་བཤད་སྟངས་འདི་འདྲ་ལས་མེད་ན་ཁྱེད་ཁ་བཙུམས་ཡག་འདུག་ རྒྱལ་བ་རིན་པོ་ཆེ་འཛམ་གླིང་མི་དམངས་ཡོངས་བསམ་བློ་སྣེ་ལམ་སྟོན་པ་རེད། ་ཁྱེད་ཚོ་ལྟ་བུའི་ཡར་མར་བཤད་ནས་རྩོམ་འཁྱོག་འདི་འདྲ་བྲིས་ན་ཅི་ལ་ཕན།
ཀླུ་བྱམས་ཀྱི་གྲོགས་པོ་ནོར་ཝེ་རླུང་འཕྲིན་ཚང་གི་རྫུན་གཏམ་པ་བསྟན་འཛིན་ནོར་བཟང་ཟེར་བ་དེ་དང་། བསྟན་ཚོང་བ་བསང་ཆུའི་འབྲུག་བྷེ། བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་རྒྱུ་ཆ་རྐུ་མ་ཨ་མྱེ་རྨ་ཆེན་ལས་ཁུངས་ཀྱི་བཀྲ་ཤིས་ཚེ་རིང་སོགས་ཡིན་པ་ཁོ་རང་གི་རྩོམ་ནང་ལ་འཁོད་འདུག་པ་དེ་རེད། ཨ་རིག་ཟེར་བ་འདི་ཡང་རྩྭ་ཤོག་སྤར་མོ་གང་ཡིན། རླུང་ཡར་ལ་གཡུག་ན་ཡར་ལ་འཁུར་འགྲོ་བ་ཞིག་དང་། རླུང་མར་ལ་གཡུག་ན་མར་ལ་འཁུར་འགྲོ་བ་ཞིག་ཡིན།
ཨ་རིག་འགྱུར་མེད་ལགས་ཀྱིས་ཡག་པོ་བྲིས་འདུག
༸རྒྱལ་བ་རིན་པོ་ཆེ་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་། བལྟ་བའིམིག་ཡིན་པ་ཡོངས་གྲགས་རེད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་《བཙན་བྱོལ་བོད་མིའི་བཅའ་ཁྲིམས་》ལེའུ་དང་པོ། གཞི་རྩའི་ལམ་སྟོན།དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཞེས་པའི་ནང་། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་དེ་དག་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། རིག་གཞུང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན།
ཞེས་གསལ་པོར་འཁོད་ཡོད། གོང་གསལ་ཚིགབརྗོད་རྣམས་གཏན་ལ་འབེབ་མཁན་བཙན་བྱོལ་བོད་མི་ཡོངས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་ཞུས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ཡིན་པ་དང་། བཅའ་ཁྲིམས་དེས་བོད་མི་ཡོངས་ལ་ཁྱབ་ཡོད་སྟབས། བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། བོད་མི་ཡོངས་ཀྱིས་དགོངས་པ་ཆེ་བཞེས་གནང་གལ་མཐོང་། །
ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་ལ་ཟུར་ཟ་དང་ཆོས་ལུགས་པར་དམའ་འབེབ་ཀྱི་ཚིག་རེ་གཉིས་ཡོད་ཚེ་ཤིན་ཏུ་མ་ལེགས། དེ་ལྟ་མ་གསུངས་རོགས་ཅེས་ཞུ་བ་འབུལ་རྒྱུ། བོད་མི་ཞིག་ཡིན་ཕྱིན་བོད་སྤྱིས་བཀུར་བའི་མི་དང་བོད་ཀྱི་སེམས་པ་གཏད་སའི་ཆོས་དང་རིག་གཞུང་ལ་དུང་པ་མེད་ཀྱང་གུས་པ་བྱེད་དགོས། ཕྱོགས་གཅིག་ནས་ཀླུ་མཁར་གྱི་དམངས་གཙོའི་ལྟ་བ། ཆབ་སྲིད་ཀྱི་ལྟ་བ། ཞུམ་མེད་སྙིང་སྟོབས། དམངས་གཙོའི་གཞུང་ལ་ལྟ་གྲུབ་སྣ་ཚོགས་ཡོད་ཆོག་པ་བཅས་ཀྱིས་ཁོ་ལ་ངོ་རྒོལ་མི་བྱ། རང་དང་་བསམ་ཚུལ་མི་འདྲ་བ་ཡོད་མཁན་ཐམས་ཅད་འདྲེ་རུ་བཀར་ཏེ་ཀུན་གྱིས་ཁ་རྡུང་བྱེད་པ་ལེགས་པོ་མ་མཐོང་། རྒྱ་བོད་ཀྱི་གནད་དོན་གྲོས་མོལ་གྱི་མ་ནས་ཐག་གཅོད་དགོས་ན་བོད་ནང་ཁུལ་གྱི་ཤ་ཁྲག་གཅིག་པའི་སྤུན་ཟླ་ལ་གྲོས་མོལ་བྱེད་ས་ཡོད་ངེས་པས། ཚང་མས་ཚིག་ཟུར་གོ་བ་ཙམ་གྱིས་ཕ་རོལ་པོ་འགལ་ཟླ་ཁོ་ནར་ཐག་བཅད་དེ་བསླབ་བྱ་དང་གྲོས་མོལ། ཞུ་བ། བགྲོ་གླེང་གི་ལམ་ཁ་མེད་པར་བཟོ་བ་མི་རིགས་མཐུན་སྒྲིལ་ལ་བར་ཆད་དུ་ཆེ། འཛམ་གླིང་གི་ཞི་བདེའི་སྔོན་འགྲོ་རིགས་གཅིག་ནང་ཁུལ་གྱི་ཞི་བདེ་ནས་མགོ་རྩོམ་དགོས། ཀུན་ལ་ཞི་བདེ་ཡོང་བར་ཤོག
དེ་རིང་དྲ་ལམ་ནས་ཤེས་པ་ལ་ཨ་རིག་འགྱུར་མེད་རྒྱ་གར་གསང་བའི་ལས་ཁུངས་ཀྱི་རྒྱ་མིའི་མྱུལ་མ་རེད་ལབ་ལྷོ་ཕྱོགས་ཤིག་ནས་འཛིན་བཟུང་བྱསཔ་རེད་ཟེར། ད་ཤེས་རྒྱུ་མང་གི་
ཚོར་སྣང་ཙམ་རེད། ཚོར་སྣང་དང་སྨོན་ཚིག་ནི་འདྲ་པོ་རེད། དེ་ལ་ཧང་སང་དགོས་དོན་མི་འདུག མི་སུམ་བཅུ་ལ་བསམ་པ་སུམ་བཅུ། གཡག་སུམ་བཅུ་རྭ་ཅོ་དྲུག་བཅུ།
ཀླུ་མཁར་བྱམས་རེད་མི་འདུག བླུན་འཁོན་ཅམ་རེད་འདུག
བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་པའི་སྐད་ཆ་ཚིག་
གཅིག་མེད་པར་མི་དགོས་ནང་ཁུལ་སྐྱོན་འཛུགས་ཀྱི་གཏམ་
སྙོགས་དེ་ཚོ་དྲ་སྟེང་ཉུང་ན་དགའ་མི་འདུག་གམ་།
ཁྲིམས་ལུགས་རིག་པའི་དབང་དུ་བྱས་ན། ཀླུ་མཁར་བྱམས་གཡག་རྐུན་མ་རེད། དངོས་ཡོད་དབང་དུ་བྱས་ན་ཆབ་སྲིད་བཙོན་པ་ཡིན་ས་རེད།
སི་རི་ཡ་དང་ཨེ་རག་ཡུལ་དུ་ཁ་ཆེ་དག་གིས་སྤུན་ཟླ་གསོད། །
ནུབ་གླིང་གསར་འགྱུར་འགོད་མཁན་མང་ཞིག་མགོ་བོ་གཅོད་པའི་བརྙན་འཕྲིན་སྟོན། །
ནང་འཁྲུགས་འཇིགས་པོ་གཅིག་ལས་གཅིག་ཐུ་ཞི་བདེའི་ཆེད་དུ་ཡིན་སྐད་སྒྲོགས། །
ཁྲག་ཙམ་ཡོད་མེད་ཁྱད་པར་མ་གཏོགས་སྨྱུ་གུའི་དམག་འདི་སྐྲག་སྤྱད་རེད། །
རྒྱ་གར་ཡུལ་འདི་ཞི་བདེར་དགའ་བས་མི་མང་ལག་ན་མཚོན་ཆ་མེད། །
རླུང་རྟ་བརྒྱུགས་པ་ཨེན་ཙམ་མ་གཏོགས་ད་ཚོད་ག་ཚོད་བསད་ཟིན་ཏམ། །
རིག་གནས་གསར་བརྗེའི་འཐབ་རྩོད་དྲག་པོ་ལིན་དགག་ཁུང་དགག་ལིག་ཧྲོ་ཆི། །
ཏིང་ཞོ་ཕིན་དང་ལིན་པེའོ་ལ་སོགས་དེང་སང་གསོན་པོར་དགག་རྒྱག་བྱེད། །
ངོ་དེབ་བསྔོགས་ན་དངངས་སྐྲག་སློང་བའི་ནང་འཁྲུག་དྲག་པོའི་དམག་བརྡ་གཏོང་། །
སྐད་འཕྲིན་ཉུལ་ན་ཕུ་ནུའི་དམར་འཛིང་གྲི་དང་སྟ་རེ་དགུང་ལ་འཕྱར། །
དྲ་ཚིགས་དག་ཏུ་ཁྱོད་ཤི་ང་གསོན་མདའ་མདུང་རལ་གྲི་ཞགས་པ་འཕེན། །
ཕྲེང་བ་བཟུང་ནས་མ་ཎི་འདོན་པའི་མི་རིགས་འདི་ལ་ཅི་ཞིག་བྱུང་། །
་་་་་་་་་ རྩོམ་ཡིག་འདིས་བསྟན་དོན་ནི་༸གོང་ས་མཆོག་ “དགུང་གྲངས་ ༡༡༣ ལ་བཞུགས་པ་ལས་དགེ་རྒན་ཆེན་མོ་ Elliot Sperlin དགུང་གྲངས་ ༡༡༣ ལ་བཞུགས་དགོས།” ཟེར་གྱིན་ཡོད། ་་་་་་་་་
ཀླུ་བྱམས་ཀྱི་སྐོར་ལ།
https://www.facebook.com/phuntsok.gyatso/posts/1240013982700280