མིག་བརྒྱད་པ།
ཐ་སྙད་ཚད་གྲུབ་འདོད་མིན་དང་དབུ་མ་བ་ལ་ཁས་ལེན་ཡོད་མེད་ཀྱི་གཏམ་འདི་མཁས་དབང་དགེ་འདུན་ཆོས་འཕེལ་ཁོ་ནས་བཤད་པ་ཞིག་མིན་པར། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་དབུ་མ་རྩ་ཤེས་སོགས་ཐོག་མར་བོད་སྐད་ཐོག་བསྒྱུར་པ་ནས་བཟུང་དབུ་མའི་གཞུང་ལ་འཆད་ཉན་གྱི་སྲོལ་ཚུགས་ཤིང་། བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་པས་རྒྱ་གར་ཁ་ཆེའི་ཡུལ་དུ་ཕེབས་ནས་པཎ་ཊི་ཏ་ཛ་ཡ་ཨནྣཏ་གཙོ་བོར་གྱུར་པའི་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ལོ་ཉི་ཤུ་རྩ་གསུམ་རིང་སློབ་གཉེར་ལེགས་པར་མཛད་དེ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་སོགས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་ཅིང་། དབུ་མ་འཇུག་པའི་བཤད་པ་བམ་པོ་བཅུ་གཅིག་པ་སོགས་རྒྱ་ཆེར་མཛད་པ་ལ་བརྟེན་ནས་དབུ་མའི་འཆད་ཉན་གྱི་སྲོལ་ལེགས་པར་ཚུགས་ཏེ་སློབ་མ་བུ་ཆེན་བཞི་སོགས་མང་དུ་བྱོན། སློབ་བརྒྱུད་དེ་དག་ལས་མཆེད་པ་ལ་ཐལ་འགྱུར་བའི་ལུགས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པ་དང་པ་ཚབ་ཀྱི་སློབ་མ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་ཕྱྭ་བ་ཆོས་ཀྱི་སེངྒའི་ཞབས་ལ་གཏུགས་ནས་དབུ་ཚད་ཀྱི་གཞུང་ལ་ཆེད་དུ་སྦྱངས་ནས་དེ་དག་ལ་ནང་བྱན་ཆུད་པར་གྱུར། དབུ་མ་ལ་བརྟེན་ནས་སློབ་མ་མང་དུ་བསྐྱངས་པ་ལས་མཆེད་པའི་སློབ་བརྒྱུད་ལ་བུ་སྟོན་རིན་ཆེན་གྲུབ་དང་རེད་མདའ་བ་གཞོན་ནུ་བློ་གྲོས། ཡར་འབྲོག་པ་རིན་ཆེན་ཆེན་ཏོག །རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་སོགས་བྱོན། ཞང་ཐང་ཟག་པ་ཡེ་ཤེས་འབྱུང་གནས་ཀྱིས་པ་ཚབ་ཉི་མ་གྲགས་པའི་ཞབས་ལ་གཏུགས་ཤིང་དབུ་མ་ལ་མཁས་པར་སྦྱངས་ནས་དབུ་མ་འཇུག་པའི་ཊཱིཀྐ་དང་རིགས་པ་དྲུག་ཅུ་པའི་ཊཱིཀྐ །དབུ་མ་བཞི་བརྒྱ་པའི་ཊཱིཀྐ། དབུ་མ་རིན་ཆེན་ཕྲེང་པའི་ཊཱིཀྐ་སོགས་མཛད་དེ་དབུ་མའི་འཆད་ཉན་གྱི་ཁྲིད་རྒྱུན་ལེགས་པར་བསྐྱངས་པ་ལས་མཆེད་པའི་སློབ་བརྒྱུད་ལ་རོང་སྟོན་ཤེས་བྱ་ཀུན་ཁྱབ་དང་སྟག་ལོ་ཤེས་རབ་རིན་ཆེན་ཆེན། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། གཽ་རམས་བསོད་ནམས་སེངྒེ་སོགས་བྱོན། མདོར་ན་ས་དགེ་དཀའ་རྙིང་རིས་སུ་མ་མཆིས་པའི་སྔོན་བྱོན་མཁས་པ་དེ་དག་གིས་ཟབ་མོ་དབུ་མའི་ལུགས་བཟང་དགག་བཞག་སྤོང་གསུམ་གྱི་སྒོ་ནས་གངས་ཅན་ལྗོངས་འདིར་དར་སྤེལ་མཛད་ཅིང་། ལྷག་པར་ལྟ་བ་ཀླུ་སྒྲུབ་ལ་ཁུངས་བཅོལ་བར་མཛད་ཀྱང་མང་པོ་ཞིག་ནི་པཎ་ཊི་ཏ་ཛ་ཡ་ཨནྣཏའི་རྗེས་སུ་འབྲངས་ཏེ་རྟགས་ཁྱབ་སོགས་གཞན་ངོ་ཁས་ལེན་ཙམ་ལས་རང་ལུགས་ལ་ཁས་ལེན་མེད་ཟེར་བ་སོགས་ལམ་རིམ་ཆེན་མོ་ན་གསལ་བ་དེ་ག་རང་རེད། དེའི་ཕྱིར་སྟོང་བ་ཉིད་ནི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དང་། འདི་ལ་ཐེ་ཚོམ་ཟོས་བ་ཙམ་གྱིས་ཀྱང་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས། ། རྗེ་ཙོང་ཁ་བས་འཇམ་པའི་དབྱངས་ལ་ཟབ་མོ་དབུ་མའི་ལྟ་བ་རྙེད་པའི་ཕྱིར་ཡང་ཡང་གསོལ་འདེབས་པའི་སྐབས་ཤིག་ན། ཤེས་རབ་སྙིང་པོར། གཟུགས་སྟོང་པའོ།།ཞེས་སོགས་ཀྱི་སྟོང་ཉིད་བཞི་སྐོར་གྱི་དོན་ལ་ཐུགས་གཏད་པས། བོད་སྔ་རབས་ཀྱི་ལྟ་བ་ཅི་ཡང་ཡིད་ལ་བཟུང་དུ་མེད་པ་དེ་ཀ་ཐུགས་ལ་བདེ་བ་འདྲ་བ་ཞིག་བྱུང་སྟེ། ཐུགས་དེ་ཀའི་མུ་ལ་ཏིང་ངེ་འཛིན་དུ་སོང་ནས། ཚོགས་གྲོལ་ཚེ་གཞན་རྣམས་ཀྱིས་སློང་དགོས་པ་བྱུང་ནས། འཇམ་པའི་དབྱངས་ལ་ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བར་འདུག་ཅེས་ཞུས་པས་གང་ཡང་མིན་གསུངས། འོ་ན་ཅི་འདྲ་ཞིག་བྱེད་དགོས་ཞུས་པས་ཐེག་པ་ཆེན་པོའི་གཞུང་ལ་ལྟ་རྟོག་གྱིས། དེའི་ནང་ནས་ཀླུ་སྒྲུབ་ཁོ་ན་ཐེག་ཆེན་གྱི་བསྟན་པ་འདི་ལ་དབང་དུ་གྱུར་པ། ཚད་མར་གྱུར་བ་ཡིན་པས་དེའི་གཞུང་རྣམས་དང་། ཟླ་བ་གྲགས་པ་འདི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པའི་ཞིང་གཅིག་ནས་ཀླུ་སྒྲུབ་ཀྱི་བསྟན་པ་འཛིན་པའི་ཕྱིར་སྐྱེ་བ་བཞེས་པ་ཡིན་པས། དེའི་གཞུང་ལ་དཔྱད་པ་ཞིབ་ཏུ་གྱིས་གསུངས། དེའི་ཕྱིར་རྗེའི་གསེར་ཕྲེང་སྔ་རྩོམ་ཡིན་པས་བོད་སྔ་རབས་པའི་ལྟ་བ་གཙོ་བོར་བཟུང་ཡོད་པར་དགེ་ལྡན་པའི་མཁས་གྲུབ་འགས་གསུངས། རྗེ་ཙོང་ཁ་བས་དེ་ལྟར་མཛད་ཀྱང་ལྟ་བ་མ་དགོངས་ནས། ད་ཅིས་ཀྱང་མངའ་བདག་མེ་ཏྲི་པ་དང་། སློབ་དཔོན་ཀླུ་བྱང་ཆུབ་སོགས་ད་ལྟ་རྒྱ་གར་ན་བཞུགས་ཡོད་པས་དེ་དག་གི་དྲུང་དུ་གཏུགས་ཏེ་ལྟ་བ་རྙེད་པ་ཞིག་མ་བྱས་པའི་ཐབས་མི་འདུག་དགོངས་ནས། ལྷོ་གྲོ་བོ་ལུང་དུ་ཕེབས་ཏེ་ལྷོ་བྲག་ནམ་མཁའ་་རྒྱལ་མཚན་ལ་ལམ་རིམ་གསན། དེའི་སྐབས་སུ་ལྷོ་བྲག་གྲུབ་ཆེན་གྱིས་ཕྱག་རྡོར་ལ་བློ་བཟང་གྲགས་པ་འདི་རྒྱ་གར་དུ་འགྲོ་བ་ངས་འགོག་མི་ནུས་པར་འདུག་པས་ཅི་བྱེད་ན་དགའ་ཞུས་པ་ལ་ཕྱག་རྡོར་གྱིས་ཁོང་རྒྱ་གར་ལ་ཕེབས་ན་རྡོ་རྗེ་གདན་གྱི་མཁན་པོ་ཡོང་ཞིང་། རྒྱ་གར་ལ་ཉི་མ་ཤར་བ་འདྲ་བ་འོང་། འོན་ཀྱང་སླར་འཁོར་མི་ནུས་པས་བོད་ཁམས་མུན་པའི་གླིང་དུ་འགྲོ །ལྟ་བའང་ཐུགས་དེ་ཙམ་གནང་མི་དགོས་མྱུར་དུ་རྟོགས་འོང་གསུངས་པ་ཁོང་གིས་རྗེ་ལ་ལན་བསྐྱར། དེའི་ཚེ་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ལ་བདག་གཅིག་པུར་བསྒོམ་པ་དགའམ། འཁོར་རྣམས་ཁྲིད་པ་དགའ་ཞུས་པར་གཞན་རྣམས་ཞོག་ལ། འཁོར་དག་པ་རྣམ་བརྒྱད་ཁྲིད་གསུངས་པ་ལྟར་འོལ་ཁ་ཆོས་ལུང་དུ་བྱོན་ནས་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་གཅིག་བྱས་པའི་ཐུན་བཞི་ཆག་མེད་མཛད་ཅིང་ཕྱག་འབུམ་སོ་ལྔ་འཚལ། རྡོ་ཡི་མཎྡལ་མཛད། འཚོ་བའང་ཤུག་པའི་འབྲུ་མ་གཏོགས་རྩམ་པ་གཏན་མི་བཞེས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་ནན་གྱིས་གསོལ་ནས་ཅུང་ཟད་བཞེས་ནས་ཉིན་མཚན་མེད་པར་དཀའ་སྤྱད་མཛད། ཉིན་གཅིག་གི་མནལ་ལམ་དུ་སངས་རྒྱས་བསྐྱངས་ཡིན་ཟེར་བའི་བཙུན་པ་སྔོ་སེང་ངེ་བ་ཞིག་གིས་གླེགས་བམ་སྔོན་པོ་ཞིག་དབུ་ཐོག་ཏུ་བཞག་ནས་ལན་གསུམ་བྱིན་རླབ་བྱེད་པ་བྱུང་བས། དེའི་ཕྱི་ཉིན་རྒྱུས་མེད་པའི་གླ་བ་ཞིག་གིས་བུདྷ་པཱ་ལི་ཏི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བས། དེའི་ནང་གི་རབ་བྱེད་བཅོ་བརྒྱད་པ་དང་དུས་བརྟགས་པའི་ཐད་ལ་ཞིབ་དཔྱོད་མཛད་པ་ན་བཏགས་ཡོད་མིང་རྐྱང་ཙམ་དང་། དེ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་འགལ་མེད་དུ་འཇོག་ཚུལ་ཐུགས་སུ་ཆུད་དེ་རྒྱལ་བ་ལ་ཤེས་ནས་དད་པ་ཐོབ་པས། བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བ་འདི་མཛད་པ་ཡིན། བོད་སྔ་རབས་པའི་ལྟ་བའི་བཤད་སྲོལ་དེ་ལ་དགག་བྱ་ཁྱབ་ཆེའི་སྐྱོན་དུ་གཟིགས་ཏེ་རྩ་འཇུག་གི་རྣམ་བཤད་གཉིས་དང་དྲང་ངེས་ལེས་བཤད་སྙིང་པོ། ལྷག་མཐོང་ཆེ་ཆུང་གཉིས་ཏེ་ལྟ་བའི་ལེགས་བཤད་ལྔ་མཛད་དེ་བོད་རང་གི་ལྟ་བའི་བཤད་སྲོལ་དང་མ་མཐུན་པས་དེ་ལ་བརྟེན་ནས་བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་པར་བྱུང་བ་དེ་འདྲ་རེད། སྔ་རབས་པའི་ལུགས་འཛིན་སྟག་ལོ་ནས་གྲུབ་མཐའ་ཀུན་ཤེས་ལས། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ།།རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ།།འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད།།ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་མེད་འགལ།།ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ།།རྗེས་དཔག་ཡོད་དང་སྒྲུབ་ངག་མེད་པ་འགལ།།མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ།།ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ།།རིགས་དྲུག་ཚད་མ་རྡོས་བཅས་ཚད་གྲུབ་འགལ།།སོགས་ རྗེའི་ལྟ་བ་ལ་འགལ་ཁུར་བཅོ་བརྒྱད་ཕུལ་བ་ལ། དེ་ལའང་རྗེའི་སློབ་བརྒྱུད་སེ་ར་རྗེ་བཙུན་པ་དང་འཇམ་དབྱངས་དགའ་བློ། འཇམ་དབྱངས་བཞད་པ་སོགས་ཀྱིས་རྗེའི་ལྟ་བ་འཐད་ལྡན་དུ་སྒྲུབ་པའི་སྒོ་ནས་གཞན་ལུགས་མ་རྟོགས་ལོག་རྟོག་གི་སྐྱོན་གྱི་ཕུང་པོར་བཏང་ཡོད། པཎ་ཆེན་ཤཱཀྱ་མཆོག་ལྡན་ནས་དབུ་མ་ལ་འཇུག་པའི་དཀའ་བའི་གནས་འགའ་ཞིག་རྣམ་པར་བཤད་པ་ཀུ་མུད་ཕྲེང་མཛེས་ཞེས་པ་ལས། ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཚད་མར་བཤད་པ་ཇི་སྙེད་པ་དེ་དག་དབུ་མ་པ་རང་གི་ལུགས་འཇོག་པ་ན་ཚད་མར་ཁས་བླང་དུ་མི་རུང་སྟེ། གལ་ཏེ་རུང་ན་རང་ལུགས་ཀྱི་ཚད་མས་གྲུབ་པའི་དོན་ལ་ཚད་མ་གོ་ཆོད་པོ་གཞན་གྱིས་གནོད་པར་ཐལ་བའི་ཕྱིར་རོ།ཇི་སྐད་དུ།རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད།།ཅེས་གསུངས་སོ་ཞེས་དབུ་མ་པ་རང་གི་ལུགས་ལ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལྟ་ཞོག་རྣལ་འབྱོར་པའི་ཀུན་རྫོབ་ཙམ་ཡང་ཁས་ལེན་པ་མ་ཡིན་ཏེ།སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་ཕྱིར་ཞེས་ཐལ་འགྱུར་བའི་ལུགས་ལ་ཐ་སྙད་ཚད་གྲུབ་མི་བཞེད་པ་དང་། འཇུ་མི་ཕམ་པའི་ངེས་ཤེས་སྒྲོན་མེར། ཀ་བ་ཀ་བས་མི་སྟོང་དང་།།ཆོས་ཉིད་ཀ་བས་སྟོང་ངོ་ཞེས།།སྟོང་གཞི་བཞག་ནས་གཞན་སྟོང་པ།།ཚིག་དང་དོན་གྱི་གཞན་སྟོང་གཉིས།། ཞེས་ཆོས་ཅན་ཀ་བ་མི་སྟོང་པར་ཆོས་ཉིད་ཀ་བའི་བདེན་གྲུབ་ཀྱིས་སྟོང་པ་ཞེས་པ་ནི་ཚིག་དང་དོན་གྱི་གཞན་སྟོང་དུ་གྱུར་འདུག་ཅེས་ཐ་སྙད་ཚད་གྲུབ་བཞེད་པ་ལ་སྐྱོན་བརྗོད་བྱས་ཡོད་ཅེས་ཁ་ཅིག་ཟེར་མོད། དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་ཏེ་འགོག་པ་འདི་རང་རྒྱུད་ཤར་གསུམ་གྱི་སློབ་དཔོན་མཁས་པ་རྣམས་ཀྱི་ལུགས་ཡིན་པས་ཐལ་འགྱུར་པའི་ལུགས་ལ་ཆོས་ཐམས་ཅད་འགོག་དགོས་པའི་དོན་ཨེ་ཡིན། ཀླུ་སྒྲུབ་དགོངས་རྒྱན་ལས། སྤྱིར་ཚད་མས་གྲུབ་པ་བྱ་བ་འདི་ཀུན་ཀུན་རྫོབ་ཀྱི་སྣང་བ་རགས་པ་རྣམས་ཕྲ་ཞིང་ཞིབ་ཏུ་བཏང་བའི་དགོས་པ་རྒྱ་ཆེན་པོ་འདིའི་ཆེད་དུ་མཁས་པ་རྣམས་ཀྱིས་ཚུལ་གསུམ་གྱི་རིགས་པས་གྲུབ་པ་བྱ་བ་དང་དོན་གཅིག་ཅིང་། དོན་ལ་ཀུན་བཏགས་ཀྱི་མ་རིག་པའི་ཡུལ་གྱི་ཁྱད་པར་འགའ་ཞིག་དགོས་པ་རྒྱ་ཆེན་པོའི་དོན་དུ་མཁས་པ་རྣམས་ཀྱི་རྟོག་གེའི་རིགས་པས་ཆེས་གསལ་དུ་བཏང་བ་ཞིག་འདུག་ལ། སྤྱིར་ཚད་གྲུབ་བྱ་བ་དང་། ཡིད་ཆེས་པ།བསླུ་མེད། བསྙོན་མེད་སོགས་རྟོག་གེའི་རིགས་པས་སྣོན་པ་བཏབ་མ་བཏབ་ཙམ་གྱི་ཁྱད་པར་ལས།རིགས་དྲུག་ཀུན་གྱི་རྒྱུད་ལ་རང་བྱུང་དུ་ཡོད་པའི་ཀུན་རྫོབ་ཀྱི་རྣམ་ཤེས་འདི་ཁ་ཕྱོགས་བསྒྱུར་ལུགས་ཀྱིས་སྣང་བ་ཙམ་ལས་གཞན་དུ་མེད་ཅིང་། བུ་ཡི་ལག་པ་མེ་དང་ཕྲད་ན་ཨ་ཚ་ཚ་ཟེར་བ་དེ།བསླུ་མེད། བསྙོན་མེད་ཁས་ལེན་པ་སོགས་ཡིན་ལ།ཕ་ཡིས་མེ་ཚ་བ་ཡིན། ལག་པ་ཤ་ཡིན་པས་མེ་ལ་ཐུག་ན་ཅི་ལ་མི་ཚ་ཞེས་རྒྱུ་མཚན་དང་སྦྱར་བ་དེ་ཐ་སྙད་ཚད་གྲུབ་འཇོག་སྟངས་ཤིག་ཡིན་པས། ཐ་སྙད་ཚད་མ་དེ་མེད་ཟེར་ལུགས་ཤིག་གང་ན་ཡོད། དགོངས་རྒྱན་དུ། སེང་གེའི་དཔང་པོ་སྟག སྟག་གི་དཔང་པོ་གཡག །དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཙུགས་འདུག་པའི་དཔེ་དེས་སོ་སོ་སྐྱེ་བོའི་བློ་ལ་ཡིད་བརྟན་མེད་པ་བསྟན་གྱི་ཚད་གྲུབ་མེད་པར་བསྟན་པ་མི་འགྲུབ་པོ། །སྐབས་འདིར་ཁ་ཅིག་གིས་ཐ་སྙད་ཚད་གྲུབ་མེད་པ་ནི་དགེ་ཆོས་རང་གི་འདོད་པ་མཐར་ཐུག་དེ་རེད་ཟེར་མཁན་དང་། དགེ་ཆོས་ཀྱིས་རྗེ་རིན་པོ་ཆེའི་ལྟ་བ་ལ་དགག་པ་བརྒྱབ་སོང་ཟེར་བ་དང་། ཡང་ཅིག་གིས་ཀླུ་སྒྲུབ་དགོངས་རྒྱན་འཁྲུངས་ནས་ཤཱཀྱ་ཐུབ་པའི་ཕོར་བ་ཆག་སོང་ཟེར་བ་སོགས་ཁ་ནས་སྨྲ་བ་དང་ཡིག་ཐོག་ཏུ་འབྲི་བ་ཚང་མས་དགེ་ཆོས་ཀྱི་རྣམ་དཔྱོད་ལ་ཚོད་འཛིན་བྱེད་དུ་འདུག་སྟེ། དོན་དུ་ན་ཀླུ་སྒྲུབ་དགོངས་རྒྱན་ནི་དགེ་ཆོས་རང་གི་བློ་སྤོབས་ལས་བྱུང་བའི་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་དོགས་སློང་ཞིག་མཛད་པ་ཡིན་པ་ལས་དགེ་ཆོས་ཀྱི་འདོད་པ་མཐར་ཐུག་དེ་མིན། དེ་གང་ལས་ཤེས་ཞེ་ན། །དགེ་ཆོས་སྐུ་གཤེགས་ཁར་རྟེན་འབྲེལ་བསྟོད་པ་གསུང་ཞོར་དགོངས་པ་རྫོགས་པ་རེད། མི་ཞིག་ལ་མཚོན་ན་འཆི་ཁའི་གཏམ་ཞེས་པ་ལྟར་རྩ་ཆེན་པོ་ལོས་འཛིན། ཟླ་བ་བཟང་པོས་རག་ར་ལ་བསྐུར་བའི་ཡི་གེའི་ནང་། གཤེགས་ཁའི་མཐའ་མར་རྟེན་འབྲེལ་བསྟོད་པ་ཞིག་མཉམ་དུ་བཏོན་གསུངས་ནས། རྟེན་འབྲེལ་བསྟོད་པ་གསུངས་བཞིན་པའི་མུར་ཞི་བའི་དབྱིངས་སུ་གཤེགས་སོང་། ཞེས་པ་འདི་རག་རས་དགེ་ཆོས་ཀྱི་ལོ་རྒྱུས་སུ་དྲངས་འདུག །རག་རས་འདི་ལྟར། གང་ལྟར་བླ་དགེ་མང་པོ་ཐུགས་འཁྲུག་ཡུལ་གྱི་ཨ་མདོ་བ་དགེ་འདུན་ཆོས་འཕེལ་ནི། རྗེ་བླ་མའི་གསུང་བཟང་གསུང་གི་སྙིང་པོ་དམ་པ། སྟོན་པ་ཐུགས་རྗེ་ཅན་ལ་རྟེན་ཅིང་འབྲེལ་བར་འབྱུང་པའི་སྒོ་ནས་བསྟོད་པའི་ཚངས་ པའི་དབྱངས་དེ་གསུངས་བཞིན་དུ་གཤེགས་འདུག་པས། ཡར་ལ་ཕེབས་ནས་ཡིད་དགའ་ཆོས་འཛིན་ནས་ཕྱི་བལྟས་ཤིག་གཟིགས་ནས་འཛུམ་ཙམ་གནང་མེད་དམ་སྙམ། ཞེས་པ་འདི་རེད། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་པ་དེ་ལ་བརྟེན་ནས་ཁ་ཅིག་གིས་ཐ་སྙད་ཚད་གྲུབ་བཀག་པའི་དོན་དུ་བཤད་མོད། བརྟག་ཅིང་དཔྱད་ན་ཆོས་གང་ཡང་བརྙེད་རྒྱུ་མེད་ལ། འཇིག་རྟེན་གྱི་ཐ་སྙད་ནི་མ་བརྟག་མ་དཔྱད་པར་འཇོག་དགོས་པ་དགེ་ཆོས་ཀྱིས་ལོས་ཤེས། འཇིག་རྟེན་གྱི་ཐ་སྙད་བཀག་པ་ལ་དགོས་པ་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །བློ་མ་བདེ་ཞེས་པ་འདི་སྣང་ཆུང་མ་བྱས་པར་བལྟས་ན་བརྟག་ཅིང་དཔྱད་ན་གང་ཡང་འཇོག་མི་ཐུབ་པ་དང་འཇིག་རྟེན་གྱི་ཐ་སྙད་མེད་ཅེས་དགེ་ཆོས་ཀྱིས་རྨི་ལམ་དུའང་རྨིས་ཡོད་ཀྱི་མ་རེད། ཐ་སྙད་མཁན་པོ་ཞིག་གིས་ཐ་སྙད་ཅི་ལ་འགོག ། རྟེན་འབྲེལ་བསླུ་མེད་བསྙོན་མེད་ཀྱི་མིང་ཙམ་པོ་དེ་དང་མ་བརྟག་མ་དཔྱད་པར་འཇོག་པ་ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་ཚད་གྲུབ་ཅེས་བྱ་དགོས་མོད། ཁ་ཅིག་གིས་ཐ་སྙད་ཚད་གྲུབ་ཅེས་པ་ནི་སོ་སོ་གང་སྣང་བ་དེ་ཉིད་རང་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པར་བརྗོད། དེ་ཉིད་མི་འདོད་པ་ནི་ཐ་སྙད་དུ་གང་སྣང་བསླུ་མེད་དུ་མྱོང་རུང་། མྱོང་བ་དེ་ཉིད་བརྟག་ཅིང་དཔྱད་ན་ཚད་གྲུབ་ཏུ་གཅིག་ཀྱང་མེད་པར་ཐམས་ཅད་རྫུན་གྱི་སྟེང་ནས་རྣམ་བཞག་སྣ་ཚོགས་བྱེད་པའོ། ཞེས་ཟེར། འདི་ནི་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་གཅིག་ཏུ་འཁྲུལ་བ་སྟེ། དཔེར་ན་བ་ལང་དོར་ནས་བ་ལང་མ་བརྙེད་པ་ན་གཞི་དེར་བ་ལང་ཡོད་པ་ཁེགས་ཀྱང་བ་ལང་དེ་སྤྱིར་ཡོད་པ་ཙམ་ཁེགས་དོན་མེད་པ་ལྟར། དོན་དམ་དཔྱོད་པའི་རིགས་པས་རང་བཞིན་ཡོད་པ་ཁེགས་ཀྱི་མིག་ལ་སོགས་པ་ཁེགས་དོན་མེད་པས། དེ་ལྟར་ན་སྟོང་གཞིའི་སྟེང་དུ་ལོག་པར་སྒྲོ་བཏགས་པའི་ཞེན་ཡུལ་དགག་བྱ་ཡིན་ལ། སྟོང་གཞི་དགག་བྱ་མིན་པ་ཤེས་པའི་ཆེད་དུ་བདེན་གྲུབ་ཅེས་དགག་བྱའི་ཁྱད་པར་ཟུར་དུ་སྦྱར་དགོས་པའི་རྒྱུ་མཚན་དེ་རེད། ད་འདི་ཙམ་གྱིས་འཐུས་པར་བྱས་ནས་རྟ་རྒྱུགས་པའི་ཞར་ལ་མེ་ཏོག་ལ་གཅོད་པའི་དཔེ་ལྟར་གྲུབ་མཐའི་སྐྱོན་ལ་རག་པས་ཕོག་ཐུག་བྱུང་ན་མཐོལ་ལོ་བཤགས།
རང་རེ་སོ་སྐྱེ་བློ་གྲོས་དམན་པ་ཚོར། །
ཉིན་མོའི་དུས་སུ་ཉིན་སྣང་ཚད་མར་གྲུབ། །
མཚན་མོའི་དུས་སུ་མཚན་སྣང་ཚད་མར་གྲུབ། །
བདེན་འཛིན་མ་ཞིག་བར་དུ་འདི་རང་བདེ། །
སྣང་བ་ལང་ལིང་སྤྱོད་པ་འཆལ་འཆོལ་གྱིས། །
མི་ཚེ་ཐུང་ཐུང་ག་ལེར་རྫོགས་པ་འདི། །
ང་ཚོ་ཚང་མར་ཡོད་པའི་ཚད་གྲུབ་སྟེ། །
འདི་ལ་རྒོལ་བ་སོ་སྐྱེ་སྨྱོན་པའི་གཤིས། །
འོ་ད་འགྲིགས་མ་སོང་། ཡང་འདི་ལ་དམག་ཆེན་དྲུག་གསུམ་བཅོ་བརྒྱད་ཤོར་རྒྱུ་རེད་འདུག། ང་ཚོས་བན་བོན་རྩོད་ནས་བོད་པའི་དབར་ལ་དཀྲུག་ཤིང་མང་པོ་བརྒྱབ་ཚར་སོང། རྙིང་གསར་རྩོད་ནས། མང་པོ་དཀྲུག་ཚར་སོང་། ད་འདིར་ཐ་སྙད་ཚད་གྲུབ་ཡིན་མིན་ལ་མང་པོ་དཀྲུག་ས་རེད།
ཕྱི་ཉིན་རྒྱུས་མེད་པའི་གླ་བ་ཞིག་གིས་བུདྷ་པཱ་ལི་ཏི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བ་དེ་བོད་ཡིག་ཡིན་ནམ། ད་ང་ཚོས་ལྷ་སྒྲུང་བཤད་མཚམས་བཞག་ན་དུས་ལ་འཚམས་པ་རེད། ད་ནས་ང་ཚོས་དངོས་བདེན་གྱི་མི་ཆོས་རེ་བཤད་ན་མི་ལེགས་སམ།། །།
ཀླུ་དགོངས་ལས། གལ་ཏེ་ནམ་རྒྱུན་གྱི་ངའོ་སྙམ་པའི་བློ་འདི་ཚད་མ་ཡིན་ན། ཁྱོད་རྐུན་མ་ཡིན་ནོ་ཞེས་བརྗོད་ཚེ་ངའོ་སྙམ་པའི་བློ་སྐྱེས་པ་དེའང་ཚད་མ་ཤུགས་ཆེ་རུ་སོང་ཙམ་ཡིན་གྱི་བདེན་འཛིན་དུ་འགྲོ་དོན་ག་ལ་ཡོད། གལ་ཏེ་དེ་བདེན་འཛིན་ཡིན་ན། མི་ཞིག་གིས་སངས་རྒྱས་ནི་སྐྱབས་གནས་མ་ཡིན་ཞེས་བརྗོད་ཚེ། སྐྱབས་གནས་ག་ལ་མིན་སྙམ་པའི་བློ་སྐྱེས་པ་དེའང་བདེན་འཛིན་ཅིའི་ཕྱིར་མིན། དེ་བཞིན་འདི་བུམ་པ་མིན་ཞེས་བརྗོད་ཚེ། བུམ་པ་མིན་ན་གཞན་ཅི་ཡིན། བུམ་པ་ཡིན་པར་ཐག་ཆོད་སྙམ་པའི་བློ་དེ་ཡང་བུམ་པའི་བདེན་འཛིན་ཡིན་གྱི་ཚད་མ་ག་ལ་ཡིན། དེས་ན་ཁོང་ཅག་གི་ལུགས་ལྟར་ན་བློ་ཤུགས་ཆུང་བ་རྣམས་ཚད་མ་དང་། བློ་དེ་ག་རང་ཤུགས་ཆེ་རུ་སོང་ཚེ་རླུང་ལོག་པ་བཞིན་བདེན་འཛིན་དུ་འགྲོ་བར་འདུག་པས་ཡ་མཚན།། ཞེས་གསུངས་ཡོད། ཐ་སྙད་ཚད་གྲུབ་འདོད་མི་འདོད་ནི་གནད་དོན་འདི་ལ་ཐུག་ཡོད་པས་གནད་འདིར་གོ་བ་ནམ་ལངས་འདྲ་ཞིག་ཡོད་ན་དྲངས་དོན་ངེས་དོན་དང་། རྩ་འགྲེལ་ཡང་འགྲེལ་སོགས་གཡས་བསྐུམ་གཡོན་བརྐྱང་མང་པོ་འདི་འདྲ་མེད་ངེས་རེད།། །།
དགེ་བའི་བཤེས་གཉེན་ཆེན་པོ་ཞིག་སློབ་དཔོན་དུ་སྟེན་ནས་ལོ་འགའ་འགོར་ན་ཁ་བརྡ་དྲ་བར་འདིའི་སྐོར་རྩོད་པ་རྒྱག་གི་ཡོང་གི་ཡིན་ཐལ།
ད་དེ་ཚོ་རྗེད་ཚར་འདུག
མིག་བརྒྱད་པ་ལགས། འཇུག་པར། འདི་ནི་གསན་རྒྱ་ཆེ་ཡང་ཐུགས་སུ་ཆུད་མི་འགྱུར། །ཞེས་པའི་རང་འགྲེལ་དུ་
སྟོང་ཉིད་ཟབ་མོ་དེ་སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་ཀྱིས་མ་རྟོགས་པར་གསུངས་ན། དགེ་ཆོས་
ཀྱིས་མ་རྟོགས་ལོས་ཆོག ཡིན་གཅིག་དགེ་ཆོས་དགེ་ལུགས་པའི་གདན་གྲལ་དུ་ཨུ་ཚུགས་ཀྱིས་འཇོག་དགོས་པའི་
རྒྱུ་མཚན་གང་ཡིན་གསུངས་དང་། རྡོ་སྤིས་ཤེས་རབ་ཚང་སོགས་མང་བོས་ཀླུ་སྒྲུབ་དགོངས་རྒྱན་གྱི་བསམ་དོན་
མ་མཁྱེན་པ་ཡིན་ནམ། ཀླུ་དགོངས་སུ་ཞྭ་སེར་མཁན་པོ་ཞེས་དགག་ཡུལ་དེ་སུ་རེད་དམ་གཅིག་གསུངས་དང་།
གང་ཡིན་རུང་། མ་ཡིན་རུང་། སློབ་དཔོན་མིག་བརྒྱད་པས་བརྩོན་པ་ཆེན་པོས། བོད་དུ་དབུ་མའི་གཞུང་དར་བའི་སྐོར་ལ་ལོ་རྒྱུས་ཤེས་པ་ལ་མེད་དུ་མི་རུང་བའི་དབུ་མ་ལ་གསན་བསམ་མཛད་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱི་ལོ་རྒྱུས་རགས་ཙམ་བཀོད་པར་མཛད་པ་བཀའ་དྲིན་ཆེ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་ལམ་རིམ་བླ་བརྒྱུད་རྣམ་ཐར་ན། པ་ཚབ་ཉི་མ་གྲགས་ཀྱིས་དབུ་མ་ཐལ་འགྱུར་གསུངས་པ་ན། ལོག་ལྟ་ཅན་ནོ་ཞེས་བོད་རྣམས་ཀྱིས་ཉན་དུ་མ་བྱུང་བ་ན། བཀའ་གདམས་པ་དགེ་བའི་བཤེས་གཉེན་ཤ་ར་པས་དབུ་མ་ཐལ་འགྱུར་བ་དངོས་ཡིན་མིན་ངས་ཤེས་གསུངས་ཏེ། སློབ་མ་གཉིས་ལ་དྲི་བ་མངགས་ཏེ། པ་ཚབ་དྲུང་དུ་བཏང། སླར་དྲི་ལན་བཅས་ལོག་སྟེ། དྲིན་ལན་གསན་པ་ན་སྤྱན་ཆབ་ཤོར་ཏེ། ཚོགས་སུ་བུ་རམ་ཞིག་བཞེས་པར་པ་ཚབ་ཉི་མ་གྲགས་ཀྱི་ཞལ་དུ་མཆོད། ཅེས་བུ་རམ་རྡོག་བུ་ནམ་མཁའི་དབྱིངས་སུ་གཏོར་བར་མཛད། རྗེས་སུ་རང་ཉིད་ཀྱི་སློབ་མ་མང་པོ་པ་ཚབ་ནས་དབུ་མ་ཉན་པར་བཏང་། དེས་ན་ཤ་ར་པ་དེ་དབུ་མ་ཐལ་འགྱུར་བོད་དུ་དར་བ་ལ་མཛད་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཞིག་ཏུ་སྣང་།
ཐ་སྙད་ཚད་གྲུབ་ཅེས་པ་འདི། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དོ། །ཁ་སང་གནས་བརྟན་སྡེ་པའི་གཞུང་ནས་ལུང་དྲངས་པ་ཞིག་ཨིན་ཡིག་ཏུ་མཐོང་། ཚད་མས་གྲུབ་པ་མ་ཡིན་ཀྱང་། ཐ་སྙད་ཁས་བླང་བར་བྱ་སྟེ། སྤྱོད་འཇུག་ཏུ། དགོས་པའི་ཕྱིར་དུ་མ་བརྟགས་ཕྱིར།། ཐ་སྙད་ཚད་མས་གྲུབ་ཅེས་པ་དང་། ཐ་སྙད་ཚད་མས་མ་གྲུབ། ཅེས་པ་གོང་གསལ་བཀའ་བསྟན་གྱི་ལུང་དེ་དག་དང་འདྲ་བ་ཞིག་གམ། དེ་ལྟར་མ་ཡིན་པ་ལོགས་སུ་བཤད་པ་ཞིག་ཡོད་དམ། ཞེས་སོ།།
མིག་བརྒྱད་པས་མཚམས་མཚམས་སུ་རོང་ཀློང་གཉིས་ཀའི་ལུང་དུམ་རེ་ཡང་ཁུར་མཚམས་མཚམས་བཤེན་རབས་ཀྱི་ལུང་རེ་ཁུར་འོང་གི་འདུག་ཀྱང་དེ་རིང་རང་གཟུགས་ངོ་མ་ཕྱིར་ངོན་འོང་གི་འདུག དཔེར་ན། ༼དཔེར་ན་བ་ལང་དོར་ནས་བ་ལང་མ་བརྙེད་པ་ན་གཞི་དེར་བ་ལང་ཡོད་པ་ཁེགས་ཀྱང་བ་ལང་དེ་སྤྱིར་ཡོད་པ་ཙམ་ཁེགས་དོན་མེད་པ་ལྟར། དོན་དམ་དཔྱོད་པའི་རིགས་པས་རང་བཞིན་ཡོད་པ་ཁེགས་ཀྱི་མིག་ལ་སོགས་པ་ཁེགས་དོན་མེད་པས། ༽འདི་ཁྱོད་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དེའི་ཐུན་མུན་གྱི་ཁྱད་ཆོས་རེད། ས་ཇོ་བཀའ་རྙིང་གཅིག་གིས་ཁེས་མི་ལེན། རྩ་བ་འདི་རེད། འདི་གནད་འདི་རེད།
རྣམ་པ་ཚོ་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
མཁས་དབང་དགེ་ཆོས་ཀྱིས་བཙུན་མ་གཡང་འཛོམས་ལ་གདམས་པའི་བསླབ་བྱ་ལས།
སྤྱིར་ན་ཕྱི་རོལ་བདེ་སྡུག་སྣང་བ་ཀུན།།
རང་གི་སེམས་ཉིད་གཅིག་པོའི་ཆོ་འཕྲུལ་ཏེ།།
ནང་གི་གཟུགས་བརྙན་ཕྱི་རུ་འཆར་བ་ལས།།
ཕྱི་ཡི་རྣམ་པ་ཚུར་ལ་འོངས་པ་ཡིན།།
ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཡོད་ཚད་གཏི་མིག་བདེན་འཛིན་གྱི་དབང་གིས་བཞག་པ་དང་རྣམ་རྟོག་གིས་སྒྲོ་བཏགས་ཙམ་ཞིག་ཡིན་ནོ།།
དེ་ལྟར་ལེགས་པར་གོ་ནས་དཔྱད་པ་ན།།
ཀུན་གཞི་སེམས་ཀྱི་རྩ་བ་ཆོད་པའི་ཚེ།།
སྣང་བའི་ན་བུན་འདི་ཡི་ཕ་རོལ་ན།།
ཆོས་ཉིད་དོན་གྱི་ནམ་མཁའ་དངོས་སུ་བཞུགས།།
ཞེས་གསུངས་པ་ལྟར་རྟེན་འབྱུང་གི་རིགས་པས་བཏགས་དོན་བཙལ་ནས་མཐར་ཆོས་ཉིད་རྟག་བརྟན་གྱི་མ་ཡུམ་ཏེ་སྟོང་བ་ཉིད་ཀྱི་རང་ཞལ་མཇལ་བ་ན་ཆགས་སྡང་སོགས་ལས་ངན་གྱི་སྒོ་མཐའ་དག་ཁེགས་འགྲོ་བ་ཡིན།
ཡོད་ཅེས་བྱ་བ་འདི་ཡང་བཅོས་མ་སྟེ།།
མེད་ཅེས་བྱ་བ་འདི་ཡང་བཅོས་མ་ཉིད།།
དེ་འདྲའི་བཅོས་མ་ཀུན་གྱིས་མ་བསླད་པ།།
སེམས་ཀྱི་རང་བཞིན་རྫོགས་པའི་སངས་རྒྱས་ཡིན།།
ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་ལ་དྲི་མས་མ་བསླད་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པ་ཡིན།
ཡིན་མིན་རྣམ་རྟོག་ཆུ་ཡི་གཉེར་མ་བཞིན།།
གཅིག་རྗེས་གཅིག་གིས་མཐུད་དེ་འགྲོ་བ་འདི།།
གཏོད་མེད་ངང་དུ་ལྷོད་ཀྱིས་ཞིགས་པའི་ཚེ།།
ཆོས་དབྱིངས་གདོད་མའི་རྒྱ་མཚོར་སླེབས་པ་ལགས།།
ཞེས་གསུངས་པ་ལྟར་རྟེན་འབྱུང་གི་རིགས་པ་ལ་བརྟེན་ནས་མཐར་འཛིན་གྱི་དམིགས་གཏད་ཐམས་ཅད་བཤིགས་ནས་ལྟ་ངན་མཐའ་དག་བསལ་བ་ན་དོན་དམ་པ་ཆོས་དབྱིངས་རྣམ་པར་མི་རྟོག་པའི་གདོད་མའི་རྒྱ་མཚོ་དངོས་གནས་པ་དེར་བསླེབས་ཟིན་པ་རེད།
མདོར་ན་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཏེ།།
སེམས་ནི་སྟོང་བ་གཞི་མེད་རྩ་བྲལ་ཉིད།།
གཞི་མེད་ཆོས་ལ་བདག་ཏུ་བཟུང་བ་ཡིས།།
ཁྱོད་དང་ང་ཡང་འཁོར་བའི་གནས་སུ་འཁྱམས།།
ཞེས་གསུངས་པ་ལྟར་ཕྱི་དང་ནང་གི་ཆོས་ཐམས་ཅད་བདེན་པར་མེད་ཀྱང་བདེན་པར་བཟུང་ནས་བདེ་སྡུག་གི་སྣང་བ་སྣ་ཚོགས་ཤིག་འཆར་འོངས་བ་འདི་དོན་དམ་དུ་གཞི་མེད་རྩ་བྲལ་ཏེ་འཁོར་བའི་གནས་སུ་འཁྱམས་པའི་རྒྱུ་གཙོ་བོ་དེ་ཡིན་པའི་ཕྱིར།
