ཡཱན་ཧོང་པེན།
པདྨ་ཆོས་སྒྲོན་གྱིས་བསྒྱུར།
ཕལ་བའི་མི་ཚོགས་ལས་དཔའ་བོའི་བྱུང་བ་མ་མཆིས་པའི་མི་རིགས་དེ་མི་འགྱངས་པར་ལོ་རྒྱུས་ཀྱི་མཐོང་ཡུལ་ནས་རྗེས་ལུས་ཀྱི་ཕྱོགས་སུ་བཞུད་འགྲོ དེ་བས་ལོ་རྒྱུས་ཀྱི་དོན་སྙིང་བཞེངས་བསྐྲུན་བྱེད་མཁན་གྱི་མི་རིགས་དེ་ལ་ད་གཟོད་རང་ཉིད་ལ་བདག་པའི་མི་རིགས་ཀྱི་དཔའ་བོ་འབྱུང་ངེས་ཡིན། ཀླུ་མཁར་བྱམས། ཁྲག་གི་འགྲོ་གྲོན་ཅན་གྱི་བོད་པ་ཚང་གི་ལས་དབང་སྨུག་པོས་ཁོ་རང་ལ་དཔའ་བོའི་རང་གཤིས་ཤིག་བཞེངས་འགོ་བརྩམས་ཀྱང་། དེ་ནི་ད་དུང་ཡོངས་སུ་མ་འགྲུབ་པའི་སྣང་བརྙན་གྱི་རྡོ་སྐུ་ཞིག་རེད་ཅེས་བཤད་ཆོག ཁོང་ལ་བཙན་བྱོལ་བོད་མིའི་ས་ཁུལ་ཆུང་ཆུང་དེར༼ཁ་གཏད་ཚོགས་པའི་ན་གཞོན་དབུ་འཁྲིད༽ཞེས་ཡོངས་སུ་གྲགས་པ་དང་མཉམ་དུ་རྒྱལ་སྤྱིའི་དོ་སྣང་བྱེད་སའི་ཡུལ་ཏུའང་གྱུར།
༼ཁ་གཏད་ཚོགས་པའི་ན་གཞོན་དབུ་འཁྲིད༽ནི་རྩོད་གླེང་ངེས་ཡོད་པའི་གོ་ཐོབ་ཞིག་རེད། ཡིན་ན་ཡང། ཅིན་ཧྲི་པེ་ལ་མཚོན་ན་ཀླུ་མཁར་བྱམས་ལ་དོ་སྣང་སླེབས་པའི་སྔོན་འགྲོ་ནི་ཁོང་གི་ཆབ་སྲིད་ལྟ་སྟངས་ཀྱི་ཁྱད་གཤིས་མ་ཡིན་པར། ཅིན་ཧྲི་པེ། རང་ཉིད་རྟོག་གེ་བ་ཞིག་ཡིན་པ་དང། དེའི་དབང་གིས་ཀླུ་མཁར་བྱམས་ནི་རང་སེམས་ཀྱི་སྙན་ངག་གི་ཚེ་སྲོག་འབུས་ཡུལ་ཞིག་དང་། རང་གི་དགའ་ཁ་འདྲེན་པའི་ཁྱད་འཕགས་སྒྱུ་རྩལ་གྱི་ཅ་དངོས་ཤིག་ཏུ་སྣང་ཞིང་། དེ་ནི་དགའ་ཁ་འཁྱེར་ས་སྤྱིར་བཏང་བ་ཞིག་མ་ཡིན་པར། རླུང་འཚུབ་ཁྲོད་དུ་གློག་ཞག་དམར་པོ་འཁྱུག་པ་བཞིན་ཤེད་ཤུགས་ཆེན་པོ་ཞིག་གོ