ཡ་ཡ་ངའི་གྲོགས་པོ་ཚོ། ཆོས་འབྱུང་ལོ་རྒྱུས་ཀྱང་ཀྱང་བཤད་ནས་ཅི་ཕན། མཐར་ཐུག་གི་གནས་ལུགས་དེ་ངོ་མ་ཡོད་མིན་མེད་མིན་རེད་དང་ཡོད་ཀྱང་རང་བཞིན་གྱིས་སྟོང་པ་རེད། ཤོད་དང། བུམ་པ་བུམ་པས་མི་སྟོང་བ་བདེན་གྲུབ་ཀྱིས་སྟོང་བའི་དགེ་ལྡན་པའི་བསམ་ཚུལ་འདི་ལ་དགག་པ་ཞིག་རྒྱོབས་དང་། ཕོ་རྒོད་པོ་ཡིན། རིགས་པས་དགག་སྒྲུབ་བྱེད་ཆོག ཐ་སྙེད་ཚད་གྲུབ་མིན་ཕན་གནད་ཇི་ལྟར་བྱེད་ནུས་སམ།
<> དབུ་ནས་མར་ཨའུ་ཙི་བཤད་ས་རེད་དྲན་སོང་སྟེ། ཐ་མ་ལ་ཐུག་དུས་ཞབས་འདྲེན་དེ་ག་རང་བཞག་འདུག ལྕང་སྐྱས། སྣང་བ་ལིང་ལིང་དེ་རང་སར་བཞག་ནས། །དགག་རྒྱུ་ར་ཅན་ཞིག་འཚོལ་བར་འདུག་སྟེ། །ཞེས་པ་ལ་སླར་ཡང་ཕེབས་འདུག་ག། མིག་བརྒྱད་པ། ཧཧཧཧཧཧཧཧཧ
་་་་་་་་་་་་་་་་་འདི་ནི་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་གཅིག་ཏུ་འཁྲུལ་བ་སྟེ། དཔེར་ན་བ་ལང་དོར་ནས་བ་ལང་མ་བརྙེད་པ་ན་གཞི་དེར་བ་ལང་ཡོད་པ་ཁེགས་ཀྱང་བ་ལང་དེ་སྤྱིར་ཡོད་པ་ཙམ་ཁེགས་དོན་མེད་པ་ལྟར། དོན་དམ་དཔྱོད་པའི་རིགས་པས་རང་བཞིན་ཡོད་པ་ཁེགས་ཀྱི་མིག་ལ་སོགས་པ་ཁེགས་དོན་མེད་པས། དེ་ལྟར་ན་སྟོང་གཞིའི་སྟེང་དུ་ལོག་པར་སྒྲོ་བཏགས་པའི་ཞེན་ཡུལ་དགག་བྱ་ཡིན་ལ། སྟོང་གཞི་དགག་བྱ་མིན་པ་ཤེས་པའི་ཆེད་དུ་བདེན་གྲུབ་ཅེས་དགག་བྱའི་ཁྱད་པར་ཟུར་དུ་སྦྱར་དགོས་པའི་རྒྱུ་མཚན་དེ་རེད། ད་འདི་ཙམ་གྱིས་འཐུས་པར་བྱས་ནས་རྟ་རྒྱུགས་པའི་ཞར་ལ་མེ་ཏོག་ལ་གཅོད་པའི་དཔེ་ལྟར་གྲུབ་མཐའི་སྐྱོན་ལ་རག་པས་ཕོག་ཐུག་བྱུང་ན་མཐོལ་ལོ་བཤགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དབུ་ནས་མར་ཨའུ་ཙི་བཤད་ས་རེད་དྲན་སོང་སྟེ། ཐ་མ་ལ་ཐུག་དུས་ཞབས་འདྲེན་དེ་ག་རང་བཞག་འདུག ལྕང་སྐྱས། སྣང་བ་ལིང་ལིང་དེ་རང་སར་བཞག་ནས། །དགག་རྒྱུ་ར་ཅན་ཞིག་འཚོལ་བར་འདུག་སྟེ། །ཞེས་པ་ལ་སླར་ཡང་ཕེབས་འདུག་ག། མིག་བརྒྱད་པ། ཧཧཧཧཧཧཧཧཧ
གཙོ་བོ་ཐ་སྙད་ཚད་གྲུབ་འཇོག་སྟངས་ཐད་ལ་བགྲོ་གླེང་གནང་ན་བློ་སྐྱེད་ལེན་རྒྱུ་ཞིག་འདུག །དེ་མིན་ང་དང་ཁྱོད། རྟ་དང་བ་གླང་གི་རྩོད་པ་ལ་ཀློག་སྙིང་དྲོ་པོ་མིན་འདུག །
རྒན་ལ་དྭགས་པ་ལགས། པཎ་ཆེན་བློ་ཡེ་ལ་ལམ་རིམ་བླ་བརྒྱུད་ཡོད་པ་མ་ཐོས། ང་ལ་ཡོད་པ་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་བརྒྱུད་ཡིན།
དགེ་ཆོས་ཀྱིས་ཀླུ་དགོངས་སུ་རྗེའི་ལྟ་བ་དགག་ཕྱོགས་སུ་བཟུང་སྟེ་མི་མཐུན་པའི་བརྒལ་ལན་མང་དུ་བྱས་པས་ཁོའི་ཕུགས་ཀྱི་དགོངས་པ་གང་ཡིན་བསྒྲུབས་མ་ཐུབ་ན། འཆི་ཁར་རྗེའི་རྟེན་འབྲེལ་བསྟོད་པ་འདོན་བཅུག་པ་ཙམ་གྱིས་ཐག་ཆོད་ག་ལ་ཐུབ།
གཅིག་བྱས་ན་རྗེའི་སྔ་རྩོམ་གསེང་ཕྲེང་དུ་བོད་སྔ་རབས་པའི་ལྟ་བ་བཏོན་པར། ཕྱི་རྩོམ་རྣམས་སུ་བོད་སྔ་རབས་པའི་ལྟ་བ་དགག་ཕྱོག་སུ་བཟུང་བ་ལ་དུང་དཀར་བློ་འཕྲིན་གྱིས་རྗེའི་ཐུགས་ལ་ཡར་བསྐྱེད་བྱུང་བ་ཡིན་པར་གསུངས་པ་ལྟར། དགེ་ཆོས་ཀྱི་ཐུགས་ལའང་ཡར་བསྐྱེད་བྱུང་བ་མིན་པ་སུ་ཞིག་གིས་བཤད་ཐུབ།
ཐ་སྙད་ཚད་གྲུབ་ཞལ་གྱིས་བཞེད་མི་བཞེད་ཀྱི་གནད་ནི་རང་བཞིན་གྱིས་གྲུབ་པའི་དོན་འཇོག་ཚུལ་ལ་ཐུག་པ་ཡིན་ཞིང་། རྗེའི་ཕུགས་ཀྱི་དགོངས་པར་ཐ་སྙད་ཚད་གྲུབ་ཞལ་གྱིས་བཞེད་པ་ནི་ཤིན་ཏུ་གསལ་མོད། རྙིང་མ་པ་འགས་རྗེའི་ལྟ་བ་ནི་བོད་སྔ་རབས་པའི་ལྟ་བ་ཉིད་ཡིན་མོད། རྗེས་འཇུག་སློབ་བུ་རྣམས་ཀྱིས་རྗེའི་ལྟ་བ་ལས་ཀྱང་ཐ་དད་པའི་ལྟ་བ་ཞིག་བཤད་པ་ཡིན་ཟེར་རོ།
ཀླུ་སྨྱོནལེགས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སློབ་མ་ཡིན་པ། ཡོངས་རྒྱལ་གྱིས་དེ་ཉིད་རྒྱས་པར་མཛད། ཀློག་དགོས་བསམས་ཀྱང་ལོང་མ་བྱུང་། སྔ་མའི་དེ་ཉིད་བོད་དཔེ་དང་ཨིན་འགྱུར་གཉིས་བདག་ཅག་གི་གློག་ཆས་རྙིང་པར་ཡོད་པས། རྙེད་ན། བོད་དཔེར་ཞལ་སྐྱེམས་པ་ཁྱེད་ལ་འབུལ་བར་སྤྲོའོ།།
ཡ་ད་མདའ་འཕངས་པས་མི་ཆོག་འབེན་ལ་ཕོག་དགོས། དགག་པ་བརྒྱབ་པས་མི་ཆོག་དགག་པ་ཐེབས་དགོས།
ད་ལྟ་ང་ཚོས་རྩོད་བཞིན་པ་འདི་བདེན་ཡིན་མིན་གྱི་སྐད་ཆ་མ་ཡིན་པར་དབུ་མ་ཐལ་འགྱུར་བའི་ལྟ་བ་གང་རེད་
ཅེས་དྲིས་པའི་ལན་འདེབས་ཚུལ་དེ་རེད། དབུ་མ་ཐལ་འགྱུར་བའི་ལྟ་བ་གང་ཞིག་ཡིན་པ་དེ་ཐལ་འགྱུར་བ་རང་
གི་གཞུང་ལ་གཏུག་དགོས་པ་ལས། དེ་མིན་ས་དགེ་བཀའ་རྙིང་སོ་སོའི་གཞུང་ལ་འཇུས་ནས་དཔྱད་ཁུལ་བྱས་ན་
ཕྱོགས་རིས་སུ་འགྲོ་བ་ཡིན། བྱས་ཙང་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ། ཞི་བ་ལྷ་བཅས་ཀྱི་གཞུང་
ལུགས་རྣམས་གཞིར་བཞག་ནས་ཡིན་མིན་ཤན་འབྱེད་རྒྱུ་ཡིན་ན། ཕ་ལ་བུ་སྐྱེས་ཡོད་ན་འདིར་ཤོག་དང་།
རྩོད་པའི་སྐབས་དབྱེ་བར་བྱའོ། །དེ་མིན་ཆགས་སྡང་གི་སྐད་ཆ་ལ་ལན་ཏིལ་འབྲུ་ཙམ་ཡང་མི་སྨྲ་བའི་དམ་བཅའ་བརྟན་པོ་བྱ་རྒྱ་ཡིན།
ཐ་སྙད་ཚད་གྲུབ་ཀྱིས། ལས་འབྲས་ལ་ཡིད་ཆེས་དང་ལྟ་བའི་ཆད་མམཐར་མི་ལྟུང་བ་ལ་ཕན་སྟངས་ཅིག་ཡོད་དགོས་སྙམ།
དྲ་གྲོགས་ཚོར་དྲི་བ་ཁ་ཤས་ཞིག་ཞུ་རྒྱུ་ཡོད་པས་ལན་འདེབས་ཡོང་བ་ཞུ།
༡༽ དབུ་མ་སྔ་རབས་པ་དང༌། ཕྱི་རབས་པ་ཞེས་པ་དེ་རྗེ་རིན་པོ་ཆེ་བྱོན་ཚུན་ཆད་ནས་བཞེད་ཀྱི་ཡོད་ན། པ་ཚབ་བུ་བཞིའི་རྗེས་འབྲང་གོ་རམ་པ་དང༌། མི་བསྐྱོད་རྡོ་རྗེ་སོགས་ལ་སྔ་རབས་པ་དང༌། ཕྱི་རབས་པ་གང་ཞིག་འབོད་དགོས་ཀྱི་ཡོད་དམ།
༢༽ རྗེ་རིན་པོ་ཆེའི་ཐ་སྙད་ཚད་གྲུབ་ཞལ་གྱིས་བཞེས་ཀྱི་ཡོད་པ་དེ། རྗེ་རང་ཉིད་ཀྱིས་གསུང་ལས་བྱུང་བ་ཞིག་ཡིན་དང༌། དེ་མིན་གྲུབ་མཐའ་བཞན་པས་བཏགས་པ་ཞིག་ཡིན་ཚེ། ཐོག་མར་དེ་ལྟར་དུ་མཚན་གསོལ་བ་པོ་དེ་སུ་ཞིག་ཡིན་ནམ།
༣༽ གོ་རམ་པའི་ལྟ་བ་ངན་སེལ་དང༌། མི་བསྐྱོད་རྡོ་རྗེའི་དྭགས་བརྒྱུད་གྲུབ་ཤིང་སོགས་སུ་རྗེ་རིན་པོ་ཆེར་དགག་པ་ཚད་མེད་པ་ཞིག་སྐྱོན་ཡོད་ན། དེ་དག་ལ་ལན་ཆ་ཚང་སྤྲད་པའི་དགེ་ཕྱོགས་པའི་ཡིག་ཆ་ཅིདང་ཇི་ལྟ་བུ་ཡོད་དམ།
༤༽ སྤྱིར་བཏང་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་རང་རང་གི་ལྷག་པའི་ལྷག་ཞལ་གཟིགས་ཐོབ་སྐབས། དངོས་སུ་སྐད་རིགས་དེ་དང་དེའི་ཐོག་གསུང་འབྱོན་པ་ཡོང་གྲགས་ཡིན་ཡང༌། རྗེ་རིན་པོ་ཆེ་ལ་བླ་མ་དབུ་མ་པས་གསུང་བསྒྱུར་ཞུས་རབས་ཤིག་གོ་ཐོས་བྱུང་ན། ཐད་ཀར་མི་གསུང་བར་གང་ཟག་གཞན་ཞིག་ནས་བརྒྱུད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
བོད་ལ་དབུ་མའི་འཆད་ཉན་གྱི་སྲོལ་ཇིལྟར་དར་ཚུལ་གོང་བརྗོད་ལྟར་ཡིན་པ་ལོ་རྒྱུས་ཀུན་དང་མཐུན། རྗེ་ཙོང་ཁ་པས་དབུ་མ་གསན་བསམ་མཛད་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ལས་རིང་བརྒྱུད་ནི་གོང་བརྗོད་ལྟར་རེད། ཉེ་བརྒྱུད་ནི་དྲང་ངེས་ལེགས་བཤད་སྙིང་པོའི་མཇུག་གི་རྩོམ་བྱང་དུ། ཤུགས་དྲག་རྒྱུན་མི་འཆད་པའི་དད་པ་ཡིས།།སྙིང་གི་པད་མའི་ལྟེ་བར་གུས་བསྟེན་པས།།གསུང་རབ་དེ་ཉིད་མཐོང་བའི་རིགས་སྨྲ་དེས།།རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ།།ཞེས་དང་མཆོད་བརྗོད་སྐབས་སུའང་། འཇམ་མགོན་བླ་མའི་བླ་མའི་དྲིན་གྱིས་ལེགས་མཐོང་ནས།།ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད།།ཞེས་འཇམ་པའི་དབྱངས་ལས་གདམས་ངག་དངོས་སུ་གསན་པའམ་གང་ཟག་གཞན་བརྒྱུད་ནས་གསན་པ་དེའི་བཀའ་དྲིན་ལ་བརྟེན་ནས་དབུ་མའི་ཚུལ་བཤད་པ་ཡིན་གསུངས་པ་ལྟར། བླ་མ་དབུ་སྨྲ་པས་གསུང་བསྒྱུར་གནང་པའི་སྐབས་ལ་འཇམ་དབྱངས་ཞལ་གཟིགས་གནང་གི་མེད་པ་དང་སྒྲིབ་སྦྱོང་མཐར་འཁྱོལ་བ་མཛད་པའི་སྐབས་ནམ་འདོད་ཞལ་གཟིགས་གནང་བ་འབྱུང་གི་ཡོད་པ་རེད། བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་པར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་སྔ་རབས་པའི་ལྟ་བ་ཞེས་པའི་རྒྱུ་མཚན་ག་རེ་རེད། དེ་ལ་ཁྱད་རྟགས་ག་རེ་ཡོད་ཟེར་ན། རྒྱ་གར་གྱི་རྒྱན་དྲུག་མཆོག་སོགས་གྲུབ་མཐའ་སྨྲ་བ་གང་གི་རྗེས་སུའང་མི་འབྲང་ཞིང་དེ་དག་གི་གཞུང་ལུགས་ཀྱི་ལྟ་ཚུལ་དང་ཡང་མི་མཐུན་པར་བོད་རང་གི་དབུ་མའི་ལྟ་བའི་བཤད་སྟངས་ཤིག་ལ་བོད་སྔ་རབས་པར་ངོས་འཛིན་གྱི་ཡོད། ཅེས་གསུངས་འདུག །བུ་སྟོན་རིན་པོ་ཆེས། བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་ནས་གསུངས་པའི་མཚན་ཉིད་འགོད་མཁན་ནི་མི་གདའ། རང་རང་གི་མགོ་ཕུར་བའི་བསམ་མནོ་བཏང་ནས་མཚན་ཉིད་འགོད་པ་ཞིག་བོད་ན་དར་གདའ་བས། ཞེས་གསུངས་པ་དེ་ལ་གཞིགས་ན་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་རྩལ་འདོན་མི་བྱེད་པར་རང་རང་གི་བསམ་མནོ་ལྟར་གྱི་ལྟ་དགོངས་དེ་ལ་བོད་སྔ་རབས་པ་དང་དེ་ལས་ལྡོག་པ་ལ་བོད་ཕྱི་རབས་པའི་ལྟ་བ་ཞེས་འདོགས་སྟངས་ཤིག་ཡོད། རྗེ་རིན་པོ་ཆེས་ཚོགས་བསགས་སྒྲིབ་སྦྱོང་ལ་དཀའ་སྤྱད་གནད་དུ་སྨིན་པ་མཛད་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་གཙོ་བོར་མཛད་དེ་ཕྱོགས་རེ་བ་དང་རགས་པ་རེས་ཚིམ་པར་མ་བྱས་པར་ཀུན་ལ་ཞིབ་ཏུ་སྦྱངས། དོགས་པ་རྣམས་ཐད་ཀར་འཇམ་པའི་དབྱངས་ལ་བཀའ་འདྲི་ཞུས་པ་སོགས་མཐུན་པའི་རྐྱེན་ཕུན་སུམ་ཚོགས་པ་ལས་དབུ་མའི་ལྟ་བ་ཐུགས་ལ་འཁྲུངས། ལྟ་བའི་ལེགས་བཤད་ལྔ་མཛད་པ་བཅས་ལ་བརྟེན་ནས་བོད་རང་གི་ལྟ་བའི་བཤད་སྲོལ་དང་མ་མཐུན་པས་བོད་ཕྱི་རབས་པའི་ལྟ་བ་ཞེས་འདོགས་པའི་རྒྱུ་མཚན་དེ་རེད།
འཁོར་འདས་བྱ་བྱེད་མི་དམིགས་ནུབ་པའི་དབྱིངས། །
གཞི་མེད་ཀློང་ནས་སྤྲོས་པ་ཀུན་རྫོབ་སོགས། །
བདེ་གཤེགས་སྟོང་གི་རྗེས་ལ་ཞུགས་པའི་གཏམ། །
ཡི་རང་སེམས་ཀྱི་བུ་ལ་བདེ་མོད་ཀྱང་། །
ཙོང་ཁ་པ་དང་ཀློང་ཆེན་ས་ཆེན་སོགས། །
ལྟ་བའི་ཤིང་རྟ་ཆེ་དག་མ་འདུམས་ན། །
མུན་ནང་ནོར་བུ་འཚོལ་བའི་ལག་རྡུམ་ལ། །
རང་རྐེ་རྡོ་ལ་འདོགས་པའི་ཟོལ་དུ་སྣང་། །
ལར་ཀླུ་སྒྲུབ་དགོངས་རྒྱན་གྱིས་ཐ་སྙད་ཚང་གྲུབ་བཀག་པའམ། གང་ལྟར་དགེ་ཆོས་ཉིད་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཐག་ཆོད་ཡིན་པ་དང་། བློ་མ་བདེ་བའི་རྒྱུ་མཚན་ཡང་ཤོ་ལོ་ཀ་རེ་རེའི་ནང་དུ་ཆ་ཚང་བ་རེ་བཀོད་འདུག་པ་དེ་རེད་མོད། འོན་ཀྱང་། དེས་རྗེའི་རིན་པོ་ཆེའི་ལྟ་གྲུབ་ལ་བསམ་གཟས་ན་དགག་པ་བྱས་འདུག་སྙམ་པ་ཅི་ཡང་མི་འདུག གལ་ཏེ་དེ་འདྲ་ཡིན་དབང་དུ་བཏང་ན། ཀླུ་སྒྲུབ་དགོངས་རྒྱན་གྱིས་རྗེ་རིན་པོ་ཆེའི་ཐ་སྙད་ཚད་གྲུབ་ལ་དགོངས་པ་བཞེས་པ་ཁྱོན་ནང་འདང་མི་འདུག་སྟེ། ཁོང་ཉིད་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་བའི་རྒྱུ་མཚན་ཡོད་དོ་ཅོག རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་བམ་འདུས་བྱས་རྟེན་འབྲེལ་སླུ་མེད་དུ་འཇོག་པའི་རྒྱུ་མཚན་རྐྱང་ཡིན་ལ། དེ་དག་རེ་རེ་བཞིན་སྣང་བས་ཡོད་མཐའ་སེལ་ཞིང་སྟོང་བས་མེད་མཐའ་སེལ་བའི་རམ་འདེགས་འབའ་ཞིག་ཏུ་སོང་འདུག་པས་སོ། ། དེའི་ཕྱིར། ཀླུ་སྒྲུབ་དགོངས་རྒྱན་གྱིས་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་བ་ནི་སྤྱིར་བཏང་གི་བློ་མ་བདེ་བ་ཙམ་པོ་ཞིག་ཏུ་བཟུང་ན་འོས་པར་འདུག་གོ། །
བོད་སྔ་རབས་པའི་ལྟ་བའི་རྨང་གཞིའི་ཐོག་ནས་བོད་ཕྱི་རབས་པའི་ལྟ་བ་བྱུང་། འདི་ཡར་རྒྱས་ཀྱི་རྣམ་པ་ཞིག་མིན་ནམ།
མིག་བརྒྱད་པ་ལགས། ཁྱེད་རང་གིས་ལན་དང་པོ་དེ་སྣང་བ་འགྲོ་བོ་ཞིག་སྐྱོན་འདུག དེ་མིན་ལན་ཕྱོགས་ཙམ་ཡང་འཕྲོད་མི་འདུག་པས། དགེ་ཕྱོགས་པའི་ཕོ་རྒོད་ཡོངས་ནས་མཉམ་རུབ་མ་གནང་ཚེ། གདན་ས་ཁག་གི་འབྲས་དང་དྷ་ལི་འཕྲོ་བརླག་ལ་འགྲོ་རྒྱུའི་ཉེན་ཁ་འདུག་གོ།
ལོག་རྟོགས་སྙིང་སྟོབས་ལས། ཡོད་པ་དང་བདེན་གྲུབ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་འཇོག་ཁུལ་བྱས་པ་འདི་ནོར་བ་ཐམས་ཅད་ཀྱི་རྩ་བ་ཡིན། ཡོད་ཀྱང་མི་བདེན་པའི་དངོས་པོ་ཞིག་བཙས་ཀྱང་རྙེད་རྒྱུ་མེད། ཡོད་འཛིན་ལས་ལྷག་པའི་བདེན་འཛིན་ཞིག་འཇིག་རྟེན་སུ་ལ་ཡང་མེད། སུ་ལ་ཡང་ཆ་རྒྱུ་མེད་པའི་བདེན་ཚད་དེ་རང་བཟོ་ཡིན། དེ་འདྲའི་བདེན་གྲུབ་དེ་མེད་པར་རྟོགས་ཀྱང་དགོས་ནུས་སྤུ་ཙམ་མེད་དེ། དེས་ཉོན་མོངས་སྐྱེ་བའི་སྒོ་ཅུང་ཙམ་ཡང་མི་ཁེགས་པའི་ཕྱིར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གྲོགས་པོར་མཚན་མར་ཞེན་པའི་བདེན་འཛིན་དང་། གྲོགས་ཀྱིས་ཕན་པར་རྟོགས་པའི་ཚད་མ་གཉིས། སྲེད་པ་བསྐྱེད་ལ་ཁྱད་པར་ཅི་ཡང་མེད། དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་། དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས། ཞེ་སྡང་བསྐྱེད་ལ་ཁྱད་པར་ཅི་ཡང་མེད། ཅེས་གསུངས་པ་འདིས་ཁྱེད་ཅག་གི་གྲུབ་མཐའ་དེའི་སྙིང་དམར་དམར་པོ་དེ་ཁྲོམ་བསྒྲགས་བྱས་ནས་བསྟན་མི་འདུག་གམ།
ས་བཅུ་ལམ་ལྔ་ཡོད་པར་བསྟན་པ་དང་། །གདོད་ནས་གྲུབ་པར་བཀག་པའི་ཟུང་འཇུག་ཚུལ། །མ་ཤེས་རྨོངས་པས་འགྲོ་བ་འཁྱམས་གྱུར་པས། ། མ་བཟོད་བདེན་བཞིའི་འཇུག་ལྡོག་སྟོན་པས་གདམས། །
ཡོད་འཛིན་ལས་ལྷག་བདེན་འཛིན་མེད་གྱུར་ན། །སྐྱབས་སེམས་སྙིང་རྗེ་སོགས་ཀྱང་བདེན་འཛིན་ལས། །སྐྱེ་ཞིང་སྟོབས་ལྔ་གདམས་པའང་དེ་ལས་བྱུང་། །དེས་ན་ས་བཅུ་ལམ་ལྔ་རྨོངས་པར་འགྱུར། །
ཀུན་རྫོབ་སྣང་བ་ལྟར་དུ་གྲུབ་པ་ནི། །དགག་བྱའི་ཚུལ་དུ་མདོ་རྒྱུད་ཀུན་ནས་གསུངས། །དེ་ལྟར་བཞེད་པ་ཡབ་རྗེ་བླ་མའི་ལུགས། །འདི་ལས་ལྷག་ཅིག་ཕྱག་རྫོགས་སུ་ཡིས་བསྟན། །
སྤྱང་ཤོག་ལ་རྒྱབ་སྐྱོར་དུ། སློབ་དཔོན་ཟླ་བ་གྲགས་པས།
རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །
འདི་ནི་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །
སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །
ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་སོ།།
ཝ་རི་ན་སིར་བདེན་བཞིའི་ཆོས་སྒྲ་བསྒྲགས། །ཕུང་བོ་རི་ལ་ཉིས་མེད་ཤེར་ཕྱིན་བསྟན། །རྡོ་རྗེ་དབྱིངས་ནས་རྡོ་རྗེ་ཐ་ཚིག་བསྒྲགས། །སྟོན་པ་སངས་རྒྱས་བདེན་གྲུབ་ཡིན་པར་ཐལ། །མདོ་སྔགས་བསྟན་པའི་བདག་པོ་ཡོད་པས་སོ། །
མདུན་འདི་ཐང་ངོ་སྙམ་པ་བདེན་འཛིན་མིན། །
རྒྱབ་འདི་རི་འོ་སྙམ་པ་བདེན་འཛིན་མིན། །
མཐོང་མཁན་ང་འོ་སྙམ་པའམ་བདེན་འཛིན་མིན། །
བདེན་འཛིན་གཞུང་ལུགས་སྦྱང་ནས་འོངས་པ་མཚར། །
བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང༌། །
འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །
དེའི་་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །
དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཟླ་བ་གྲགས་པས་སོ།།
ཐང་ནི་ཐང་ངོ་སྙམ་པ་བདེན་འཛིན་མིན། །
ཐང་འདི་ལྟོས་མེད་སྣང་མཁན་བདེན་འཛིན་ཡིན། །
ཐང་ཡོད་བདེན་གྲུབ་ཡིན་ན་ཐང་མེད་པས། །
རི་བོང་ར་ཡི་སྟོང་ཉིད་སྒོམས་དང་གྲོལ། །
ལྟོས་མེད་ང་ནི་མཚན་འཛིན་རྟེན་དུ་མིན། །
དེ་བཞིན་ལྟོས་མེད་ཐང་ཡང་མོ་གཤམ་བུ། །
ཇི་བཞིན་མཚན་འཛིན་རྟེན་ལ་རུང་མིན་པ། །
འདིས་ཀྱང་ཐང་འདི་ཡོད་ཚུལ་གསལ་བར་བྱས། །
ཐང་འདི་བདེན་གྲུབ་མིན་ཏེ་ཡོད་པའི་ཕྱིར། །
ཐང་ངོ་སྙམ་བློ་བདེན་འཛིན་རྟོག་པའི་ཕྱིར། །
ལྟོས་མེད་ཐང་ངོ་སྙམ་པའི་བློ་དེ་བོང་བུ་ལ། །
མེད་པས་བོང་བུར་བདེན་འཛིན་མེད་དམ་ལགས། །
གང་དག་དུད་འགྲོ་བསྐལ་མང་བསྐྱལ་གྱུར་པ། །
དེས་ཀྱང་མ་སྐྱེས་རྟག་འདི་མམཐོང་ལ། །
ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །
དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད། །ཟླ་བ་གྲགས་པས་སོ།།
མིག་བརྒྱད་པས་ཀྱང་རྩོམ་འདིའི་མགོ་ཡག་པོ་ཞིག་བླངས་འདུག་ལ་ཁོག་ཡང་ཡག་པོ་ཞིག་ཕུབ་འདུག
སྤྱིར་བཏང་དཔེ་ཆ་བ་མང་པོ་ཞིག་གིས་བྱུང་རབས་ལ་དོ་སྣང་མི་བྱེད་པར་མ་ཟད། ལུགས་གཞན་གྱི་བཞེད་པ་དང་བྱུང་བ་སོགས་ལ་དེ་བས་དོ་སྣང་མི་བྱེད་པའི་སྐྱོན་ཡོད་ཀྱང་ཁོང་གིས་དབུ་མའི་བྱུང་ཚུལ་སོགས་བོད་བརྒྱུད་སྤྱིའི་འགྲོས་སྙིང་རྗེ་པོ་ཞིག་བཤད་འདུག
མཆན་མཁན་རྣམ་པས་ཀྱང་གང་ལེགས་བཤད་ཡོད་པ་འདྲ།
མཆན་ལྷོད་ལྷོད་བྱས་ནས་དོན་རང་ལ་གཟས་པ་ཞིག་འབྲི་བཞིན་འདུག
འོན་ཀྱང་དགེ་ཆོས་ཀྱིས་ཐ་སྙད་ཚད་གྲུབ་བཞེད་པར་ནན་གྱིས་སྒྲུབ་པ་དང་། འདའ་ཁར་རྟེན་འབྲེལ་བསྟོད་པ་གསུངས་པས་ཕྱིར་ཟེར་བ་འདི་ནི་ཕན་ཐོགས་པའི་སྐད་ཆ་ལྷག་མ་ཞིག་རེད།
དེ་བས་དགེ་ཆོས་ཀྱིས་གང་བཞེད་པ་དེ་འཐད་དང་མི་འཐད་བཤད་ན་ཡག་ཤོས་རེད།
རག་ར་ནི་ལོ་རྒྱུས་འབྲི་བ་པོ་གསལ་ཆ་ཡོད་མཁན་ཞིག་ཡིན་དགོས་ན་ཡང་། ཕྱོགས་ལྷུང་མེད་པ་ཞིག་ཏུ་མི་རྩི་མཁན་ཡང་འདུག
ངས་དེ་བས་དམིགས་ཡུལ་ཅང་མེད་པར་ཤོད་པར་རག་ར་ལས་ཀྱང་ཅིག་བྱས་ན་མི་རྒན་ཤེར་རྒྱམ་བཟང་རྒྱུ་རེད་བསམ་གི
དེ་ཚོ་མ་གཞི་ཚོད་བསམ་ཚུལ་ཙམ་རེད་དེ།
རྟེན་འབྲེལ་བསྟོད་པ་བཏོན་པ་དང་རྫོགས་ཆེན་སྨོན་ལམ་བཏོན་པ་གཉིས་ཀ་བཤད་སྒྲོས་ཙམ་རེད། དེ་ལ་གང་བདེན་དང་གང་མི་བདེན་གྱི་གཏན་ཚིགས་ཀྱི་ཤུགས་ཆེ་ཆུང་ནི་དངོས་གནས་ཅང་མི་འདུག
རྗེ་རིན་པོ་ཆེའི་ལུང་གི་ཐོས་པ་འཚོལ་སྟངས་དང་། རྟོགས་པའི་ཉམས་ལེན་གནང་སྟངས། འདུལ་བ་གཞི་གསུམ་གྱི་བསྟན་པ་སྟོད་ཛཱ་ཏི་དབྱུག་པས་བརྡུང་ས་ནས་སྨད་རྒྱ་མོ་ཆུ་ལ་དར་འཐག་ས་ཡན་ཆད་ལ་དར་རྒྱས་སུ་མཛད་པ་ནི་ཧ་ཅང་རླབས་ཆེ་བ་ཡིན་ན་ཡང་། སྔ་རྩོམ་དང་ཕྱི་རྩོམ་གཉིས་ཀྱི་དགོངས་པ་མི་འདྲ་བར་རྗེས་འཇུག་ཚོས་སྔ་མ་མ་དག་པ་དང་ཕྱི་མ་དག་པ་ལྟར་སྒྲ་ཅི་བཞིན་དུ་བཤད་པར་ནི་གོ་བ་དེ་ཙམ་ལོན་དཀའ།
ཕན་ཐོགས་མེད་པ་ཞེས་བཅོས་རོགས།
མཆན་བུ ༡༤ བཅོས་པ།
ཐང་འདི་བདེན་གྲུབ་མིན་ཏེ་ཡོད་པའི་ཕྱིར། །
ཐང་ངོ་སྙམ་བློ་བདེན་འཛིན་རྟོག་པའི་ཕྱིར། །
ལྟོས་མེད་ཐང་ངོ་སྙམ་བློ་བོང་བུ་ལ། །
མེད་པས་བོང་བུར་བདེན་འཛིན་མེད་དམ་ལགས། །
ད་རེས་འདིར་རྩོད་པ་ཡག་པོ་ཞིག་རྒྱག་བཞིན་འདུག། ང་རང་ཆོས་མིན་འདྲེ་མིན་ཞིག་གིས་ལྟ་བའི་སྐབས་སུ། ཙོང་ཁ་པའི་དབུ་མའི་འབྲེལ་ཡོད་ཀྱི་དཔེ་ཆ་ཚང་མའི་ནང་ལ། གང་ཟག་སྒེར་ལ་མི་རྩོད་པར་ལྟ་བར་རྩོད་པའི་ཤེས་ཡོན་པ་མི་སྤུས་མཐོན་པོར་བསླེབས་པའི་གཤིས་ཀ་ཞིག་འདུག
ལྷག་པར་དུ་ཙོང་ཁ་པས་སྐབས་དེ་དུས་རིག་གནས་གསར་རྗེའི་རྙོག་འདྲ་འདྲ་བོ་ཞིག་སྔོན་འགོག་བྱས་ཡོད་པ་ནི་ཁོང་གི་བྱས་རྗེས་ཆེ་ཤོས་ཡིན་རུང་སུ་གཅིག་གིས་ཤོད་ཀྱི་མིན་འདུག་པས་ངས་འདིར་དྲངས་ཆོག། ཉོན་ཨང་།
ཙོང་ཁ་པས་རང་གི་ལྟ་བ་དེ་དག་ཁུངས་དང་རིམ་པ། གོང་འོག་རྒྱུ་མཚན་རྟགས་ལེགས་པར་བཀོད་ནས་རང་གི་སློབ་མར་ཁྲིད། ཡིན་ནའང་། ཆོས་ལུགས་ཀྱི་གྲུབ་མཐའ་གཞན་ལ་མཐོང་ཆུང་དང་གྲུབ་མཐའ་དེ་དག་ལ་ཆོས་མིན་གྱི་ལས་ངན་མཐའ་གཅིག་ཏུ་སྤངས། ལྷག་པར་དུ། རྩོད་རྙོག་ཡོང་བའི་སྐབས་ལ། སློབ་མ་རྣམས་ལ་སློབ་གསོ་གོ་སྐོན་བྱས་ནས། རྩོད་པ་ཆོས་ཕྱོགས་ལ་ཞི་བར་བྱས་འདུག། ཁོང་གིས། རྫོགས་པ་ཆེན་པོའི་ལྟ་བ་དེ་ནི། ལྟ་བ་མཐོན་པོ་ཞིག་ཡིན་ཞིང་། དེས་གྲངས་ལས་འདས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བ་ཡིན་ཏེ། དེ་ལ་ཁ་བཏང་ན། དམྱལ་བར་སྐྱེ་བའི་ལས་གསོག་ཅེས་ཚིག་ཐག་ཆོད་པོས་བཀའ་བཏང་ནས། རང་གི་སློབ་མ་རྣམས་ལ་ཆོས་མིན་གྱི་འདུ་ཤེས་རྣམས་སྤོང་འདུ་སྐུལ་འདུག
སྐབས་དེ་དུས། ཀརྨ་པ་དང་ས་སྐྱའི་བླ་མ་འགའ་ཤས་ཀྱིས་རྫོགས་ཆེན་འདི་སངས་རྒྱས་ཀྱི་བཀའ་མིན་པ་དང་། ནང་ཆོས་ཀྱི་ཁྱིམ་གཞིས་ཆེན་པོའི་སྤུན་མཆེད་མིན་པར་འདོད། ཙོང་ཁ་པ་འདིའི་དྲིན་ལས། སྐབས་དེ་དུས། དགེ་ལྡན་པའི་ནང་ལ། རྫོགས་ཆེན་ལ་རྙོག་འདྲ་ཤོད་མཁན་བྱུང་མེད་ལ་བཀའ་བརྒྱུད་པ་དང་ས་སྐྱ་བ་ལ་དཔུང་རོགས་མ་བྱས་སྟབས། རིག་གནས་གསར་རྗེ་ལྟ་བུའི་རང་ལྟ་མཆོག་འཛིན་གྱིས་གཞན་ལ་རྒོལ་བའི་ལས་ངན་གསོག་ཐུབ་མིན་འདུག
གཉིས་ནས། ཁོང་གིས་མུ་མཐུད། ལེགས་བཤད་སེར་འཕྲེང་ནང་ལ། སྔ་རབས་པ་རྣམས་ཀྱི་ལྟ་བ་དང་མཐུན་པར་ཆོས་བཤད་གྱིད་ནས། སྔ་རབས་པ་དང་ཕྱི་རབས་པ་གཉིས་ཀྱི་ལྟ་བའི་འཛིན་སྟངས་ལ་ཞི་མཐུན་ཡོང་བའི་རྩོན་པ་གྱིད་འདུག། དེ་གསལ་པོ་རེད།
དེ་བཞིན་ཙོང་ཁ་པ་དེས། རིས་མེད་ཀྱི་སྐྱེ་བུ་དམ་པ་དེ་ཚོའི་ཞབས་ལ་གཏུགས་ནས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། གསུང་རབས་མ་ལུས་གདམས་པར་འཆར་བའི་ཉམས་ལེན་རང་རྒྱུད་ལ་སྤེལ་འདུག། དཔེར་ན། ཁོང་གིས་ས་སྐྱ་དང་། རྙིང་མ། བཀའ་རྒྱུད། དེ་བཞིན་བཀའ་གདམས་པའི་བླ་མ་ལྔ་བཅུ་ལྷག་ཙམ་བརྟེན་ནས། སྟོན་པའི་གདམས་ངག་གི་སྦྲང་རྩི་ལ་རོལ་ཐུབ་འདུག། དེར་བརྟེན། ཙོང་ཁ་པ་དེ་རིས་མེད་ཀྱི་བླ་མ་ཐོག་མ་དེ་རེད་ཟེར་ན་མ་འགྲིགས་པ་མིན་འདུག
སྔོན་མ་སྔ་འགྱུར་རྙིང་མའི་སྐྱེ་ཆེན་དམ་པ་མཁན་ཆེན་འཇིགས་ཕུན་གྱིས་ཁོང་གི་སློབ་མར་གསུང་པ་ཞིག་དྲན་བྱུང་། མཁན་ཆེན་དམ་པ་འདི་སྐབས་དེ་དུས་རྒྱ་ནག་ལ་ཕེབས་ཡོད་པ་དང་། ཁོང་གི་ཉེ་བོ་མཛད་སའི་རྒྱའི་དགེ་སློང་སློབ་མ་ཞིག་གིས། ནང་ཆོས་འདི་རྒྱ་ནག་ལ་རྒྱ་ཆེན་པོས་སྤེལ་བར་གདམས་ངག་གནོངས་རོགས་ཅེས་ཞུ་སྐབས། མཁན་ཆེན་འདིས། ཁྱོད་ངོ་མ་སངས་རྒྱས་ཀྱི་བསྟན་པ་འདི་རྒྱ་ནག་གི་ཡུལ་གྲུ་ཆེན་པོ་འདིའི་ནང་ལ་བཀའ་བཞི་གདུང་བརྒྱད་ཀྱི་དབྱིབས་འདྲ་བོ་ལ་གཏིང་དགོས་ཟེར་ན། སྔོན་མ་བོད་ལ་བླ་མ་ཙོང་ཁ་པ་ཟེར་མཁན་ཞིག་ཕེབས་པ་རེད། ཁོང་གིས་སྐབས་དེ་དུས་ཀྱི་བོད་པའི་བླ་མ་ཚང་མའི་དྲུང་ནས་ཆོས་གསན། དེ་ནས་དེ་དག་ལ་ཉམས་ལེན་འཐིལ་ཕྱིན་པ་མཛད། གཞུང་དེ་དག་གོང་འོག་བསྒྲིགས་ནས། སྐྱེ་བུ་གསུམ་ཀྱི་ལམ་རིམ་གཞི་ལ་བརྟེན་པའི་མདོ་དང་། བླ་མེད་བདེ་གསང་འཇིགས་གསུམ་གཞི་ལ་བརྟེན་པའི་གསང་སྔགས་ཀྱི་ལམ་སྲོལ་བཙུགས་ནས། བོད་ཡུལ་ཀུན་ལ་མདོ་སྔགས་ཟུང་འབྲེལ་གྱི་བརྟན་པ་རྒྱ་ཆེན་པོར་སྤེལ་ཐུབ་ཡོད། ཁྱོད་ཀྱང་ཐོག་མ་རྗེ་ཙོང་ཁ་པ་ལ་སློབ་སྦྱོང་བྱས་ནས། རིས་མེད་ཀྱི་བླ་མ་ཚད་ལྡན་ཚང་མའི་དྲུང་ནས་ཆོས་ཞུས། དེ་དག་ལ་ཉམས་ལེན་ཟབ་པར་བྱས། དེ་ནས་སློབ་མ་བསྐྱང་ན། ངོ་མ་རྒྱ་ནག་ལ་ནང་ཆོས་བོད་ལས་ལྷག་པ་སྤེལ་ཐུབ་ཟེར་ནས། ཕྱག་གྱི་མཐེ་བོང་བསྒྲེངས་གནང་འདུག། ངས་བལྟ་དུས། རྒྱལ་བ་རིན་པོ་ཆེས་རིས་མེད་མཛད་ནས་ཆོས་འཁོར་རྒྱ་ཆེན་པོ་སྐོར་བ་དེ་ཡང་ཙོང་ཁ་པའི་རྗེས་སུ་བྲངས་པ་ཡིན་སྲིད།
ཙོང་ཁ་པའི་རྩ་བའི་བླ་མའི་འགྲས་སུ་འཇོག་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནི་རྫོགས་ཆེན་ཉམས་ལེན་པ་ཞིག་རེད། ཁོང་གི་བཀའ་དྲིན་ལ་བརྟེན་ནས། ཙོང་ཁ་པ་བོད་ལ་ཞུགས་པ་རེད། ་ཁོང་གིས་ཙོང་ཁ་པ་ལ་ཞུ་བ་ཕུལ་ནས། བོད་ལ་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ཡོད། དེ་ཚོ་ལོ་རྒྱུས་ཐོག་ལ་དངོས་མཐོང་ལག་ཟིན་གྱི་གནས་ཚུལ་རེད་མ་གཏོགས་ལྷ་དང་བླ་མའི་སྤྱོད་ཡུལ་དུ་འགྱུར་བའི་དག་སྣང་དེ་འདྲ་མ་རེད།
ལྷག་པར་དུ་གསང་སྔགས་རྙིང་མའི་ཚད་ལྡན་གྱི་སྐྱེ་ཆེན་ཁ་ཤས་ཀྱིས་ལུང་ལ་ཙོང་ཁ་པ་འདི་པ་ཁྱད་དུ་འཕགས་པའི་གང་ཟག་ཡིན་ལ་ལུང་གིས་ཟིན་ཡོད།
དམ་ཆོས་དོགས་སེལ་ལས། ཁོ་ན་རེ་དོན་དམ་དཔྱོད་བྱེད་ཀྱི་དཔྱད་མ་བཟོད་པ་དང་མ་
རྙེད་པ་གཉིས་དོན་གཅིག་ཡིན་ལ། དེས་མ་རྙེད་པ་ཙམ་གྱིས་དེས་དེ་མེད་པར་
ཁེགས་པའམ་མེད་པར་རེག་པ་མིན་ནོ། །དཔེར་ན་མིག་ཤེས་ཀྱིས་སྒྲ་མ་རྙེད་
ཀྱང་མེད་པར་གཞལ་བ་མིན་པ་བཞིན། དེ་བཞིན་འཕགས་པའི་ཡེ་ཤེས་ཀྱིས་
སྐྱེ་འགགས་དང་བུམ་སོགས་མ་གཞལ་བ་ཡིན་གྱི་མེད་པར་གཞལ་བ་མིན་ཏེ།
བུམ་སོགས་འདི་དག་གི་ཡུལ་ཅན་མིན་པའི་ཕྱིར་ཞེས་ཟེར། མཁས་རྟགས་
ཡང་དག་གི་ཚིག་འདི་མཁས་པ་རྣམས་ཀྱི་མདུན་སར་སོང་དང་དགྱེས་པའི་
བཞད་སྒྲ་ཆེམ་ཆེམ་མཛད་པར་གདོན་མི་ཟ་སྟེ། མ་རྙེད་པ་ཙམ་གྱིས་དོན་དམ་
རྟོགས་པ་འདི་སྔ་ན་མེད་པའི་ངོ་མཚར་ཅན་ཞིག་སྟེ། དེ་དེའི་སྤྱོད་ཡུལ་དུ་མ་