རྒོད་པོ་འཐུར་མེད་ཀྱི་ཉམས་སྣང་ལྡན་པའི་ཀླུ་མཁར་ནི། བྱང་མཐའི་འབྲིང་རྒོད་ཁེར་འགྲོ་ནང་བཞིན་ངར་རྒྱལ་གྱི་རྭ་རྩེ་དགུང་ལ་ཟུག་ཡོད། ཁོང་གི་སྟུག་ཅིང་དབྱུངས་པའི་སྐྲ་ལོ། ནག་ཅིང་ཟིང་བའི་ཨག་ཚོམ། དེ་ནི་དར་ལ་བབས་པའི་སེངྒེ་ཞིག་དང་མཚུངས་མོད། ཅིན་ཧྲི་པེ་ལ་མཚོན་ན། དེ་བས་ཀྱང་ཡིད་སྨོན་ཤོར་ས་ནི་ཀླུ་སྟངས་ན་ཚེ་སྲོག་གི་གསོན་ཉམས་དང་བདེན་སྐྱོང་དཔའ་བོའི་རང་གཤིས་མངོན་པ་དེའོ།
མ་གཞི་སྒྱུ་རྩལ་གྱི་དྭངས་ཁ་དང་། དཔའ་བོའི་གསོན་ཉམས་ནི་གདོད་ནས་གྲུབ་པའི་རང་གཤིས་ཁྱད་འཕགས་པ་ཞིག་ལས། སྦྱང་ན་ཤེས་རྒྱུ་ཡོད་པའི་རིགས་དངོས་ཤིག་གཏན་ནས་མིན། འདི་ལྟར་བརྗོད་ཆོག་ཏེ། སྙན་ངག་པ་དྭངས་མ་དང་དཔའ་བོ་ངོ་མ་ནི་དཀོན་མཆོག་གི་གནང་སྦྱིན་བྱས་པ་ཤ་སྟག་ལས་གཞན་གང་ཡང་མིན།
ཀླུ་མཁར་བྱམས་ནི་མདོ་དབུས་མཐོ་སྒང་གི་སྦྲ་ནག་ཁེར་འདུག་དེའི་ནང་སྐྱེས་ཤིང། ཆུང་དུས་ནས་སྤྲ་སྒོ་ཕྱེ་བའི་སྐད་ཅིག་མར་ཁོའི་མིག་མདུན་དུ་མངོན་པ་ནི་མུ་མཐའ་མེད་པའི་རང་བྱུང་ཁམས་ཆེན་མོ་སྟེ། རྩྭ་དང་རྩྭི་ཏོག མེ་ཏོག་གི་ཁེབས་པའི་དབྱར་ཁ། ཁ་བ་བུ་ཡུག་ལྡིང་བའི་དགུན་ཁ་སོགས་རེད། སླེས་རྭ་གོར་མོའི་ནང་གི་མ་མོ་དང་ལུ་གུ འབྲི་དང་མཛོ་མོ། རྟ་དང་རྟའུ། ད་དུང་སྒོ་ཁྱི་རྒྱ་སྟག་དང་མཉམ་དུ་འཚར་ལོངས་བྱུང་བའི་ཀླུ་མཁར་བྱམས་ཀྱིས། ཁོང་ཆུང་དུས་ཀྱི་གཏམ་རྒྱུད་ཅིག་འདི་ལྟར་བཤད་སོང་། དེ་དུས་ང་ལོ་ལྔ་དྲུག་ཅིག་ཡིན་རྒྱུ་རེད། ཉིན་ཞིག་ང་སྦྲ་སྒོ་ན་ཡོད། གློ་བུར་དུ་བྱེའུ་ཤིག་སྐྱ་ཁྲས་དེད་དེ་ངའི་མགོ་ཐོག་ལ་སླེབས་པ་དང་། ཕར་ཙམ་ནས་ཁྲ་དེས་བྱེའུ་སྡེར་འོག་ལ་བཟུང་ནས་བྱ་སྤུ་ལང་ལུང་འཐོར་ཞོར་ནམ་མཁར་ཁྱེར་ཐལ། དེ་མུར་ང་སྐྱ་ཁྲ་དེའི་སྟེང་ལ་ཁོང་ཁྲོ་མེ་ལྟར་འབར་བ་དང་། གཤོག་པ་ཅིག་ཡོད་ན་སྐྱ་ཁྲ་དེ་ཕུ་འདེད་མདའ་འདེད་ཀྱིས་བྱིའུ་སྐྱོབས་ངེས་མོད། མི་ལ་གཤོག་པ་མེད་སྟབས་བྱིའུ་སྐྱོབ་ཟེར་བ་ནི་འཁྲུལ་སྣང་རེད། སྤྱིར་