གྱུར་ནས་མ་རྙེད་པ་ཙམ་ཞིག་གིས་མེད་པར་ངེས་པ་བསྐྱེད་མི་ནུས་ཏེ། ལག་
པས་སྦྲུལ་བཙལ་ནས་མ་རྙེད་ཀྱང་སྦྲུལ་མེད་ཀྱི་འཛིན་སྟངས་མི་འདྲེན་ལ། རྣ་
བ་གཏད་པས་གཟུགས་མ་གཞལ་ཀྱང་གཟུགས་མེད་པར་ངེས་མི་ནུས་པ་དང་
འདྲ་བར་བུམ་སོགས་ཆོས་ཀུན་དོན་དམ་དཔྱོད་པས་བཙལ་ན་མ་རྙེད་ཀྱང་དོན་
དམ་པར་མེད་པར་མི་ཁེགས་པས། མ་མཐོང་ཕྱིར་ན་མེད་པ་མིན། ཞེས་པ་
ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་འདི་སྙེད་ཀྱིས་བཙལ་ཀྱང་མ་རྙེད་རུང༌།
བུམ་སོགས་ནི་དེ་ཡིས་མི་མཐོང་མི་གཞལ་བའི་གནས་ཤིག་ཏུ་ཡོད་སྙམ་ཁྱོད་
ཀྱི་ཞེ ་ལ་ད་དུང་ཆགས་འདུག་པས་དབུ་མ་ཤེས་ངེས་པ་རེད་སྙམ་དགའ་བ་
འཕེལ། བདག་གིས་ནི་དོན་དམ་དཔྱོད་པའི་རིགས་པ་དེས་བདེན་པ་གཉིས་
ཆར་དུ་ཡང་མ་སྐྱེས་པ་དང་མེད་པར་གཞལ་ཅེས་འདོད་དེ། ཟླ་བའི་ཞབས་
ཀྱིས། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །འདི་དག་རྟག་པ་
མ་ཡིན་ཆད་པ་མིན། །ཞེས་དང༌། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱིས། །
སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུའང༌། །ཡོད་མིན་དེ་བཞིན་དངོས་འདི་ཀུན་
ངོ་བོ། །ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེ། །ཞེས་དང༌། དེ་ནི་དེ་ཉིད་དུའམ་
འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་
མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་
པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་ཁྱོད་ལྟར་ན་རྒྱང་འཕེན་པས་
ཚེ་སྔ་ཕྱི་དཔྱད་ནས་མ་རྙེད་པས་ཀྱང་ཚེ་སྔ་ཕྱི་སྟོང་པར་མཐོང་བ་ལྟར་ཐལ་ལོ།།
དེ་དོན་དམ་དཔྱད་པའི་རིགས་པ་མིན་སྙམ་ན་དོན་དམ་དཔྱོད་རིགས་ཀྱིས་ཀྱང་
མ་རྙེད་པ་ཙམ་ཡིན་གྱི་མེད་པར་མི་ཁེགས་ཞེས་ཁྱོད་ཀྱིས་ཁས་བླངས་བས་སོ། །
རྣམ་ངེས་ལས། ཡང་དག་པའི་ཚད་མ་ལོག་པ་ནི་རྣམ་པ་ཀུན་དུ་མེད་པར་ཤེས་
པར་བྱ་སྟེ། ཞེས་དང༌། ཚད་མས་མ་དམིགས་པ་མེད་པའི་མཚན་ཉིད་ཅེས་
རླུང་ལྟར་གྲགས་པ་ཙམ་ཡང་ཐོས་མ་མྱོང་བ་ཁྱོད་ནི་ཟླ་གྲགས་ཀྱིས། དངོས་
ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་
འགྱུར། །ཞེས་དང༌། ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་
ཞེས་རླུང་ལྟར་གྲགས་པ་ཙམ་ལ་བསམ་གཞིགས་མེད་པ་རིགས་པའི་ལམ་ལ་
བློ་ནུས་ཅུང་ཟད་མེད་པའི་རྟགས་ཡང་དག་སྟེ། གཅིག་དུ་བྲལ་ལ་སོགས་པའིརྟགས་
ཀྱིས་ཆོས་ཅན་བུམ་སོགས་ཡུལ་དུ་བྱས་ནས་མི་འཇལ་བར། ཆོས་ཉིད་
རྗེན་ཅེར་བ་ལྟོས་མེད་དུ་འཇལ་ཤེས་ན་ཁྱོད་ཀྱི་སྙིང་ལ་དགྲ་ལྟར་བརྣག་ཅིང་
ཚིག་གི་དུག་མདའ་འཕེན་པའི་ཡུལ་དུ་གྱུར་པ་གཞན་སྟོང་པ་ཞེས་པ་དེ་ཡང་
མི་འདོད་བཞིན་དུ་ཁྱོད་ཀྱི་སྐེ་ལ་འཁོར་འདུག་གོ་ཧ་ཧ།
ཞེས་སོགས་གསུངས་པ་ནི་མཁས་དབང་མིག་བརྒྱད་པ་ལ་ཡང་ནད་བརྒྱ་སྨན་གཅིག་ཏུ་སོང་མི་འདུག་གམ།
བརྒྱ་པའི་འགྲེལ་བ་ལས། ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི །མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ། ཞེས་གསུངས་པ་ལྟར་རང་བཞིན་ཡོད་མེད་ཚོལ་བ་ཡིན་གྱི། ཡོད་མེད་ཙམ་ཚོལ་བ་མིན་པས་དཔྱད་ནས་མ་རྙེད་པ་ན་རང་བཞིན་ཡོད་པ་ཁེགས་ཀྱི། མིག་ལ་སོགས་པ་ཁེགས་པ་གཏན་མ་ཡིན་པའི་ཕྱིར།
ལྕང་སྐྱའི་ལྟ་མགུར་ལས་ཀྱང་།
ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཨ་མ།།ཅིར་ཡང་བརྫུ་བ་ཡི་ཕར་བརྟེན་ཚུར་བརྟེན།།
འདི་ག་ཙམ་ཞིག་ལ་གོ་རྒྱུ་འདུག་གོ།ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ།།
མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས།། ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས།།
ཕ་མ་དྲིན་ཅན་གྱིས་བུ་ང་སྐྱོབ་སྐད།།
ཞེས་དོན་དམ་པར་ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཀྱི་ཨ་མ་རང་བཞིན་གྱིས་སྟོང་བ་ཉིད་འདི། ཐ་སྙད་དུ་རྟེན་འབྲེལ་སྣ་ཚོགས་པ་ཅིར་ཡང་རྫུ་བའམ་འཆར་བ་ཡི་སྟོང་བ་དང་དང་རྟེན་འབྱུང་གཉིས་ཕར་བརྟེན་ཚུར་བརྟེན་གྱི་ལྟོས་གྲུབ་འདི་ག་ཙམ་ཞིག་ལ་གོ་རྒྱུ་བཟང་པོ་ཞིག་འདུག་གོ།།
འདིའི་གོ་རྒྱུ་ནི་སྟོང་བ་རྟེན་འབྲེལ་དུ་ཤར་ཞིང་རྟེན་འབྲེལ་སྟོང་བར་ཤར་བ་དེ་ཡིན། ཕ་རྒན་ནི་སྟོང་བ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ལ་བྱ་ཞིང་། དེའི་བཏགས་དོན་བཙལ་ནས་མ་རྙེད་པ་དེ་མ་རྒན་སྟོང་བ་ཉིད་རྙེད་པ་ཁོ་ཡིན་པར་འདུག་པས་སོ།།ཞེས་ཆོས་ཅན་ལས་ཆོས་ཉིད་རྙེད་པའི་ཚུལ་དང་། ཨ་མ་རང་བཞིན་གྱིས་སྟོང་བ་ཉིད་ཀྱི་པང་ངམ་དབྱིངས་ལས་ཕ་རྒན་སྟོང་གཞི་ཆོས་ཅན་ཁོ་རྙེད་བྱུང་ཞེས་ཆོས་ཉིད་ལས་ཆོས་ཅན་རྙེད་པའི་ཚུལ་བསྟན་ནོ།།དེ་ལྟར་ན་ཕ་རྒན་དེ་རྟེན་འབྲེལ་དང་། མ་རྒན་སྟོང་བ་ཉིད་གཉིས་ཕན་ཚུན་འགལ་མེད་དུ་རྟོགས་པ་ལ་བརྟེན་ནས་། བུ་ཆུང་སྨྱོན་པ་ང་རྟག་ཆད་ཀྱི་མཐའ་གཉིས་ལས་སྐྱོབ་པར་བྱེད་དོ།། འདི་དངོས་སྨྲ་བས་རྩོད་ཚུལ་དང་འདྲེས་མི་རུང་།། དབུ་མ་འཇུག་པ་ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི།རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས།།དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ།།དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར།།ཞེས་མཐའ་བཞི་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས་སྐྱེ་འགག་སོགས་ཀྱི་རྣམ་བཞག་ལྷག་པར་འཇོག་ཐུབ་པའི་ཕྱིར། རབ་ཏུ་སྐྱེ་བར་འགྱུར་ཞེས་ནན་ཏན་དུ་གསུངས་པ་རེད། དངོས་སྨྲ་བས། དོན་དམ་པར་མི་སྐྱེ་ཞེས་པ་དང་རྒྱུ་ལ་བརྟེན་ནས་སྐྱེ་ཞེས་པ་གཉིས་ནང་འགལ་དུ་གོ་བ་ནི། རྣམ་འགྲེལ་ལས། གལ་ཏེ་ཐམས་ཅད་ནུས་མེད་ན།།ས་བོན་སོགས་ནི་མྱུག་སོགས་ལ།།ནུས་མཐོང་གལ་ཏེ་ཀུན་རྫོབ།།འདོད་ན་ཅི་སྟེ་དེ་ལྟར་འགྱུར།།ཞེས་གལ་ཏེ་དོམ་དམ་པར་འབྲས་བུ་བསྐྱེད་པའི་ནུས་པ་མེད་ན། ས་བོན་སོགས་ལ་མྱུ་གུ་བསྐྱེད་པའི་ནུས་པ་མཐོང་བའི་ཕྱིར། ཞེས་ཟེར། དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱོར་ཚུལ་མ་ཤེས་ན། ཤེར་ཕྱིན་གྱི་མདོའི་སྐབས་སུ་གཟུགས་མ་སྐྱེས་པའོ་ཞེས་པ་ལྟར་སྒྲ་ཇི་བཞིན་པ་ལ་ཞེན་པའི་དབང་གིས་ཆད་མཐར་ལྷུང་པའི་ཉེན་ཁ་ཡོད་པའི་ཕྱིར། དེའི་ཕྱིར་ཞིབ་ཆ་འབྱེད་ཚུལ་འདི་སྟོན་པ་རང་ཉིད་ཀྱིས་གསུངས་པ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་གསུངས་སོ།།རང་བཞིན་གྱིས་མ་སྐྱེས་པ་དང་མ་སྐྱེས་པ་ལ་ཁྱད་མེད་ན་དགོངས་གཞི་འཇོག་དོན་མེད་པའི་ཕྱིར།
དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས།།དངོས་རྙེད་ངོ་བོ་གཉིས་འཛིན་པར་འགྱུར།།ཞེས་པ་ལྟར་སྦྲང་རྩི་ལས་ལོགས་སུ་སྦྲང་རྩིའི་རོ་མེད་པ་ལྟར་གཟུགས་སོགས་ཆོས་ཐམས་ཅད་ཀྱི་སྟེང་ན་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཉིས་རང་བཞིན་ལྷུན་འགྲུབ་ཏུ་ཡོད།
ལོག་རྟོགས་སྙིང་སྟོབས་ལས། མདོར་ན་རི་བོ་དགེ་ལྡན་པའི་མཁས་པ་དག་གིས་གསུངས་ན། བོད་སྔ་མ་ཚོའི་འདོད་པའི་ཐ་སྙད་ཚད་གྲུབ་མིན་པ་དང་། ཁས་ལེན་མེད་པའི་ལྟ་བ་ལྟ་བུའི་ལོག་རྟོགས་རྫབ་ཆེན་དེ་འདྲ་ནི་མུ་སྟེགས་རྒྱང་འཕེན་པའི་རྒྱུད་ལ་སྐྱེ་མ་མྱོང་ཞིང་། གལ་སྲིད་ཁོ་ཚོས་ལྟ་བ་དེ་ཉིད་ལག་ལེན་དུ་བཏབ་པའི་དབང་དུ་བཏང་ན་ནི། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་རྣམ་གཞག་ལྟ་ཅི་སྟེ། སོ་ནམས་ཞིང་ལས་སོགས་ཚེ་འདིའི་འཚོ་ཚིས་ཙམ་ཡང་འགྲུབ་ཐབས་མེད་པས་རིགས་ལོག་དེའི་གྲས་ནི་ལྟོགས་གྲིར་འཆི་བའི་མན་ངག་དེའི་ཡན་མེད་པ་ཞིག་རེད་འདུག་ཆེས་དགག་པ་བརྒྱབ་ཡོད། དེ་བཞིན་བོད་སྔ་རབས་པའི་མཁས་པ་རྣམ་པས་ཀྱང་། དགེ་ལྡན་པ་ཚོས་ཚད་མའི་ལུགས་ལ་ཡན་ལག་ལས་ལོགས་སུ་ཡན་ལག་ཅན་གྱི་རྫས་ཁས་བླངས་པ་འདིས་གང་ཟག་གི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་ཆུལ་བསྐྱུར་པ་རེད། དབུ་མའི་ལུགས་ལ་སྣང་བ་ཟུར་དུ་བཞག་ནས་བདེན་གྲུབ་ལོགས་སུ་འཚོལ་ཁུལ་བྱས་པ་དེས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་རླུང་ལ་བསྐུར་བ་རེད། ལུགས་འདིའི་དགག་བྱ་འཚོལ་སྟངས་དང་གཉེན་པོ་བསྟེན་སྟངས་དེ་ཚོ་ནི་དགྲ་བོ་བསྐྱུར་ཏེ་གྲིབ་མ་ལ་འཐབ་འཛིང་བྱེད་པ་ཡིན་པས་བསྐལ་པ་བརྒྱ་ཡི་བར་དུ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཅུང་ཟད་ཙམ་ཡང་ཡོད་མི་སྲིད། ཅེས་སོགས་སྐྱོན་འདོགས་རྐྱང་བྱེད་དེ། འོ་ན་ལུགས་དེ་གཉིས་ལས་གང་ཞིག་མ་འགྲིག་པ་ཡིན་ཟེར་ན་གཉིས་ཀ་མ་འགྲིག་པ་ཡིན། དེ་ཡང་བོད་ཀྱི་མཁས་པ་རིམ་བྱོན་གྱི་ཁྲོད་དུ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་འཚོལ་མཁན་ཁོ་ན་མ་གཏོགས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་དེ་འགྲིག་མིན་གྱི་ཕྱོགས་སུ་བསམ་བློ་གཏོང་ཕོད་མཁན་མི་གཅིག་ཀྱང་མེད་པས་ལན་སོང་བ་རེད། ཁོང་རྣམ་པ་ལ་ཡང་ཐུགས་ཁག་ཁྱོན་ནས་མེད་དེ། ཀླུ་སྒྲུབ་ཡབ་སྲས་ཀྱི་མཁྱེན་དཔྱོད་ལ་ཧ་མི་ལས་མཁན་ཞིག་དང་། དབུ་མའི་རིགས་པ་ལ་ངོ་མི་མཚར་མཁན་གྱི་མཁས་པ་ཞིག་འཇིག་རྟེན་འདིར་བྱུང་མ་མྱོང་ལ། ཁོང་ཡབ་སྲས་ཀྱི་དགོངས་པ་བཞེས་སྟངས་དེར་རྩ་བ་རང་ནས་མ་འགྲིག་པའི་ནོར་འཁྲུལ་ཞིག་ཤོར་ཡོད་སྙམ་པའི་བསམ་བློ་སུ་ལ་ཡང་འཁོར་མྱོང་མེད། འོན་ཀྱང་མིའི་རིགས་ཀྱི་ཤེས་རབ་རིམ་གྱིས་གོང་དུ་འཕེལ་ནས་དུས་རབས་ཉི་ཤུ་པར་སླེབ་ན། ད་གཟོད་སྔོན་གྱི་མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་བློ་སྐྱེད་ཁག་ཅིག་རག་ཡོད་པ་རེད། སྔོན་ཆད་དུས་ཚོད་ནི་ཕྲེང་ཐགས་ལྟ་བུ་དང་། སྐྱེ་འཇིགས་ཅན་གྱི་དངོས་པོ་སྣ་ཚོགས་ནི་དུས་ཚོད་དེར་བརྒྱུས་པའི་ཕྲེང་རྡོག་ལྟ་བུའི་ངོས་འཛིན་ཡོངས་ཁྱབ་ཀྱིས་བྱེད་ཀྱིན་ཡོད། གནའ་བོའི་རྒྱ་གར་གྱི་སློབ་དཔོན་རྣམ་པས་ཀྱང་ལྟ་ཚུལ་དེ་ཉིད་གཞིར་བཞག་གི་ཐོག་ནས་དུས་ཀྱི་ཐུང་མཐའ་མའི་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་ཤས་ཡོད་མེད་ཀྱི་བརྟག་དཔྱད་གནང་བ་རེད། ཆ་ཤས་ཡོད་ན་ཐུང་མཐའི་དོན་མེད་ཅིང་ཆ་མེད་ཡིན་ན་རྒྱུན་རྩོམ་མི་ཐུབ་པར་གཟིགས་ནས་ཤེས་པ་སྐྱེ་མེད་དུ་གཏན་ལ་ཕབ་པ་རེད། གལ་སྲིད་ལྟོས་བཅས་ཚན་རིག་འདི་བྱུང་མེད་ན་དབུ་མའི་རིགས་པ་འདི་ལ་ལན་འདེབས་སུས་ཀྱང་ནུས་རེ་བྲལ། དགེ་ལྡན་པའི་མཁས་པ་ཚོས་ཤེས་པ་མེད་ཟེར་བཞག་ན་སྐུར་འདེབས་སུ་འགྲོ་བར་དགོངས་ཏེ། ཤེས་པ་སྐད་ཅིག་མ་གཉིས་མཐུད་ནས་རྒྱུན་རྩོམ་སྐབས་བར་སྟོང་མེད་ཅིང་ཐུག་འཕྲད་ཀྱང་མེད་པ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་གསུངས་ཀྱང་། བར་སྟོང་དང་ཐུག་རེག་གཉིས་ཀ་མེད་པ་ཞིག་ཡོང་ཐབས་རྩ་བ་ནས་མེད། ལྟོས་བཅས་སྨྲ་བས་དངོས་པོ་སོ་སོའི་འགུལ་སྐྱོད་ལས་ལོགས་སུ་དུས་ཚོད་རང་རྐྱབར་མེད། ཅེས་བཤད་པ་འདིས་གཞི་ནས་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་ཤས་ཡོད་མེད་བརྟག་པ་ནི་དོན་མེད་སྐོར་ལོག་གི་བསམ་བློ་ཡིན་པར་ར་འཕྲོད་པ་རེད། དེ་བཞིན་ཡབ་སྲས་ཀྱིས་བེམ་པོ་ལ་དཔྱོད་པའི་སྐབས་སུ། རགས་པ་བཤིག་ན་རྡུལ་དུ་འཇིག་འགྲོ་ལ། རྩོམ་གཞིའི་ཕྲ་རྡུལ་དེའང་ཕྱོགས་ཀྱི་ཆ་དང་བཅས་པ་ཡིན་ན་ཆུང་མཐའི་དོན་མེད་ཅིང་ཆ་མེད་ཡིན་ན་རགས་པ་རྩོམ་མི་ནུས་པར་དགོངས་ཏེ་རྡུལ་ཕྲན་སྐྱེ་མེད་དུ་གཏན་ལ་ཕབ་པ་རེད། གལ་སྲིད་ཚད་རྡུལ་ནུས་རིག་འདི་བྱུང་མེད་ན་དབུ་མའི་རིགས་པ་འདི་ལ་ལན་འདེབས་ནུས་རེ་བྲལ། དགེ་ལྡན་པས་བེམ་པོ་གཞི་མེད་དུ་ཁས་བླངས་ན་སྐུར་འདེབས་སུ་འགྲོ་བར་དགོངས་ཏེ། རྩོམ་གཞིའི་རྡུལ་དེ་ཆ་བཅས་སུ་ཡོད་པ་ཀླུ་ཡི་དགོངས་པ་ཡིན་རྒྱུར་བྱས་ཀྱང་། སྟེང་འོག་གི་ངོས་སོ་སོར་དགར་རྒྱུ་ཡོད་པའི་ཆུང་མཐའ་ཞིག་ག་ལ་སྲིད། ཚད་རྡུལ་སྨྲ་བས་གཟུགས་མེད་ནུས་ཁྱམས་ཀྱི་ཀློང་ནས་གཟུགས་ཅན་གྱི་གསོབ་རྡུལ་ཐོན་པར་བཤད་པ་འདིས་ད་གཟོད་བོངས་ཚད་ཁོ་ནའི་ཆ་ནས་དཔྱད་པ་གཏོང་བ་དེ་ནོར་འཁྲུལ་གྱི་བསམ་བློ་ཡིན་པར་ར་འཕྲོད་པ་རེད། ཁོ་བོས་ལྟོས་བཅས་ཚན་རིག་དང་། ཚད་རྡུལ་ནུས་རིག་གི་སྒྲ་ཙམ་ཐོས་མ་ཐག་གསར་ཞེན་གཡམ་རྒྱུག་བྱས་ཏེ། དབུ་མའི་རིགས་པ་ལ་ཁྱད་གསོད་བྱས་པ་ཞིག་གཏན་ནས་མིན། ང་ཚོས་གཞུང་ཆེན་ཁག་ཏུ་རྣམ་གཞག་གང་ལ་ཡང་དགག་སྒྲུབ་སྤང་གསུམ་གྱི་སྤྲོས་པ་གྲ་རྒྱས་པོ་ཞེ་དྲག་མཛད་ཡོད་ཀྱང་། གང་མཚམས་ཤིག་ལ་སླེབ་དུས་དད་པ་དག་སྣང་འདྲ་སྦྱངས་ཏེ་སྡོད་རྒྱུ་མ་གཏོགས་མཐའ་འགྲོ་བ་ཞིག་རྩ་བ་ནས་བྱུང་མི་འདུག་ལ
བུམ་པའི་ཆ་ཤས་རེ་རེ་ལ་མཛུབ་མོ་བཙུགས་ནས་བུམ་པ་ཡིན་མིན་དཔྱོད་པ་ཙམ་འཇིག་རྟེན་རང་ག་བ་ལ་ཡོད་ཀྱང་མཐར་བུམ་པའི་ཆ་ཤས་ནས་བུམ་པ་བཙལ་ནས་མ་བརྙེད་པ་ན་བུམ་པ་མེད་ཅེས་འཇིག་རྟེན་རང་ག་བས་ཀྱང་མི་ཟེར། ཆ་ཤས་ཚོགས་པ་དེ་ཡང་བུམ་པ་མིན། དེ་ལས་གཞན་དུ་བུམ་པ་མེད་པས་བུམ་པའི་གདགས་རུང་གི་ཆ་ཤས་ཚོགས་པ་དེ་ལ་བུམ་པ་ཞེས་པའི་མིང་ནམ་བཏགས་པ་ན་བུམ་པ་གྲུབ་པ་ཡིན། ཆོས་ཐམས་ཅད་མིང་ཙམ་ཟེར་བ་དེ་འདྲ་རེད། དེ་ནི་བུམ་པ་བདེན་པར་མེད་པའི་རྟགས་རེད། དེ་ལྟར་བློ་ཡི་གོམས་པ་སྔོན་དུ་སོང་ནས་མིང་གིས་ཕར་བཏགས་ཙམ་མ་ཡིན་པའི་ཕར་ངོས་ཀྱི་ལིང་ལིང་བའམ་ཚུགས་ཐུབ་པ་དེ་ཞིག་ཚེ་སྟོང་སང་གི་སྣང་བ་ཤར། དེ་ཡང་སྟོང་ཉིད་ཀྱི་ཕྱོགས་ན་མེད། ཇི་སྐད་དུ། སྟོང་བ་ཉིད་ལ་གོམས་པ་ཡིས།།འཚོ་བ་དག་ལ་བག་ཡོད་འཐོབ།།ཞེས་པ་ལྟར་ནམ་ཞིག་མིང་རྐྱང་བཏགས་ཡོད་ཙམ་ལ་བྱ་བྱེད་ཀྱི་རྣམ་བཞག་ཐམས་ཅད་འཇོག་ཐུབ་པ་དང་བྱམས་སྙིང་རྗེ་སོགས་རྟེན་འབྲེལ་ཀུན་རྫོབ་ཀྱི་རྣམ་བཞག་གཙུགས་སུ་འཛིན་པ་ན་སྟོང་ཉིད་ལ་བློ་ཁ་ཕྱོགས་པའི་རྟགས་ཡིན་གསུངས། རྗེ་རིན་པོ་ཆེས་དབུ་མའི་ལྟ་ཁྲིད་གནང་པའི་སྐབས་ལ་འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་ལ་སྟོང་སང་གི་སྣང་བ་ཤར་ནས་ང་མི་འདུག་ཅེས་ལག་པ་གོས་གྱི་གོང་བ་ལ་བཞག་ནས་ཀུན་རྫོབ་ཏུ་ཡོད་པ་རྟོགས་པའི་ལོ་རྒྱུས་ཡོད་པ་ལྟར་རེད། ། བུམ་པའི་བཏགས་དོན་འཚོལ་བའི་རིགས་པ་ཐལ་འགྱུར་བའི་ལུགས་ལ་དོན་དམ་དཔྱོད་བྱེད་དང་རང་རྒྱུད་པའི་ལུགས་ལ་ཀུན་རྫོབ་དཔྱོད་བྱེད་དུ་ཡིན།
གོང་གི་མཆན་༤༢་ལོག་རྟོག་སྙིང་སྟོབས་ལ་མོལ་བ།
བོད་མི་རིགས་དང་རིག་གཞུང་གང་ལའང་མི་ཕན་པའི་ལོག་རྟོག་སྙིང་སྟོབས་ཉིད་དམ། མུན་ནག་གི་ལྟ་བ་ཐོད་དུ་བཅིངས་པའི་ལོང་བ་གཡང་མཆོངས་དང་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་མི་ཤེས་པའི་ལོག་རྟོག་རྫབ་ཆེན་དེ་འདྲ་ནི་མུ་སྟེགས་རྒྱང་འཕེན་པའི་རྒྱུད་ལའང་སྐྱེ་མ་མྱོང་ཞིང་། གླགས་བལྟ་བའི་སྐབས་འཚོལ་རིང་ལུགས་པ་ཚོ། ཡོད་པ་བཞག་ནས་མེད་པ་འཚོལ་བའི་ལག་སྟོང་གི་ཁ་ཤོམ་མ་ཤོད། སྐྱེས་བུ་དམ་པ་དང་ཆོས་ལ་སྐུར་བ་འདེབས་རྒྱུ་མཚམས་བཞག་ན་གང་འདྲ།
མཁས་དབང་དགེ་ཆོས་ཀྱིས་བཙུན་མ་གཡང་འཛོམས་ལ་གདམས་པའི་བསླབ་བྱའི་གནད་བསྡུས་ན།
ཉོན་མོང་ལས་དང་བག་ཆགས་ཐམས་ཅད་ཀྱང་། རྩལ་ལས་རོལ་པར་ཤར་བའི་ཆོས་ཉིད་ལགས།
གཉེན་པོ་ཟག་བཅས་ཐར་པའི་ལམ་ཉིད་ཀྱང་། རྩལ་ལས་རོལ་པར་ཤར་བའི་ཆོས་ཉིད་ལགས།། གསུངས་པའི་གནད་འདི་ཡིན། གཞན་ཡང་། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། སོགས་ནི་རྒྱལ་བའི་དགོངས་པ་མཐར་ཐུབ་ཟབ་མོ་རྟེན་འབྱུང་གི་དགོངས་པ་སྟེ། ཐ་སྙད་ཚད་གྲུབ་བམ་གཞན་སྟོང་འཇོག་ལ་བློ་མི་བདེ་བའི་རྩ་བའང་འདི་ལ་ཐུག་ཡོད།། །།
སྟོང་ཉིད་ཟེར་པ་དེ་གོ་བདེ་བོའི་ཐོག་ནས་བཤད་ན་འདི་འདྲ་ཞིག་ཡིན་པ་འདྲ།
ཅོག་རྩེ་གྲུ་བཞི་མ་ཞིག་ལ་ཆ་བཞག་ན་སུག་ཏི་བཞི་བོ་བཀོག་ནས་གཡས་གཡོན་གྱི་ཟུར་ཞིག་ཏུ་བཞག་པ་ཡིན་ན་ཤུལ་ན་ཡོད་པ་ནི་པང་ལེབ་རྐྱང་བ་ཡིན་ཙང་དེ་ལ་ཅོག་རྩེ་ཞེས་མི་ཟེར་པ་ཡིན། ཅོག་རྩེ་ཞིག་ཆགས་དགོས་ན་ཡིན་གཅིག་པང་ལེབ་དེའི་ཡོག་ལ་སུག་ཏེ་བཞི་་བོ་ཆ་ཚང་དགོས་པ་ཡིན་པ་འདྲ། ཤིང་གི་རྐང་སུག་བཞི་དང་པང་ལེབ་གཅིག་བསྡོམས་པས་ཅོག་རྩེ་ཆགས་པ་རེད། དཔེ་མཚོན་འདི་འདྲ་ཞིག་གི་ཐོག་ནས་རྣམ་དཔྱོད་ཡོད་མཁན་ཞིག་ཡིན་ན་དངོས་པོ་དང་ཅ་ལག་གཞན་དག་ཚང་མ་ཡང་སྟོང་པ་ཉིད་ཡིན་ཚུལ་འདྲ་འདྲ་བྱས་ནས་རིགས་སྒྲེ་གཏོང་ཆོག་གི་རེད།
མྱི་ཞིག་ལ་མཚོན་ན་ཡང་དེ་དེ་བཞིན་རེད། ཡར་མར་བཤད་རྒྱུ་མང་དྲགས་ན་མགོ་ན་རོགས་ཡིན། དེ་ལས་ཁ་ཐུག་དང་སྟབས་བདེ་སྩ་མོའི་སྒོ་ནས་བསམ་བློ་གཏོང་ཐུབ་དོན་དག་ག་རེ་ཡིན་ན་ཡང་རྟོགས་སླ་གི་རེད།
སླ་མོ་དཀའ་མོ་གི་གཏོང་བ་དང་། ཆུང་ཆུང་ཆེན་པོ་གི་གཏོང་རྒྱུ་དགའ་བའི་མིརིགས་ཤིག་ཡིན་ན་ཤིང་རྟ་འཁོར་ལོ་དང་ཤོག་བུའི་གནམ་གྲུ། ད་རུང་འབར་ཞུན་ཚག་སྒྲ་ཞིག་བཟོ་བར་ཡང་མི་ལོ་སྟོང་ཕྲག་དགོས་གི་རེད།
ང་རང་ལས་ཀ་ལ་འགྲོ་དགོས་པས། མང་བོ་བཤད་ལོང་མེད་ཀྱང་། དང་བོ་ཐལ་རང་གཉིས་ཀྱི་ཁྱད་པར་ལ་རྗེ་
ཡིས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་མི་བཞེས་ཀྱི་སྒོ་ནས་བཞག གོ་ཀར་འཇུ་གསུམ་གྱིས་གཏན་ལ་
འབེབས་པའི་ཆེ་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་འཆད་མི་འཆད་ཙམ་ལས་མཐར་ཐུག་གི་ལྟ་བ་
ལ་ཁྱད་མེད་ཅེས་གསུངས། དེ་ལ་རང་རྒྱུད་པས་རང་མཚན་ཞལ་གྱིས་མི་བཞེས་ན། སེམས་ཙམ་པས་ཀུན་བཏགས་རང་གིས་མཚན་གྱིས་གྲུབ་པར་གསུངས་པ་ལ། ལེགས་ལྡན་གྱིས་དབུ་མ་སྙིང་བོར་ཀུན་བཏགས་མེད་པ་
མ་ཡིན་ཏེ། །ཞེས་པའི་ཐད་ཀྱི་རྟོག་གེ་འབར་བ་དང་དེའི་འགྲེལ་བཤད་གཉིས་ཀ་ནས་ཀུན་བཏགས་རང་མཚན་
གྱིས་མ་གྲུབ་ན་ཀུན་བཏགས་མ་ཟད་གཞན་དབང་དང་ཡོངས་གྲུབ་གཉིས་ལ་ཡང་སྐུར་འདེབས་སུ་འགྱུར་བར་
གསུངས་པ་དང་། བདག་ནི་རྣམ་ཤེས་ཡིན་ནོ་ཞེས་གང་ཟག་གི་བཏགས་དོན་བཙལ་བ་ན་མཚན་གཞི་ཡིད་ཀྱི་
རྣམ་ཤེས་རྙེད་པར་གསུངས་པ་དང་། གཞན་ཡང་འཇུག་འགྲེལ་ལས། དོན་དམ་པར་གཞན་སྐྱེས་རང་གི་མཚན་
ཉིད་ཀྱིས་མེད་ཀྱང་ཐ་སྙད་དུ་ཡོད་པར་གསུངས་པ་དང་། ཡང་བདེན་གཉིས་ལས་མདོ་སྡེ་བས་དོན་དམ་པར་
རང་མཚན་འདོད་ལ་དབུ་མ་བས་རང་མཚན་ཀུན་རྫོབ་ཏུ་འདོད་པར་གསུངས་ཤིང་། འཇུག་འགྲེལ་དུ་དེ་ལྟར་དུ་འདོད་པ་དེས་དབུ་མའི་བསྟན་བཅོས་ཀྱི་དོན་མ་ཤེས་པ་ཡིན་ཚུལ་གསུངས་པ་སོགས་ལུང་མང་དུ་ཡོད་པ་འདི་
དག་ལ་གོ་ཀར་འཇུ་གསུམ་གྱིས་མི་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པའི་གསལ་བཤད་གང་ཡང་མི་འདུག་ལ།
ཡང་རང་རྒྱུད་ཀྱི་དོན་ནི་རྗེ་ཡིས་ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་གསུངས་ལ། དེས་ཁུངས་ནི་ཤེར་སྒྲོན་ལས། ད་ནི་རང་དབང་དུ་རྗེས་སུ་དཔག་པ་སྟོན་པ་ཞེས་ལན་དུ་མར་གསུངས་པ་དང་།
འཆི་མེད་མཛོད་ལས། རང་རྒྱུད་རང་དབང་བདག་དབང་དང་། །ཞེས་རང་རྒྱུད་ཀྱི་དོན་ནི་རང་དབང་གི་དོན་
ཡིན་པར་གསུངས་པ་སོགས་ལ་བརྟེན་པར་བཞེད་པ་ལ་གོ་ཀར་འཇུ་གསུམ་གྱིས་འགྲེལ་བཤད་ཇི་ལྟར་བྱེད་དམ།
ད་ཡང་ཁོམ་པོ་བྱུང་མ་སོང་། ལས་ཀར་འགྲོ་དགོས་བྱུང་སོང་།
རོང་ཟོམ་གྱིས། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི།།ཞེས་པ་ལྟར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་བཤད་ན། དོན་དམ་པར་ཡོད་པ་མ་ཡིན་ཏེ་ཡོད་ན་རྒྱལ་བས་མ་གཟིགས། ཐ་སྙད་དུ་མེད་པ་མ་ཡིན་ཏེ་འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར།
མིག་བརྒྱད་པ་ལགས། དེ་ཉིད་ལས། རྒྱུ་མཚན་རྒྱུ་མཚན་ཟེར་མཁན་དེ་ཚོ་ད་ནི་རྒྱུ་མཚན་ལ་གཡོལ་ནས་མ་འདུག་ཅིག དགག་རྩོམ་འདི་ལ་ལན་མ་བྱུང་ན་ལན་མ་ཐེབས་པ་ལས་མ་བཏབ་པའི་གྲས་སུ་བརྩི་རྒྱུ་མིན། ཚིག་སྤུ་གཏོག་ལ་དགའ་བའི་དགེ་ལྡན་པ་ཚོས་ཚིག་སྐྱོན་ཐོངས། དོན་དམར་འཇུ་ལ་མཁས་པའི་རྙིང་མ་པ་ཚོས་དོན་སྐྱོན་ཚོལ། ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ནའང་ཟུག་དགོས་པས་འཆུགས་མི་ཉན། ལྷག་པར་དུ་བསྟན་པའི་ནང་སྙིང་དོན་དམ་སྟོང་ཉིད་ཀྱི་སྐོར་ནས་གླེང་དང་། ་་་་་་་་་་་་་་་་ ད་དུང་མིང་མ་སྨོས་ཀྱང་སུ་ཞིག་གི་མཚང་དུ་ཕོག་པའི་མི་དེ་དག་རང་རྩོམ་ལོག་རྟོགས་སྙིང་སྟོབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དང་། དགྲ་བོ་གཉིས་ཀ་ཡིན་པས་དེ་ཀུན་ལ་ཚག་སྒྲ་དང་ཚིག་སྒྲ་ཅི་ཙམ་གྲག་རྒྱུ་འདུག་ཁོ་བོས་ཉན་རྣ་དང་ངང་སྒུག་བྱས་ནས་བསྡད་ཡོད་དོ་ཟེར། །
འཇམ་དབྱངས་དགའ་བློའི་དབུ་མ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི།།ཞེས་སོགས་ཀྱི་སྐབས་མང་པོར། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་མིན་ཞེས་པ་ཤིན་ཏུ་གྲགས་ཆེ་བས། རེ་ཞིག་དཔྱད་ན། འཇིག་རྟེན་ཞེས་པ་སྔར་བཤད་པ་བཞིན་ཁ་འཆམ་པ་མཛོད་ཅིག །ཤེས་བྱ་ཆོས་ཅན། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་ཡིན་པར་ཐལ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་སྟོང་སྒྲུབ་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། རྟེན་འབྲེལ་གྱི་རྟགས་ཀྱིས་བདེན་སྟོང་སྒྲུབ་པའི་ཕྱོགས་ཆོས་འཇིག་རྟེན་གྱི་མངོན་སུམ་ཚད་མས་གྲུབ་པའི་ཕྱིར། དེར་ཐལ། ཚད་མ་དེས་མྱུ་གུ་ས་བོན་ལ་བརྟེན་ནས་སྐྱེ་བ་གྲུབ་པའི་ཕྱིར་རོ། །དེས་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ། འཇིག་རྟེན་པའི་མངོན་སུམ་ཚད་མར་རུང་ཡང་། དེ་ཁོ་ན་ཉིད་ལ་ཚད་མར་མི་རུང་ཞེས་རྣམ་པར་དབྱེ་དགོས་ཏེ། དེ་ཁོ་ན་ཉིད་ལ་དཔྱོད་པ་ཙམ་ནས་དེ་ཁོ་ན་ཉིད་རྟོགས་མི་དགོས་པའི་ཕྱིར་ཏེ། ཕྱོགས་ཁྱབ་འཇལ་བའི་དུས་སུ་བསྒྲུབ་བྱ་ལ་དཔྱད་པ་ཡིན་ཀྱང་བསྒྲུབ་བྱ་རྟོགས་མི་དགོས་པའི་ཕྱིར་རོ།།གནད་འདི་ལྟ་བུ་གོང་འོག་ཀུན་ཏུ་ཁྱེར་དགོས་སོ།།ཞེས་གསུངས་སོ། །
འཇམ་དབྱངས་དགའ་བློ་ནི་༡༤༢༩་ལོར་དབུས་ཀྱི་ཚལ་གུང་ཐང་དུ་སྐུ་འཁྲུངས། འདིས་སློབ་གཉེར་མཛད་པའི་སྐབས་ཤིན་ཏུ་བཀྲེན་ཡང་རྒྱུན་དུ་ཆོས་གྲྭར་ཕེབས་ནས་ལུང་གི་གོ་རྒྱ་ཤིན་ཏུ་ཆེ་ཞིང་རིགས་པའི་འཕུལ་མཚམས་ཤིན་ཏུ་ཟབ་པ་དང་། སྐུའི་སྟངས་སྟབས་ཧ་ཅང་མཉེན་པའི་སྒོ་ནས་རྩོད་པ་མཛད་པར་འཇམ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་ནས། ཁྱེད་ཀྱི་བློ་གྲོས་དེ་འདྲ་ཞིག་ང་ལ་ཡོད་ན་དགའ་བ་ལ་ཞེས་གསུང་དངོས་སུ་བྱོན་པ་ནས་རྗེ་འདིའི་མཚན་ལ་འཇམ་དབྱངས་དགའ་བའི་བློ་གྲོས་ཞེས་གྲགས།
རྗེས་སྔ་རྩོམ་གསེར་ཕྲེང་དུ་ལྟ་བ་སྔ་རབས་པ་ལྟར་བཀྲལ་ཞིང་ཕྱི་རྩོམ་རྣམས་སུ་སྔ་རབས་པའི་ལྟ་བ་དགག་ཕྱོགས་སུ་བཟུང་སྟེ་དགག་པ་བསྐྱོན་པ་མ་ཤེས་པ་ནི་རྗེའི་ལྟ་བ་ལ་བློ་ཁ་ཕྱོགས་ཙམ་ལས་ཕུགས་ཀྱི་གནད་འཚོལ་མ་ཤེས་པའི་རྟགས་ཡིན་གྱི། རྗེས་འཇུག་སློབ་བུ་རྣམས་ཀྱིས་གོ་བ་ལོན་མི་འདུག་ཟེར་ན་དེ་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་མ་རེད་དམ།
ར་རྒྱ་ལགས། གང་དག་དུད་འགྲོར་བསྐལ་མང་བསྐྱལ་བ་དེ་ཚོར་བདེན་འཛིན་ཡོད་དམ། ཁོང་ཚོས་རྩ་འདི་ལྟོས་མེད་རང་དབང་བའི་རྩའོ་སྙམ་མམ། ཡང་ན་དེ་འདྲའི་ཁྱད་མ་ཕྱེ་བར་ཟ་བྱ་ཞིག་རེད་སྙམ།
དབུ་མ་དང་ཚད་མའི་གཞུང་ལུགས་ལ་རྒྱུན་རིང་མ་སྦྱང་ན་བདེན་འཛིན་སྐྱེ་དཀའ་ཙམ་སྣང་བ་དེ་ལྟར་ལགས་སམ།