ན་ཕོ་རྩལ་སྣ་དགུ་རྫོགས་པའི་ལུས་པོ་འདིའི་མཚོན་འདྲ། གང་ལྟར་འཇིག་རྟེན་གྱི་བྱ་དངོས་ཚང་མའི་ནུས་པ་ནི་ཚད་ཡོད་ཅིག་ལས་ཚད་མེད་ཅིག་མིན་པ་ནི་ཉིན་མོ་དེར་ང་ལ་ངེས་ཤེས་གསལ་བོ་སྐྱེས་ཞེས་བརྗོད། ངས་བལྟས་ན་བག་ཆགས་ཟབ་པའི་དོན་རྐྱེན་ཆུང་ཆུང་དེའི་ལྡོག་འཕྲོས་ཀྱི་ངོས་གཞན་ནམ། དེ་ནི་ཀླུ་མཁར་གྱི་རྒྱུད་ལ་ཆུང་དུས་ནས་བདེན་སྐྱོང་དཔའ་བོའི་སེམས་ཁམས་གྲུབ་པའི་སྔོན་འགྲོ་རེད་འདོད།
ཡང་ཀླུ་མཁར་བྱམས་ལོ་བཅུ་གཅིག་གི་ཁ་ལ་སོན་རུང་རེད། ལོ་དེར་ཕ་རྒན་གྱིས་ཁོ་ཚོ་བུ་སྤུན་རྣམས༼བྲག་དཀར་སྤྲེལ་རྫོང༽དགོན་པར་གནས་མཇལ་ལ་ཁྲིད་པ་དང་། ཉིན་ཞིག་ལམ་ཞོར་དུ་དགོན་པའི་གླིང་མཐའི་སྐོར་ལམ་ནང་རྡོ་འབུམ་ཆུང་ཆུང་འགའ་སྒྲིག་ནས་ཡོད་ས་དེར་ཁྲིད་ནས། ཕ་རྒན་གྱིས་རྡེའུ་འབུམ་དེ་ཚོ་༼༡༩༥༨ལོར༽དགོན་པ་རྒྱ་མིས་གཏོར་སྐབས་བླ་མ་དང་གྲྭ་བ་རྒན་པ་བཅུ་དྲུག་ཉི་མ་གཅིག་ལ་འདིར་ཁྲིད་ཡོང་ནས། རེ་རེ་བཞིན་མེ་མདའི་འབེན་ལ་བཞག་ཏེ་གྲོངས་པ་དང་། ཕྱིས་སུ་མི་རྣམས་ཀྱིས་ཤུལ་དེར་རྡོའུ་འབུམ་འདི་ཚོ་དྲན་རྟེན་གྱི་ཚུལ་དུ་སྤུངས་བ་རེད་ཅེས་གསང་སྟབས་ཀྱིས་བརྗོད། ད་དུང་ཕ་རྒན་གྱིས། རྡེའུ་འབུམ་ཆུང་ཆུང་དེ་ཚོའི་ཁྲོད་ཀྱི་གཅིག་ནི་ཁྱོད་ཚོའི་ཨ་ཞང་༼གཉེར་བ་རྒྱ་བོ༽བཀྲོངས་སའི་ཤུལ་ཡིན་པ་དང་། ཡང་དེ་དུས་མཚམས་པ་གསུམ་བཞི་ཞིག་རི་ཁྲོད་ནས་བཙན་གྱིས་ཁྲིད་ཡོང་ནས་འདིར་དམར་གསོད་གཏང་བ་རེད་ཞེས་མུ་མཐུད་འབྲེལ་བརྗོད་བྱས། སྐབས་དེར་ཀླུ་མཁར་བྱམས་ལ་མཚོན་ན་རྒྱ་དང་བོད་བར་གྱི་འགལ་ཟླ་དང་ལོ་རྒྱུས་ཀྱི་གནད་དོན་དག་མི་ཤེས་ཀྱང། གང་ལྟར་རྒྱ་དམར་གཞུང་གིས་རི་ཁྲོད་ཀྱི་མཚམས་པ་ཡན་ཆད་བསྡོད་མ་བཅུག་པར་དམར་གསོད་བཏང་བར་ཧང་སངས་ཞིང་། ཉིན་མོ་དེ་ནི་ཁོང་གིས་རྒྱ་དང་བོད་ཅེས་མི་རིགས་འདི་གཉིས་ལ་དབྱེ་མཚམས་བཅད་དེ་ཕ་མེས་ཀྱི་དགྲ་ཤ་ལེན་པའི་དམ་བཅའ་སྙིང་ལ་བཞགས་པའི་ཉིན་མོའང་ཡིན་ཟེར། དེ་ལྟར་ཆུང་དུས་ནས་ཁོང་ལ་འཕྲད་པའི་དོན་རྐྱེན་རིམ་པ་དང་། དཀའ་གནད་དེ་དག་གྲི་རྩེ་དང་དགྲ་རྟའི་ཁ་ནས་སེལ་དགོས་པའི་གནས་ལུགས་ཤིག་ཤེས་སུ་བཅུག་ཅིང་། དེ་ནི་རང་ཉིད་ཆེར་སོན་པ་དང་གདོང་གཏད་དགོས་པའི་འཆི་གསོན་གྱི་ཐག་གཅོད་ཅིག་དང་ལས་དབང་གི་འགན་འཁྲི་ཞིག་ཡིན་པའི་ངོས་ལེན་དང་། ངེས་ཤེས་སྐྱེས།
ཆེར་སོན་རྒྱུ་ནི་ཁྱུག་ཙམ་ཞིག་ཏེ། ལོ་བཅོ་བརྒྱད་ཀྱི་ཁ་ལ་སོན་མ་ཐག་གི་ཀླུ་མཁར་བྱམས་ཐེངས་དང་བོར་བརྗིད་ཆགས་ཀྱི་རི་བོ་ ཧི་མ་ལ་ཡའི་བརྒལ་དོན། ཁོང་གིས་མིའི་ཁ་ནས་རི་བོ་དེའི་ཕ་རོལ་དེ། རྒྱ་གར་ན་བོད་ལ་དམག་གི་སྡེ་ཤོག་ཤིག་ཡོད་རབས་གོ་ཐུས་བྱུང་འཕྲལ། རང་ཉིད་འཐབ་མོ་བ་ཞིག་བྱ་ཆེད་དམག་ཁུངས་དེར་ཞུགས་ཆེད་ཡོང་བ་ཡིན་ཟེར། ཡང་ཁོང་གིས་ཅིན་ཧྲིན་པེ་ལ། བོད་མི་རིགས་ནི་ལྷན་སྐྱེས་ནས་དགྲ་ལ་འཐབ་རྒྱུར་དགའ་བའི་མི་རིགས་ཤིག་དང་། འཐབ་སྟངས་ཀྱང་ཁེར་ཐུག་དང་ཁེར་རྒྱག་བྱེད་པ་ལས། ཁྱི་རུབ་བརྒྱབས་ནས་རྨུག་རེས་བྱེད་མཁན་ཞིག་མིན་ཞེས་རང་རློམ་དང་། གདེང་སྤོབས་ཀྱིས་བརྗོད།
ཁོས་བཤད་སྟངས་ལྟར། གནའ་བོའི་དཔའ་བོའི་འཐབ་སྟངས་ཏེ། གདོང་དང་གདོང་གཏད་ནས་ལག་སུ་སྔ་མི་བྱེད་པར་ཕན་ཚུན་གཅིག་གིས་གཅིག་ལ་གྲི་བཤེར་རེ་རེ་དང། ཅིག་ཤོས་ས་རུ་འགྱེལ་ནས་ཤི་རག་བར་དུ་གྲི་གྲངས་སྙོམས་པར་བྱེད་སྲོལ་ཡོད་ཅིང་། ཤི་ཁར་ཡང་ངོ་གདོང་འཛུམ་གྱིས་ཁེངས་བ་བཞིན། བོད་ཀྱི་དཔའ་བོའི་འཐབ་སྟངས་ཀྱང་དེ་ག་རང་ཡིན་པ་འདྲ།
ན་གཞོན་ཀླུ་མཁར་བྱམས་འཐབ་མོ་བ་ཞིག་བྱེད་འདུན་གྱི་རྨི་ལམ་ཅུང་མ་འགོར་པར་སྟོང་ཟད་དུ་སོང་། ཁོང་རྒྱ་གར་དུ་འབྱོར་བ་དང་གཞི་ནས་བོད་དམག་སྡེ་ཤོག་དེ་རྒྱ་གར་གྱི་སྟངས་འཛིན་འོག་གནས་འདུག་པ་ཧ་གོ་བས་ན། ཀླུ་དམག་ཁུངས་དེར་ཞུགས་ནས་འཐབ་མོ་བ་བྱེད་སེམས་ཀྱི་འདུན་རྩ་ཡལ་དུ་གྱུར། དེ་བས་ཁོང་སླར་ཡང་ཧི་མ་ལ་ཡའི་རི་ཚོགས་གོམ་གྱིས་འཇལ་ནས་ཕྱིར་རང་ཡུལ་ཏུ་ལོག དེ་ནི་ཁོའི་ངོས་ནས་རྒྱ་གར་ནང་གི་བོད་དམག་གི་སྡེ་ཤོག་དེར་འཕྱ་དམོད་དང་ཡིད་ཆད་ཀྱི་རྣམ་པ་ཞིག་མཚོན་ཆེད་ཀྱང་ཡིན་སྲིད།
བོད་དུ་ལོག་རྗེས། ཁོས་འཆར་གཞི་དང་ལྡན་པའི་སྒོ་ནས་རང་བཙན་འཐབ་རྩོད་བྱས་ཀྱང་། ཅུང་མ་འགོར་བར་གསང་བ་གྱར་ནས་ཁོ་དང་། ཁོང་གི་འཐབ་གྲོགས་རྣམས་རེ་རེ་བཞིན་འཛིན་བཟུང་བྱས། བཙོན་རའི་དཀའ་སྡུག་འོག་ཁོང་ལ་རྒྱུ་འགག་གི་ནད་ཚ་བྱུང་ཞིང་། མཐར་ནང་མི་ཚོས་སྨན་བཅོས་ཁག་ཐེག་འོག་ནང་ལ་ལེན་ཐུབ་ཙམ་བྱུང་། ནང་ནས་ལོ་གཉིས་ཙམ་ལ་སྨན་བཅོས་བྱས་པར་བརྟེན་གཟུགས་མགོར་ལྕོགས་མཚམས། ཁོང་སླར་ཡང་རྒྱ་གར་ལ་འབྲོ་རྒྱུའི་སེམས་ཐག་བཅད་ནས། ཧི་མ་ལ་ཡ་བརྒལ་ཐེངས་གསུམ་པའི་དཀའ་སྡུག་ཐོད་ཀྱིས་བསུས། རྒྱ་གར་ལ་འབྱོར་མཚམས་ནད་རྙིང་གཤགས་བཅོས་བྱེད་དགོས་ཐུག་པ་དང་། ནད་མནར་གྱི་དུས་ཡུན་རིང་དྲགས་པས་ཕོ་གཞོན་ཁོང་གི་ལུས་ཟུངས་ཟད་དེ་མཐར་རྒྱ་གར་ཡུལ་མིའི་ཁྲག་གི་ཞལ་འདེབས་བླུགས་ནས་མགོ་བོ་འགྱོག་ཐུབ་པ་བྱུང་།
ཅིན་ཧྲི་པེ་ལ་ཀླུ་མཁར་བྱམས་ཀྱི་མི་ཚེ་བྱུང་བ་བརྗོད་པའི་སྐབས་ཤིག་ལ། ཁོས་གློ་བུར་དུ་ཅི་ཞིག་དྲན་པ་ནང་བཞིན་རྣག་སྣུམ་ཀྱི་སྐྲ་ལོར་བསིག་འགུལ་བྱེད་ཞོར། ལས་དབང་གིས་ངའི་ཚེ་སྲོག་འདི་དུམ་བུ་གཉིས་སུ་བཅད་པ་རེད། དེ་བས་ངའི་ལུས་སྟེང་ན་བཞུར་བའི་ཟུངས་ཁྲག་ཆོས་རྒྱལ་མྱ་ངན་མེད་ཀྱི་ཟུངས་ཁྲག་ཡིན་པས། ང་ལ་རིགས་རྒྱུད་དེའི་རྣམ་དཔྱོད་དང་ཤེས་རབ་ཐོབ་ཡོད་ཞེས་ཁ་ཕོ་འཐེན་ཆོག ཡིན་ནའང་། ངའི་རུས་པ་བཟང་ན་ངན་ན་སྲོང་བཙན་སྒམ་པོའི་གདུང་རྒྱུད་ཡིན་ཕྱིར། མིའི་ཟུངས་ཁྲག་བརྗེས་ཀྱང་རུས་རྐང་བརྗེ་རྒྱུ་མེད་ལ། བརྗེའང་མི་རུང་ཟེར།