སྤྱང་ཤོག་ལགས། ལོག་རྟོགས་སྙིང་སྟོབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་ལྷ་མེད་འདྲེ་མེད་ཅིག་ལ་བསྟན་པའི་ནང་སྙིང་དད་པ་ནས་བཟུང་ཡོད་ཚད་དགག་པའི་འཇིག་རྟེན་རྒྱང་འཕེན་པ་ལས་ཀྱང་སྡུག །ལོག་རྟོག་གི་མུན་པ་མཐུག་པོས་ལས་རྒྱུ་འབྲས་ལ་སྐུར་བ་འདེབས་པའི་ཁ་ཤོམ་རི་རབ་ལས་དཔང་མཐོ་ཞིང་ང་ཆེ་ང་བཙན་གྱི་མངོན་པའི་ང་རྒྱལ་ལྕགས་ཁམས་ལས་སྲ་བ་འདི་ལ་ལོག་རྟོག་སྙིང་སྟོབས་ཟེར། ཕར་རྒྱ་གུང་ཁྲན་རིང་ལུགས་པའི་ལྟ་བ་བཟུང་ནས་ཚུར་ཨ་ཕའི་མགོ་ལ་སྟ་རེའི་དཔེ་ལྟར་འབུར་འཇོམས་གྱིས་དང་ཁྱོད་ཅག་གི་སྙིང་སྟོབས་དགུ་འགྱུར་དུ་འགྱུར་རོ།།ང་ཚོ་བོད་གངས་ཅན་པའི་ཆོས་ལུགས་པ་སྤྱི་དང་ས་དགེ་ཀར་རྙིང་རིས་སུ་མ་མཆིས་པའི་མཁས་པ་དག་གིས་གནའ་ནས་ད་བར་དད་པའི་སྙིང་སྟོབས་གཙུག་ཏུ་བཀུར། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་པ་ཟེར་བའི་མིང་འདི་གོ་ལ་རིལ་བོའི་སྟེང་དུ་མ་ཉམས་པར་ཟིན་ཡོད། གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་ལྷུང་མེད། ཁྱོད་ཚོ་ལ་ངེས་པ་ཅི་ཆ།
ལྟོས་གྲུབ་ལས་གཞན་དུ་གྱུར་པའི་ཚད་མ་ཞིག་འཇོག་མི་ནུས་ཏེ་དཔེར་ན་མི་ལ་མཚོན་ན་གཱང་གའི་ཀླུང་ཆུ་ཡིན་པ་ ཚད་མས་གྲུབ་ཅིང་དེ་ཡང་མི་ལ་ལྟོས་ནས་ཚད་གྲུབ་རེད་ཟེར་དགོས་པ་ལས་མཐའ་གཅིག་ཏུ་གཱང་གའི་ཀླུང་ནི་ཆུ་ཡིན་པ་ལས་རྣག་ཁྲག་དང་བདུད་རྩི་སོགས་མིན་ཟེར་བ་ནི་ཚད་མས་གྲུབ་མི་ནུས།རང་རང་སྣང་བ་དེ་རང་ངོར་ཚད་མ་ཡིན། ཆུ་གཅིག་པོ་ཡང་རང་འཛིན་གྱིས། །ཚད་མས་གྲུབ་ཀྱང་ལྟོས་མེད་དུ། །རང་དབང་ཁོ་ནས་གྲུབ་མིན་ཏེ། །དོན་དམ་དཔྱོད་པས་མི་གྲུབ་ཅིང༌། །ཡི་དྭགས་ངོར་ཡང་གྲུབ་མི་འགྱུར། །ཞེས་
དང་པོ་དོན་དཔྱོད་རིགས་པས་དཔྱད་ན་མི་འགྲུབ། མདོ་ལས།མིག་དང་རྣ་བ་སྣ་ཡང་ཚད་མ་མིན།ཞེས་གསུངས་པ་དེ་ཕྱི་རབས་པའི་མཁས་པ་ཁ་ཅིག་གིས་མིག་སོགས་ནི་དོན་དམ་རྟོགས་པ་ལ་ཚད་མ་མ་ཡིན་ཟེར་བ་ལས་ཐ་སྙད་གཟུགས་སོགས་ལ་ཚད་མ་ངེས་པར་དུ་ཡིན་དགོས་ཟེར།བོད་སྔ་རབས་པ་དག་གིས་ནི་དོན་དམ་དཔྱོད་བྱེད་ལ་མིག་སོགས་ཚད་མ་ལྟ་ཅི་ དོན་དམ་དཔྱོད་བྱེད་ཀྱིས་དཔྱད་ན་མིག་ཤེས་དེ་གཟུགས་ལ་ཡང་ཚད་མ་མིན་རྣ་ཤེས་དེ་སྒྲ་ལ་ཡང་ཚད་མ་མིན་ཞེས་ཟེར་བ་ཡིན།རྟོག་པས་ཕར་བཏགས་ཟེར་བ་ཡང་དེ་ཡིན།འདོགས་བྱེད་ཀྱི་རྟོག་པ་ནི་རྟོག་བཅས་ཙམ་ མ་ཡིན་པར་ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ཅད་ཡིན།འདོགས་བྱེད་རྟོག་བཅས་ཙམ་དུ་བཤད་ན་ཁྱབ་ཆུང་བ་ཡིན། དེ་ནི་མི་སྐྱོན་ཏེ་རྟོག་བཅས་ཀྱིས་ཡུན་རིང་གོམས་ན་ནམ་ཞིག་རྟོག་པས་ཇི་ལྟར་བཟུང་བ་ལྟར་སྣང་ཡོང་བ་ཡིན་ཞེ་ན། དེ་ཙམ་ཞིག་སུས་སྨྲ་བ་ཡིན།དབུ་མའི་རྟོག་པས་ཕར་བཏགས་དེ་ཙམ་ཞིག་མ་ཡིན།མིག་དང་རྣ་བ་སྣ་ཡང་ཚད་མ་མིན།ཞེས་པ་དང་རྟོག་པས་ཕར་བཏགས་དོན་གཅིག་ཡིན།ཀ་བ་སོགས་མིག་ཤེས་ཀྱིས་བཏགས་པ་ཡིན་ལ་དེ་ཡང་མུན་པ་ཚབ་ཚུབ་ཀྱི་དུས་སུ་མིག་ཞིག་གིས་ཐག་ཁྲ་ཞིག་མཐོང་བ་ན་སྦྲུལ་ཞིག་མངོན་སུམ་མཐོང་ངོ་སྙམ་དུ་སྐྲག་སྣང་སྐྱེས།དེ་ཚེ་གཞན་ཞིག་གིས་སྒྲོན་མེ་སྦར་ནས་འདི་སྦྲུལ་མ་རེད་ཐག་ཁྲ་ཞིག་རེད་ཅེས་གོ་བརྡ་སྤྲད་ནས་སྦྲུལ་ཡིན་པ་ དགག་ཅིང་ཐག་ཁྲ་ཡིན་པ་སྒྲུབ་པ་ན་དེ་ཚེ་མི་དེས་འོ་འདི་ཐག་པ་ཡིན་གྱི་སྦྲུལ་རེད་མི་འདུག་ངས་སྦྲུལ་མངོན་སུམ་དུ་མཐོང་བར་བསམ་ཡང་དོན་དུ་ཐག་འཛིན་གྱི་ཤེས་པ་ཞིག་ལས་སྦྲུལ་འཛིན་གྱི་ཤེས་པ་སྐད་ཅིག་ཙམ་ཡང་སྐྱེ་མྱོང་མི་འདུག་སྙམ་དུ་སེམས་པ་ན་གོང་གི་སྦྲུལ་འཛིན་དེ་རྟོག་པས་བཏགས་པར་སོང་།དེ་བཞིན་དུ་ཡང་ཐག་ཁྲར་འཛིན་མཁན་ལ་ཁྱོད་ཀྱིས་ཐག་ཁྲ་ཞིག་གཏན་ནས་མཐོང་མ་མྱོང་སྟེ་འདི་ནི་སྤུ་ཉག་དཀར་ནག་ཁོ་ན་ལས་མེད་པའི་ཕྱིར།མི་བདེན་སྙམ་ན་འདི་ལྟར་ཡིན་ཞེས་སྤུ་ཉག་རྣམས་སོ་སོར་བཤིག་པ་ན་སྤུ་ཉག་འབའ་ཞིག་ཏུ་འགྲོ།དེ་ཚེ་མི་དེས་དངོས་གནས་བདེན་པ་རེད་འདུག་སྔར་གྱི་སྦྲུལ་འཛིན་དེ་དང་གཅིག་པ་རེད་འདུག་དོན་དུ་སྤུ་ཉག་འདི་དག་མཐོང་བ་ལས་ཐག་ཁྲ་ཞིག་མཐོང་མྱོང་མི་འདུག་སྙམ་དུ་སེམས།དེ་ལྟར་དཔྱད་ན་རགས་པའི་དངོས་པོ་རྣམས་གཏན་ནས་མ་མཐོང་བར་འགྱུར།དེ་ལྟར་སྤུ་ཉག་མཐོང་ཟེར་བ་ཡང་མི་གྲུབ་ཏེ་མི་ཉག་གཏུབ་པས་རྡུལ་དུ་འགྲོ་བ་ལས་སྤུ་ཉག་མི་གྲུབ།དེ་ལྟར་ཤེས་ཚེ་ སྔར་གྱི་སྦྲུལ་འཛིན་དང་ཐག་འཛིན་བཞིན་དུ་དོན་དུ་མཐོང་མྱོང་མེད་པ་ཤེས་ནུས།དེ་རྣམས་རྟོག་བཅས་ཀྱིས་ བཏགས་པ་ཡིན་ནོ་སྙམ་ན་མ་ཡིན་ཏེ་རྟོག་བཅས་ཀྱིས་ཐག་ཁྲ་མིན་སྙམ་ཡང་རྟོག་མེད་ལ་ཐག་ཁྲ་སྣང་བ་ཡིན།མིག་ ཤེས་ལ་མ་སྣང་ན་ནི་ཚད་མ་ཡིན་མིན་སོགས་བཤད་དུ་མེད་ལ་སྣང་ནས་བཟུང་རྡུལ་ཕྲན་ཡན་ཆད་ཚད་མིན་ཡིན། དེས་ན་མིག་ཤེས་ཀྱི་ནང་དུ་ཚད་མར་འཇོག་རྒྱུ་གཅིག་ཀྱང་མེད།མིག་གིས་ཅེར་རེ་བལྟ་བཞིན་དུ་བལྟ་མ་མྱོང་བ་ཞིག་ཏུ་གོ་ན་དེ་ལ་རྟོག་པས་ཕར་བཏགས་ཟེར་བ་ཡིན།མདོར་ན་རྟོག་བཅས་ལ་སྣང་བ་རྟོག་བཅས་ཀྱིས་བཏགས་པ་དང་རྟོག་མེད་ལ་སྣང་བ་རྟོག་མེད་ཀྱིས་བཏགས་པ་ཡིན།དོན་དམ་དཔྱོད་པས་མི་འགྲུབ་ཚུལ་དེ་ལྟར་ཡིན་ལ།ཐ་སྙད་དཔྱོད་པའི་དབང་དུ་བྱས་ན་ཡང་མི་འགྲུབ་ཚུལ་ནི་ལྷ་ཡི་བུ་པད་མ་རྣམ་པར་ རོལ་བའི་མདོ་ལས་ཡུལ་ཝ་ར་ན་སར་དྲང་སྲོང་མེ་སྦྱིན་ཞེས་པས་རང་ལུས་སྟག་ཏུ་བསྒོམས་པས་སྟག་ཏུ་སྣང་བ་དང་ཆུ་གཅིག་ལ་ཡང་འགྲོ་བ་ཐ་དད་པར་མི་མཐུན་པ་སྣ་ཚོགས་སུ་སྣང་བར་གསུངས།དེས་ན་སྣང་ཚུལ་རྐྱང་པའི་དབང་དུ་བྱས་ན་ཡང་ཆུ་གཅིག་པུ་ཡང་སོ་སོར་སྣང་བ་དང་།ཆུ་གཅིག་པུ་ལ་ཡང་མེའི་བྱི་བ་ཞེས་པའི་སྲོག་ཆགས་དེར་མི་ཚ་བར་སྣང་།དེས་ན་གཞལ་བྱ་དང་ཚད་མ་གཉིས་ལྟོས་ནས་འཇོག་ཅིང་ཚད་མ་ཡང་རང་རང་སོ་སོར་ལྟོས་ནས་བཞག་པ་ཙམ་ཡིན་ནོ། གལ་ཏེ་ལྟོས་གྲུབ་མ་ཡིན་པའི་ཚད་གྲུབ་ཅིག་འཇོག་རྒྱུ་ཡོད་ན་ལྟད་མོ་བལྟའོ། །
དེ་ཙམ་ཞིག་སུས་ཀྱང་སྨྲ་ཤེས་པ་ཡིན།བཅོས།
ལྟོས་གྲུབ་མིན་པའི་ཚད་གྲུབ་བདེན་གྲུབ་བོ།།
ཐག་ཁྲ་ལ་སྦྲུལ་དུ་ཞེན་པའི་ངོར་ཐག་ཁྲ་སྦྲུལ་ཡིན་ཀྱང་སྤྱིར་ཐག་ཁྲ་སྦྲུལ་མིན་པ་ཐ་སྙད་ཚད་མས་གྲུབ། དེ་བཞིན་དུ་ཐག་ཁྲ་སྦྲུལ་འཛིན་གྱི་འཇིགས་པ་བསལ་བ་ལ་ཐག་ཁྲ་སྟོང་གཞི་བཟུང་ནས་དེ་སྦྲུལ་གྱིས་སྟོང་ངོ་ཞེས་བརྗོད་དགོས་ཀྱི། ཐག་ཁྲ་སྦྲུལ་གྱིས་སྟོང་བ་སྟོང་གཞིར་བཟུང་ནས་དེ་ཐག་ཁྲ་ཡིན་པས་སྟོང་ངོ་ཞེས་བརྗོད་པས་སྦྲུལ་གྱི་འཇིགས་པ་སེལ་མི་ཐུབ། དཔེ་དེ་བཞིན་གང་ལ་བདག་ཏུ་འཛིན་པའི་གཞི་དེ་བདག་འཛིན་གྱིས་ཇི་ལྟར་བཟུང་པ་ལྟར་གྱི་བདག་གིས་སྟོང་ངོ་ཞེས་བརྗོད་དགོས། ཐལ་འགྱུར་བའི་ལུགས་ལ་ཚད་མ་དང་ཚད་མིན་རྣམ་བཞག་འཇོག་ལུགས་གྲུབ་མཐའ་གཞན་དང་མི་མཐུན། མི་བསླུ་བའི་ཤེས་བ་ཚད་མ། མི་བསླུ་བ་དང་མ་འཁྲུལ་བ་གཉིས་མི་འདྲ། སོ་སོ་སྐྱེ་བོ་རྒྱུད་ཀྱི་ཚད་མ་འཁྲུལ་ཤེས་ཡིན་ཡང་མི་བསླུ་བ་ཡིན་པ་མི་འགལ། བདེན་འཛིན་ནམ་བག་ཆགས་ཀྱིས་བསླད་པའི་དབང་གིས་བདེན་སྣང་ཡོད་པས་འཁྲུལ་ཤེས། དོན་ལ་མ་འཁྲུལ་བས་མི་བསླུ་བ་ཡིན།
མེ་ཏོག་དཀར་པོ་ལགས། བདག་ལ་ཉིན་འགའི་རིང་ཁོམ་པ་མི་འདུག་པས་ཁྱེད་ལ་བགྲོ་གླེང་བྱ་ཐབས་མ་བྱུང་མོད། བར་གསེང་འདི་ནས་བཤད་འདོད་པ་ནི། དུད་འགྲོ་བོང་བུ་དང་གཡག་སོགས་ལ་རྩྭ་དང་རང་གི་ཕྲུ་གུ་ལྟོས་མེད་དོ་སྙམ་པའམ་ལྟོས་མེད་ཀྱི་ཁྱད་པར་ཕྱེས་ནས་འཛིན་པ་མེད་ཀྱང་རུང་། ལྟོས་མེད་ཀྱི་སྣང་བ་ཡོད་དེ་སྣང་ཙམ་ནས་གང་ལ་ཡང་མ་ལྟོས་པའི་རང་དབང་བ་ལྟ་བུར་སྣང་བའི་ཕྱིར། དཔེར་ན་ངེད་ཅག་ལ་བུམ་པ་སྣང་བ་ལྟ་བུའོ། ། ངེད་ཅག་གི་སྣང་བ་འདི་ལ་བདེན་སྣང་ཡོད་པ་འདིས་སོ་སྐྱེས་ཕལ་མོ་ཆེར་རིགས་འགྲེ་ཐུབ་ལ། དེས་དེ་དག་གི་རྒྱུད་ལ་བདེན་འཛིན་ཡོད་པའང་གྲུབ་བོ། ། ལར་ནས་གྲུབ་མཐའི་འཇོག་ཚུལ་འདི་དག་ནི་ཧ་ཅང་ཞིབ་ཕྲ་དང་ཚིག་གཅིག་རེའམ་ཡིག་འབྲུ་གཅིག་རེ་ཙམ་ལ་ཡང་ཞིབ་ཏུ་བརྟགས་དགོས་པའི་གནད་མང་པོ་ཞིག་ཡོད་ན་ཡང་། ཁྱེད་རང་གིས་གོང་དུ་དགག་ལྟ་བུའི་དྲི་བ་དེ་ཚོ་ངས་གོང་དུ་ཅི་ཞིག་བྲིས་ཡོད་པ་དག་ལ་ཞིབ་ཏུ་མ་མ་བརྟགས་པའི་སྐྱོན་དུ་འདུག་ན། ལྟ་བ་གླེང་སར་ཞིབ་ཚགས་བྱ་རྒྱུ་གལ་ཆེའོ། །
༢༤༽ མིག་བརྒྱད་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༩ གི་ཆུ་ཚོད་ ༩ སྐར་མ་ ༢༨
བོད་སྔ་རབས་པའི་ལྟ་བའི་རྨང་གཞིའི་ཐོག་ནས་བོད་ཕྱི་རབས་པའི་ལྟ་བ་བྱུང་། འདི་ཡར་རྒྱས་ཀྱི་རྣམ་པ་ཞིག་མིན་ནམ།
འོ་ན།
རྗེས་སྔ་རྩོམ་དྲང་ངེས་དང་ལམ་རིམ་སོགས་ཀྱི་ལྟ་བའི་རྨང་གཞིའི་ཐོག་ནས་ལེགས་བཤད་གསེར་འཕྲེང་དང་ལམ་གཙོ་རྣམ་གསུམ་སོགས་ཀྱི་ལྟ་བ་བྱུང་། འདི་ཡར་རྒྱས་ཀྱི་རྣམ་པ་ཞིག་མིན་ནམ། མཚུངས་ན་བགྲེའོ།
ཡ་ཡ་ད་ཡིོན་ན་དངོས་གནས་འདུག ནམ་རྒྱུན་ནས་དྲ་སྟེང་དུ་སླེབས་མཁན་ཚོར་དུས་ཚོད་མ་འཆོལ་བ་སྲང་ཉུལ་བ་རྐྱང་རྐྱང་ཡིན་པ་རྟོགས་ངོར་འཆར་ཡང་། དེ་ནི་དངོས་གནས་ནོར་ཤག དེ་རིང་ཐ་སྙད་ཚད་གྲུབ་ཀྱི་ཐོག་ནས་དགག་སྒྲུབ་གནང་བ་མཐོང་དུས་མཁས་པའི་དབང་པོ་ཚོསརིག་པའི་རྡར་ཤ་གཅོད་པ་ཤིན་ཏུ་ཡ་མཚན་ཆེ། ད་དུང་རེ་བསྐུལ་ལ་གྲུབ་མཐའ་ཕན་ཚུན་འཕྱ་སྨོད་དང་ཚིགས་ངན་སོགས་སྤངས་ཏེ་དག་སྣང་འོ་ཆུ་གཅིག་འདྲེས་གསུངས་པ་ལྟར་གང་ཐུབ་ཐུབ་ཀྱིས་སྒྲོ་སྐུར་འདེབས་པ་ལ་འཛེམས་ཟོན་གནང་རོགས་ཞུ་རྒྱུ་ཡིན། དེས་མ་ཚད་སྤྱི་ཚོགས་རྙིང་པའི་སྐབས་ཕན་ཚུན་ཆགས་སྡང་གིས་གྲུབ་མཐར་སྡང་ཞུགས་དང་། བསྟན་པ་ལ་གནོད་པའི་ལས་ཚབ་ཆེན་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། དེངས་སང་ཡང་རེ་ཟུང་ནས་གྲུབ་མཐར་སྨོད་པ་སོགས་གནང་གི་འདུག་ཀྱང་། གྲུབ་མཐའི་སྐྱོན་དང་གང་ཟག་གི་སྐྱོན་གཉིས་ཕན་ཚུན་བསྲེ་སླད་མི་གནང་བར་དེ་ནི་ཆོས་ཀྱི་སྐྱོན་མ་ཡིན་པ་གང་ཟག་གི་སྐྱོན་ཡིན་པ་ངེས་པར་ཤེས་དགོས་པ་གལ་ཆེ། ཡང་དགེ་ལྡན་པའི་ཕྱོགས་ནས་ལེགས་བཤད་གསེར་ཕྲེང་ལྟ་བུ་ནི་རྗེ་ཡི་སྔར་རྩོམ་ཡིན་པས་ཇི་བཞིན་མ་རྟོགས་པའི་ཆ་ཡོད་པ་དང་། དགོངས་པ་རབ་གསལ་ལྟ་བུ་ཕྱིས་རྩོམ་ཡིན་པས་དེ་ནི་མཐར་ཐུགས་ཀྱི་ལྟ་བ་གཏན་ལ་ཕབས་ཡོད་ཚུལ་གྱི་བཤད་སྲོལ་སྣང་བས་དེ་ལྟར་ན་རྗེ་བདག་ཉིད་ཆེན་པོ་མཆོག་འཇམ་དབྱངས་དངོས་མི་ཡི་རྣམ་པར་རོལ་པ་ཡིན་ན་དགོངས་པ་ལོན་པའི་སྐབས་དང་། མི་ལོན་པའི་སྐབས་ཞིག་ཡོད་པ་བཤད་ཚུལ་དེ་ནི་ལེགས་པར་མི་སེམས་སོ། མཐའ་འཇུག་དྲི་བ་ཆུང་ཆུང་ཞིག་དྲ་གྲོགས་རྣམས་ལ་ཕུལ་རྒྱུ། དབུ་མ་ཐལ་རང་གི་རྣམ་བཞག་དེ་འཕགས་བོད་གང་ནས་དར་ཚུལ་གྱི་ལན་ཁ་གསལ་རྒྱུ་མཚན་ཡོད་པ་ཞིག་གནང་རྒྱུ་དང་། ངའི་བསམ་འཆར་འདི་ལ་རྒྱབ་སྐྱོར་ཡོད་དམ་མེད་ངེས་པར་དུ་ལན་གནང་རོགས་ཞུ།
ང་ལ་དཔེ་ཁྲིད་སོགས་ལས་ཀ་མང་བས་མ་ཁོམ་པའི་བར་དེར་ཁྱེད་ཚོས་བགྲོ་གླེང་བྱེད་བྱས་འདུག་མོད། པན་ཐོགས་ཡ་ནི་གཅིག་ཀྱང་མི་འདུག རང་གི་ལུགས་ལ་རང་གི་གྲུབ་མཐའ་ལོས་བདེན། མི་ཕམ་རིན་པོ་ཆེས་
ཐ་སྙད་ཚང་མ་ལ་དག་བྱེད་ཚད་མ་དང་། མ་དག་པའི་ཚད་མ་གཉིས་ཡོད་པ་ལས། ཚད་མ་སྔ་མས་ཚད་མ་ཕྱི་
མའི་འཛིན་སྟངས་ཡུལ་སུན་འབྱིན་པར་འདོད་ཅིང་། དེ་གཉིས་ཀྱི་ཡུལ་ཡང་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་
སུན་འབྱིན་པར་འདོད་དོ། ། གོ་རམ་པས་ཀྱང་ཀུན་རྫོབ་པའི་ཆོས་རྣམས་དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་དགག་བྱ་ཡིན་པར་འདོད་དོ། །ཀརྨ་པས་ནི་ཐ་སྙད་ཚད་མ་གཏན་ནས་ཞལ་གྱིས་མི་བཞེས་སོ། །དང་བོ་གཉིས་ལ་
འོ་ན། བུམ་པ་ཆོས་ཅན། ཁྱོད་ཡོད་པ་དང་ཡོད་པ་མ་ཡིན་པ་གཉིས་ཀ་ཡིན་པར་ཐལ། ཁྱོད་ཡོད་པར་རྟོགས་
པའི་ཚང་མ་དང་ཡོད་མ་ཡིན་པར་རྟོགས་པའི་ཚད་མ་གཉིས་ཀ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཐ་སྙད་ཚད་མས་
ཡོད་པར་རྟོགས་པ་གང་ཞིག དོན་དཔྱོད་ཚད་མས་ཡོད་པ་མ་ཡིན་པར་རྟོགས་པའི་ཕྱིར། རྟགས་ཁྱབ་ཁས།
གཞན་ཡང་བུམ་པ་ཆོས་ཅན། ཁྱོད་ཁྱོད་ཡིན་པ་དང་ཁྱོད་ཁྱོད་མ་ཡིན་པ་གཉིས་ཀ་ཡིན་པར་ཐལ། བུམ་འཛིན་ཚད་མས་ཁྱོད་ཁྱོད་ཡིན་པར་རྟོགས་གང་ཞིག དོན་དཔྱོད་ཚད་མས་ཁྱོད་ཁྱོད་མ་ཡིན་པར་རྟོགས་པའི་ཕྱིར།