དེ་རྗེས་བོད་གཞུང་ཉམས་ཞིབ་ཀྱི་ལས་གཉེར་གནང་བའི་ཀླུ་མཁར་བྱམས་ལ། ལས་ཀའི་བརྒྱུད་རིམ་ཁྲོད་གོང་རིམ་ནས་ཁོང་གི་རང་རྐྱ་འཕེར་བའི་དཔྱད་ཞིབ་ཀྱི་གྲུབ་དོན་ལ་བསམ་འཆར་ཡང་ཡང་བྱུང་། མཐར་ཁོང་ལ་གཞུང་གི་སྒྲིག་ཁུངས་ནས་འདུག་ཕྱིན་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་མི་ཆོག་པར་ཁ་བཙུམ་དགོས་ཤིང་། དེ་མིན་ན་སྒྲིག་ཁུངས་ནས་འབུད་དགོས་ལུགས་སོགས་འདེམས་ཁ་དགོས་པའི་ཉེན་བརྡ་བཏང་། ང་རྒྱལ་དང་། ལ་རྒྱའི་བསྡོས་པའི་ཀླུ་བྱམས་ཀྱིས་སྒྲིག་ཁུངས་ནས་ཐོན་རྒྱུ་དེ་རང་འདེམས་རྒྱུ་ཡིན་པ་བཤད་ག་ལ་དགོས། ཁོང་ལ་མཚོན་ན། སྒྲིག་འཛུགས་དང་ཁ་བྲལ་བ་ནི་རི་དྭགས་རྙི་ལས་ཐར་བ་དང་གཅིག་མཚུངས་ཆགས། ཀླུ་མཁར་བྱམས་ཀྱིས་ཡངས་པའི་རྩྭ་ཐང་དུ་རང་དབང་གིས་བགྲོད་འགོ་བཙུགས་ཏེ་ཅུང་མ་འགོར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ཁྲོད་ནས། ཁོས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཐད་འཆད་འཁྲིད་གནང་འགོ་བརྩམས་ཤིང་། དྲང་ཚུགས་ལྡན་པ་དང་། བསམ་བློ་ཁྱད་པར་བ་དེའི་དབང་གིས་ཁོའི་སྐད་གྲགས་རིམ་ཀྱིས་ཁྱབ་ནས། དེང་སྐབས་ཁོང་ལ་ན་གཞོན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཅེས་མིང་བྱང་རྩོད་གཞི་ཅན་ཞིག་ཐོབ་ཡོད་ཁར། ད་ལོ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཏུ་འདེམས་འདུག ཀླུ་མཁར་བྱམས་གཞུང་གི་ལས་གནས་ནས་ཐོན་རྗེས་ཀྱི་གྲུབ་འབྲས་ལས་ཤེས་ཐུབ་པ་ནི། བོད་མི་རིགས་འདི་དཔའ་བོའི་རང་རྣམ་ལ་དད་མོས་ཟབ་བའི་རིགས་རྒྱུད་ཚོ་ཁག་ཅིག་ཡིན་པ་དང། མི་རིགས་དེར་ལས་དབང་གི་ཉམས་རྒུད་ལས་གྲོལ་པའི་སྙིང་རུས་ལྡན་པ་མཐོང་ཐུབ་པ་དེའོ།། མུ་འགོད་༌༌༌༌
དྨ་ཆོས་སྒྲོན་ལགས་ཀྱིས་ཡག་པོ་ཞེ་དྲག་བསྒྱུར་འདུག ཐུགས་རྗེ་ཆེ་་་་་་་་་་་་དེ་དང་མཉམ་དུ་དེང་གི་བོད་པ་ན་གཞོན་ཚོའི་ཚབ་མཚོན་མི་སྣ་སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་ཀྱང་རང་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་ཡག་པོ་གནང་འདུག འདི་ལ་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་་་་་་འདིའི་མ་ཡིག་རྒྱ་ཡིག་རེད་དམ་དབྱིན་ཡིག་རེད། འདི་ལ་ལན་ཞིག་འཇོག་རོགས་་་་་་
རྩོམ་པ་པོ་འདིས་ཀླུ་མཁར་བྱམས་བྲིས་པ་ཧ་ཅང་གཟབ་ནན་རེད། བུ་མོ་འདིས་ཀླུ་མཁར་བྱམས་བོད་ཡིག་ནང་འཁྱེར་ཡོང་པའང་ཧ་ཅང་ཡག་པོ་རེད།
རྩོམ་ཡིག་འདི་རང་ག་བ་ཞིག་མིན་ཁོ་ཐག་རེད།
དགེ་འདུན་རབ་གསལ་དང་། ཁང་གསར་རྡོ་རྗེ། དཔའ་ཆེན་དོན་གྲུབ་གསུམ་གྱིས་ཀླུ་མཁར་བྱམས་གླེང་ན་དོན་སྙིང་གཞན་ཞིག་གམ་བོད་ པའི་སྤྱི་ཚོགས་ནང་ཀླུ་མཁར་བྱམས་ཧ་ཅང་གསལ་བོ་ཆགས་ཀྱི་རེད་བསམ།
འདི་རིང་བསྒྱུར་རྩོམ་མ་བཀླགས་གོང་ནས་ཞུ་འདོད་པ་ནི། ཀླུ་མཁར་བྱམས་ཟེར་བའི་མི་དེ་བཀྲ་ཤིས་པ་ཅིག་མ་རེད་ཅེས་བརྗོད་འདོད་བྱུང་། རྗེས་སུ་མཇལ་ཡོང་།
ཀརྡོ་རབ་འབྱམས་པ་ལགས་མི་ལ་བཀྲ་ཤིས་མ་ཤིས་ཀྱི་སྐད་ཆ་ཡོད་པ་མ་རེད། ལྷག་པར་ཏུ་བོད་པ་རྣམས་ལ་ཡོད་པ་མ་རེད། གཙོ་བོ་སོ་སོའི་ལས་དོན་ཟེར་ན་སྒེར་དོན་ལ་ཕན་ན་བཀྲ་ཤིས་པ་རེད། མ་ཕན་ན་བཀྲ་མ་ཤིས་པ་རེད། རྨང་དེད་ན་བཀྲ་ཤིས་མ་ཤིས་ཟེར་ན་ཨ་ཡེ་རྒན་མོའི་ངོ་བསྟོད་ཀྱི་ཟོ་འདྲ་བོ་ཞིག་རེད། དཔེ་ཆ་བཞག་ན་ཟིན་བྲིས་འདིས་གཤམ་དུ་ཁྱོད་རང་བཀྲ་མ་ཤིས་པ་ཆགས་སྲིད་པ་ལྟ་བུ་རེད། ཡང་གོ་ནོར་མ་ཐེབས་རོགས། ངས་ཁྱོད་བཀྲ་མ་ཤིས་པ་རེད་ཟེར་གྱི་མེད་ལོ།
དངོས་གནས་ཡག་པོ་ཞིག་བྲིས་འདུག་ལ། ཞི་མོ་དེས་བསྒྱུར་བ་ཧ་ཅང་བཟང་གི འདི་ནི་རིན་ཐང་ཅན་གྱི་རྩོམ་ཡིག་ཅིག་རེད་བསམ། དེའི་ཕྱིར་འདི་ལ་གདེང་འཇོག་བྱེད་ན་འདོད།
པདྨ་ལགས་ཀྱི་སྒྱུར་རྩོམ་མཐོང་བ་འདི་དང་པོ་ཡིན།
ཡག་པོ་འདུག མུ་མཐུད་དུ་ཡིན་ད་་་
དྲ་གྲོགས་བཀྲ་ཤིས་སྒྲོལ་མ་ལགས་ཕེབས་པར་དགའ་ཡོད།།
འགྱུར་འདིའི་མ་དཔེ་རྒྱ་ཡིག་རེད།
གོང་བཀོད་ཀྱི་ཚན་པ་ནི་དེབ་དེའི་ནང་གི་ཆ་ཤས་གཅིག་དང་དེ་མིན་གཞན་གྱི་ལེའུ་ཚན་དུ་འུ་ཚང་བཙན་བྱོལ་གཞུང་དམངས་གཉིས་གསལ་ཡོད་གི།ངས་མུ་མཐུད་བསྒྱུར་ཐུབ་བྱེད་ཀྱིན་ཡོད།
གཅན་བཟོད་རྒྱམ་ལགས་ཀྱིས་དོ་སྣང་བྱས་པར་ཐུགས་རྗེ་ཆེ།
འདྲེན་བཀོད་བྱེད་རྐྱང་གནང་རོགས།
ད་མིན་དེབ་འདིའི་རྩོམ་པ་པོས་བོད་ཡིག་ཏུ་ཕབས་བསྒྱུར་བྱེད་བསྐུལ་གནང་བ་བཞིན།།གུས་མོས་གང་མགྱོགས་བསྒྱུར་ཐབས་་བྱེད་ནས་ཀློག་པ་པོ་ཚོའི་སྦྱན་ལམ་དུ་འབུལ་བརྕིས་ཡོད།
བཅོས་སྒྲུང་དང་དངོས་ སྒྲུང་བསྲེས་ནས་ཆབ་སྲིད་དོན་གནས་ཤོད་པ་ནི། འབྲི་མཁན་སྨྱོན་པ་མིན་ན་ཡང་། ཀློག་མཁན་མགོ་རྙོག་གཏོང་མཁན་ཉེན་ཁ་ཅན་ཞིག་ཀྱང་ཡིན་པ་དེ། ཚང་མས་གཟབ་ནན་བྱ་མི་དགོས་སམ།
བཀྲ་མི་སྟངས་དེནི། ཀླུ་མཁར་བྱམས་ཟེར་བའི་མི་དེ་ནི། ༸རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་ཅིག་དང་། ད་ལྟའི་གནས་ཚུལ་འདིས། བོད་རྒྱའི་དམ་ཚིག་ལ་གནོད་སྐྱོན་མི་ཐེབས་པའི་ངེས་པ་མི་འདུག་པས་་་
བཀྲ་”མི”ཤིས་སྟངས་ལ་བཅོས།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com