གཞན་ཡང་དུང་དཀར་ཆོས་ཅན། ཁྱོད་དུང་དཀར་དང་དུང་སེར་གཉིས་ཀ་ཡིན་པར་ཐལ། དུང་དཀར་དུང་དཀར་དུ་འཛིན་པའི་ཤེས་པས་བཟུང་བ་ལྟར་དེའི་ངོར་བདེན། དུང་དཀར་སེར་འཛིན་གྱིས་དུང་དཀར་སེར་
བོར་བཟུང་བ་ལྟར་དེའི་ངོར་བདེན་པའི་ཕྱིར། འདོད་ནུས་ཏེ།་དགེ་སྡིག་ཐམས་ཅད་གཅིག་ཏུ་ཐལ་བ་སོགས་ཀྱི་
སྐྱོན་ཡོད་པའི་ཕྱིར་དང་། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ་བའི་ཕྱིར་རོ། །
ད་དུང་འདིར་ཞུ་རྒྱུ་ཞིག་ཡོད་པ་ནི། གོང་གི་ཕྲན་གྱི་མཆན་དང་བོར་ཁྱེད་ཅག་གིས་ལན་དང་གསལ་བཤད་ཅི་
ཡང་བྱས་མི་འདུག་ལ། དེར་ཕྲན་གོ་ཀར་འཇུ་གསུམ་གྱིས་ཐལ་རང་གི་ཁྱད་པར་གཏན་ལ་འབེབས་པའི་སྐབས་སུ་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་འཆད་མི་འཆད་ཙམ་ལས་མཐར་ཐུག་གི་ལྟ་བ་ལ་ཁྱད་པར་མེད་པར་གསུངས་ཀྱང་། ཟླ་སངས་ཞི་གསུམ་གྱི་གཞུང་དུ་རྣམ་གྲངས་ཡིན་མིན་གྱི་ཁྱད་པར་ཟུར་ཙམ་ཡང་གསལ་
ཁ་མི་འདུག་བསམས་ཏེ་ཡོད་ན་སྟོན་རོགས། རང་རྒྱུད་པའི་གཞུང་དུ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་
དོན་དམ་གྱི་གསལ་ཁ་བྱུང་ཞིང་། བདེན་གཉིས་རང་འགྲེལ་ལ་བརྟགས་ན་རྣམ་གྲངས་པའི་དོན་དམ་ནི་རིགས་
ཤེས་རིགས་རྗེས་དཔག་དང་དོན་སྤྱི་སྣང་བ་དང་བཅས་པའི་འཛིན་སྟངས་ཀྱི་ཡུལ་ལམ་དོན་དམ་པར་མ་གྲུབ་པ་ཙམ་ལ་འཇོག་པར་ཡིན་ནམ་སྙམ་མོ། །རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་མི་བཏོན་ཡང་གཅིག་དུ་བྲལ་
སོགས་རྟགས་ཀྱིས་བསྒྲུབ་བྱ་དོན་དམ་པར་མ་གྲུབ་པ་སྒྲུབ་པས་རྒྱུ་མཚན་ལས་གཞན་མེད་ལ། དེ་ལྟར་ན་ཐལ་
འགྱུར་རྟེན་འབྲེལ་སོགས་རྟགས་དང་ཐལ་འགྱུར་གྱིས་བསྒྲུབ་བྱ་རང་བཞིན་མེད་པ་སྒྲུབ་པ་ཤིན་ཏུ་གསལ་བས་
རྩལ་དུ་བཏོན་མི་བཏོན་ལ་ད་དུང་ཐེ་ཚོམ་ཆོད་དཀའོ། །
༧རྗེ་རིན་པོ་ཆེས། ལེགས་བཤད་སྙིང་པོ་ལས། (དེས་ན་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་པ་མི་འདོད་ན་རང་སྟོང་དུ་མིང་བཏགས་ཀྱང་གཞན་སྟོང་ལས་མི་འདའ་ལ། རྣམ་རིག་པས་གཞན་དབང་གཟུང་འཛིན་རྫས་གཞན་དུ་མེད་པར་བསྟན་པ་ཡང་གཞན་དབང་རང་བཞིན་མེད་པའི་དོན་ཡིན་བྱས་ན་མི་ཁགས་ཞེས་པའོ།) ཞེས་སོགས་ཀྱི་ལྟ་བ་དེ་ལ་རང་སྟོང་དང་གཞན་སྟོང་གཉིས་གསུངས། འགའ་ཞིག་གིས་སེམས་ཙམ་པའི་ལྟ་བ་དེ་གཞན་སྟོང་དུ་འདོད། དེ་ལ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་དགག་པ་མཛད་འདུག དེ་ན་གཞན་སྟོང་གི་ལྟ་བ་འཇོག་ཚུལ་ཇི་ལྟར་ཡིན་ནམ།།
ཀླུ་སྒྲུབ་དགོངས་རྒྱན་ནི་མཁས་པ་འགའ་ཞིག་གིས་དགེ་འདུན་ཆོས་འཕེལ་ཀྱི་གསུང་རྩོམ་མིན་པར་འདོད། དུང་དཀར་ཚིག་མཛོད་ལས་་་(ཀླུ་སྒྲུབ་དགོངས་རྒྱན་ཟེར་བ་དེ་ནི་དགེ་འདུན་ཆོས་འཕེལ་གྱི་རང་་ཉིད་ཀྱི་གསུང་རྩོམ་ངོ་མ་ཡིན་མིན་སྐོར་དེང་སྐབས་རྩོད་གཞི་ཆེ་བས་འདིར་གསུང་རྩོམ་གྲས་སུ་བཀོད་མེད་ལགས) ཞེས་སོགས་གསུངས་འདུག་པས་མཁས་པ་དབང་པོ་དཔྱོད་ལྡན་རྣམས་ཀྱིས་དཔྱོད་པར་བྱ་དགོས་སོ།
གང་སྣང་བ་ཡིན་ན་སྟོང་པ་ཡིན་པས་ཁྱབ། བདེན་གྲུབ་གྱི་སྟོང་པས་ཁྱབ་ཀྱང་སྣང་བ་ཙམ་པོ་སྟོང་པས་ཁྱབ་བམ་ཞེ་ན། སྣང་བ་ཙམ་པོ་ཡང་སྟོང་པས་ཁྱབ། སྣང་ནས་བཟུང་རང་གི་ངོ་བོས་སྟོང་པ་ཡིན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ཤིང་དཔྱད་ཙ་ན་བདེན་གྲུབ་ཀྱི་དངོས་པོ་ལྟ་ཅི་སྣང་བ་ཙམ་པོ་ཡང་སྟོང་པར་སོང་བ་ཡིན།དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ཚེ་གཏན་མེད་དུ་སོང་ན་དེ་ཇི་ལྟར་སྣང་ཞེ་ན། དེ་འདྲའི་དྲི་བ་དེ་དངོས་སྨྲ་བ་དག་གི་དྲི་བ་ལས་དབུ་མ་པ་སུས་ཀྱང་དེ་ལྟར་འདྲི་ཀི་མ་རེད། དོན་དཔྱོད་རིགས་པས་མེད་པར་བྱས་ན་དེ་ཐ་སྙད་དུ་ཡོད་མི་རུང་ཞེ་ན་དེ་འདྲ་དངོས་སྨྲ་པའི་གྲས་སུ་འཇོག་རྒྱུ་ལས་མེད། དབུ་མ་པའི་གྲལ་དུ་འཇོག་རྒྱུ་ཡོད་པ་མ་རེད། གལ་ཏེ་སྣང་བ་མི་སྟོང་སྟེ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་ངོར་སྣང་བའི་ཕྱིར་ཞེ་ན། དེ་ལ་འཇམ་མགོན་མི་ཕམ་པས། དེ་འདྲའི་ངག་འབྲེལ་མེད་སྟོང་ཉིད་ཀྱི་གོ་བ་དཀྲུག་པར་བྱེད་པ།ཞེས་གསུངས། ཅིའི་ཕྱིར་ཞེ་ན། ཀུན་རྫོབ་མིག་རྣ་སྣ་ལྕེའི་སྣང་བ་ཡོད་པར་བཤད་པ་ནི་ གང་གི་ཚེ་འཇིག་རྟེན་གྱི་རྣམ་གཞག་འཆད་པར་འདོད་པ་དེ་ཡི་ཚེ་ན་ཞེས་རྗེས་ཐོབ་བདེན་གཉིས་ཤན་འབྱེད་པའི་ཀུན་རྫོབ་འཇིག་རྟེན་གྱི་རྣམ་གཞག་འཇོག་སྐབས་ཡིན་ལ། འཕགས་པའི་མཉམ་བཞག་ལ་ཟློ་སྐབས་མེད་པར་བཤད་པ་ནི་ གང་གི་ཚེ་དེ་ཁོ་ན་འཆད་པར་འདོད་པ་དེ་ཡི་ཚེ་ན་ཞེས་པའི་སྐབས་ཡིན།དེ་གཉིས་སྐབས་ཐོབ་སོ་སོ་ཡིན་པས་འབྲེལ་མེད་རེད། དཔེར་ན།མིག་སྐྱོན་མེད་པས་དུང་གི་ཁ་དོག་མཐོང་ཚུལ་བཤད་སྐབས་སུ་འཁྲུལ་སྣང་ཅན་གྱིས་སེར་པོར་མཐོང་བ་བཤད་ན་འབྲེལ་མེད་ཡིན་པ་བཞིན་ནོ། སྐབས་ཤན་ལེགས་པར་ཕྱེས་ནས་བལྟས་ན་གྲུབ་མཐའི་སྙིང་པོ་ངོ་མ་དེ་ཟིན་ནུས། གང་སྣང་བ་ཡིན་ན་སྟོང་པ་ཡིན་པས་ཁྱབ།དེ་ཡང་གཞན་ཞིག་གིས་སྟོང་པ་མ་ཡིན་པར་རང་གི་ངོ་བོས་སྟོང་དགོས། གང་སྟོང་པ་ཡིན་ན་སྣང་བས་ཁྱབ། དེ་ཡང་མོ་གཤམ་གྱི་བུ་དང་རི་བོང་གི་ར་ལྟ་བུ་མ་ཡིན། མོ་གཤམ་གྱི་བུ་དང་རི་བོང་གི་ར་སོགས་ལ་སྟོང་ཉིད་ཀྱི་མིང་མི་ཐོགས། དེ་ནི་རྗེ་རིན་པོ་ཆེ་དང་མི་ཕམ་རིན་པོ་ཆེ་སོགས་ཀྱིས་མེད་པ་ཙམ་དང་རང་བཞིན་མེད་པའི་ཁྱད་ཕྱེ་དགོས་གསུངས། སྣང་བ་མེད་པའི་སྟོང་པ་ལ་མེད་པ་ཙམ་ཟེར་བ་ལས་རང་བཞིན་མེད་པ་མི་ཟེར།
སྐུ་ཞབས་འདྲེ་ནག་མགོ་དགུ་པས་དྲི་བ།
འཇུག་པར། འདི་ནི་གསན་རྒྱ་ཆེ་ཡང་ཐུགས་སུ་ཆུད་མི་འགྱུར། །ཞེས་པའི་རང་འགྲེལ་དུ་སྟོང་ཉིད་ཟབ་མོ་དེ་སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་ཀྱིས་མ་རྟོགས་པར་གསུངས་ན། དགེ་ཆོས་ཀྱིས་མ་རྟོགས་ལོས་ཆོག ཡིན་གཅིག་དགེ་ཆོས་དགེ་ལུགས་པའི་གདན་གྲལ་དུ་ཨུ་ཚུགས་ཀྱིས་འཇོག་དགོས་པའི་རྒྱུ་མཚན་གང་ཡིན་གསུངས་དང་།
རྡོ་སྤིས་ཤེས་རབ་ཚང་སོགས་མང་བོས་ཀླུ་སྒྲུབ་དགོངས་རྒྱན་གྱི་བསམ་དོན་མ་མཁྱེན་པ་ཡིན་ནམ། ཀླུ་དགོངས་སུ་ཞྭ་སེར་མཁན་པོ་ཞེས་དགག་ཡུལ་དེ་སུ་རེད་དམ་གཅིག་གསུངས་དང་།
དྲི་བ་དང་པོའི་ལན། སྐུ་ཉིད་ཀྱིས་དྲི་བ་གནད་འགག་ཅིག་རེད།
ད་ལྟ་རང་ཅག་དཔེ་ཀློག་ཐེབ་ཆག་ཙམ་རེ་བྱས་ནས་ལྟ་བ་ལས་སླ་མདོག་ཁ་བོ་ཁ་ནས་རང་བཞིན་མེད་ཟེར་ཤེས་པ་ཙམ་དང་། བསམ་པའི་ཚེ་སྟོང་སང་ངེ་བ་ཙམ་འཆར་བ་འདི་ལ་ལྟ་བའི་དྲི་ཙམ་ཡང་མེད། ལྟ་བ་ལ་དོན་གཉེར་ཡོད་མདོག་འདྲ་ཡང་སྤྱོད་ཕྱོགས་ལ་སྣང་མེད་བྱས་ན་ཉེན་ཚབས་ཤིན་ཏུ་ཆེ་སྟེ། རྩ་བ་ཤེས་རབ་ལས། སྟོང་བ་ཉིད་ལ་ལྟ་ཉེས་ན།།ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།།ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་།།རིག་སྔགས་ཉེས་བར་སྒྲུབ་པ་བཞིན།།ཞེས་གསུངས་པ་ལྟར་དུག་སྦྲུལ་གསོད་པའི་ཐོག་མར་ཁོང་ཁྲོ་དྲག་པོ་བསླང་ན་དུག་ཐམས་ཅད་ལྕེ་རྩེ་དང་མཇུག་མའི་རྩེ་ལ་འགྲོ་བས་མགོ་མཇུག་བཅད་ན་བར་དེ་སྨན་མཆོག་ཏུ་གྱུར་བ་ཞིག་ཡིན་ཀྱང་དེ་འདྲ་མ་བྱས་པར་རེག་ན་ལུས་ལ་དུག་ཞུགས་ནས་ཁྲག་དང་འདྲེས་ཏེ། དེ་མ་ཐག་སྤྱི་གཙུག་ནས་རྐང་མཐུལ་གྱི་བར་ཁྱབ་ནས་སྦོས་ཏེ་འཆི་བ་ཡིན། རིག་སྔགས་ནི་དངོས་གྲུབ་བརྒྱད་ཀྱི་ནང་ཚན་རལ་གྲི་སྒྲུབ་པའི་ཚེ་སྐབས་ཤིག་ན་རལ་གྲི་འགུལ་པའི་ཚེ་འཛིན་ཤེས་ན་དེས་ལྷ་ཡུལ་སོགས་སུ་འགྲོ་ནུས་ཀྱང་། མ་ཤེས་ན་རང་གི་སྐེ་གཅོད་པ་ལྟར་ཉེན་ཧ་ཅང་ཆེ་བ་ཡིན། དགག་བྱ་ཁྱབ་ཆེ་བ་ངོས་འཛིན་པ་ལ་དགེ་ཆོས་ཀྱིས་ལུང་རིགས་དཔེ་གསུམ་གྱིས་རྩལ་དུ་བཏོན་ནས་དཔྱད་པ་དེ་ཚོ་གལ་ཆེ་བར་མཐོང་། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།རིགས་ནི་མཚན་མ་དག་ལས་ཤེས།།ཞེས་པ་ལྟར་དགེ་ཆོས་ལགས་ཀྱིས་ཤི་ཁར་རྟེན་འབྲེལ་བསྟོད་པ་གསུང་ཞོར་ཞི་བའི་དབྱིངས་སུ་གཤེགས་པ་དེ་དགེ་ཆོས་ཀྱི་དགོངས་པ་མཐར་ཐུག་དཔོག་ཐུབ་པའམ་ཐ་སྙད་ཚད་གྲུབ་བཞེད་གསལ་འདོན་བྱས་པ་མ་ཡིན་ནམ། རྟེན་འབྲེལ་བསྟོད་པའམ་ལེགས་བཤད་སྙིང་པོ་ཆུང་བ་རྗེའི་དབུ་མའི་ལྟ་དགོངས་ཚིགས་བཅད་དུ་བསྡེབས་པ་གཅིག་བུ་དེ་རེད། འདི་ལ་ཤི་སྤར་འཐམས་པ་ཡིན་ཙང་སྣང་ཆུང་བྱེད་མི་འོས་པར་སྙམ།
དྲི་བ་གཉིས་པའི་ལན། དགེ་ཤེས་ཤེར་རྒྱམ་ལགས་ཀྱིས་ཀླུ་དགོངས་ཀྱི་བསམ་དོན་མ་མཁྱེན་པ་ཡིན་སྲིད་ཀྱི་མ་རེད། དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས་རྗེའི་རིང་ལུགས་གཞིར་བཞག་ནས་དགག་ལན་མཛད་པ་རེད། སྐབས་སྐབས་སུ་དགེ་ཆོས་ལ་གསར་མིན་རྙིང་མིན་སོགས་ཀྱིས་བཀའ་བསྐྱོན་དྲག་པོ་གནང་བ་དེ་ཚོ་རང་གི་དགེ་ཕྲུག་ཡིན་པའི་ཆ་ནས་རེད། སྤྱིར་ན་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་ནི་བོད་ཀྱི་བླ་ཆེན་དང་མི་ཆེན། དེ་བཞིན་མཁས་པའི་གོ་སར་འགྱིང་པའི་མི་མཐོ་དམན་སུ་འདྲ་ཞིག་ཡིན་ན་དེའི་མདུན་དུ་ཡ་ཡོ་མེད་པའི་ཞལ་གསངས་པོ་དང་ཁ་རུ་ཁར་ཐུག་གནང་ཐུབ་མཁན-གྱི་མཁས་དབང་རྩོད་མེད་ཅིག་རེད། བསྟན་འཛིན་སྐྱེས་བུ་མིང་དོན་མཚུངས་པ་ཞིག་ཀྱང་རེད་ལ་ལྷག་པར་ཁོང་ཉིད་ཀྱི་གསུང་རྩོམ་དག་ལ་གཞིགས་ན་ལས་འབྲས་གཙིགས་སུ་འཛིན་པ་དང་རྩོམ་ལུས་ཀྱི་ཆ་ནས་བལྟས་ན་བོད་རང་གི་ཐུན་མོང་མ་ཡིན་པའི་མིང་བརྡའི་སྐད་དང་མཐུན་པར་ཅི་ཐོན་དུ་མཛད་པ་ཞིག་ཏུ་འདུག ། དགུང་ལོ་གཞོན་དུས་ཀྱི་རྩོམ་ཉམས་ནི་རྒྱ་གར་ལྷོ་པའི་ལུགས་ལྟར་སྦྱར་བ་མང་ཞིང་། རྗེས་སུ་ལྷ་ས་ནས་བཞུགས་སྐབས་ཡུལ་དུས་གནས་བབས་དང་འབྲེལ་འདྲིས་དབང་གིས་རྒྱ་གར་ཤར་བའི་ལུགས་ལྟར་བརྗོད་པ་གསལ་བ་དང་སྒྲ་རྩུབ་པའི་སྡེབ་སྦྱོར་ལ་དགའ་མོས་ཆེ་བར་བྱུང་བ་ཡང་གསལ་བོ་རེད། ཁོང་ནི་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པར་མ་ཟད། ཡིག་ཆའི་ཞེན་ཁོག་ཙམ་གྱིས་མཆོང་རྒྱུག་མི་བྱེད་པར་བཤད་སྲོལ་དང་རིགས་པ་འདྲ་མི་འདྲ། མཁས་པའི་ལམ་སྲོལ་གང་མཆིས་ལ་འདྲིས་པ། རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་དགོངས་པ་དཔྱིས་ཕྱིན་འཚོལ་བ་ལ་ཞུགས་པའི་མཁས་པ་མིང་དོན་མཚུངས་པ་ཞིག་རེད། ཡོངས་གྲགས་སུ་དགེ་འདུན་ཆོས་འཕེལ་ཁོང་གི་སློབ་མ་ཡིན་མིན་ཐད་ལའང་སྣ་ཚོགས་ཤིག་སྨྲ་མོད། དེ་ཚོའི་ཕལ་ཆེ་བ་ཆགས་སྡང་རིས་གཅོད་ཀྱི་སྐད་ཆ་རང་རེད། རག་ར་སྤྲུལ་སྐུ་དང་རྒན་པོ་ཤེར་རྒྱམ་པས་གཞན་གྱི་ངོར་དགེ་ཕྲུག་ཡིན་མདོག་སྟོན་པ་ལས་དོན་དུ་དགེ་ཕྲུག་མིན་ཚུལ་བཤད་མོད། དེ་ནི་སྐུ་དྲག་ནང་ཁུལ་གྱི་འགལ་ཟླ་ཞིག་ཡིན་པ་གཞུང་བརྒྱ་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་པོ་འབྲས་སྤུངས་མཁན་ཟུར་བསྟན་པ་བསྟན་འཛིན་ལགས་ཀྱིས་མཛད་པའི་སྒོ་མང་གདན་རབས་ལས་གསལ་བོར་བཀོད་འདུག །དགེ་ཆོས་ཀྱིས་ལོ་བདུན་གྱི་རིང་དགེ་རྒན་མ་བསྟེན་པར་དཔེ་གཟིགས་གནང་བ་ཡིན་ན་གང་ཤེས། དགེ་འདུན་ཆོས་འཕེལ་གྲྭ་སར་ཕེབས་ནས་ཀླུ་འབུམ་ཁམས་ཚན་དུ་ཞུགས་པའི་ལོ་དེར་དགེ་བཤེས་ཚང་གིས་ལྷ་རམས་པའི་དམ་བཅའ་བཞག་ནས་ལོ་ངོ་བཅུ་གཉིས་སོང་བའི་སྐབས་ཡིན་པ་དང་དགུང་ལོའི་བབས་དང་བསྟུན་ནའང་ལོ་བཅུ་དགུ་ལས་རྒན་པ་དང་ཁམས་ཚན་རྒན་ཡིན་ཐོག་སློབ་བུ་མང་པོར་དཔེ་ཁྲིད་གནང་བཞིན་པས་དགེ་ཆོས་ཀྱིས་ཀྱང་དགེ་རྒན་དུ་བསྟེན་ཡོད་ཚུལ་ཧོར་ཁང་གིས་བཤད་པ་དེ་བློ་གཟུ་བོར་གནས་པའི་གཏམ་རེད།
མིག་བརྒྱད་པས་ཆོས་ལ་མ་རྟོན་པར་གང་ཟག་གི་ཆེ་བ་འདོན་བཞིན་འདུག གོང་གི་མ་རྩོམ་དང་ད་ལྟའི་མཆན་བུ་ལ་གཟིགས་དང་།
མི་དེས་འདི་འདྲ་བཤད་སོང་། དེ་འདྲ་བྱས་སོང་བཤད་ན་དོན་ལ་གཞོལ། དེ་མིན་ཁོ་རྒྱག་པ་རེད། རྫིག་པོ་རེད། འབྱོན་པོ་རེད་ཟེར་བས་ཅི་ཕན།
དཔྱོད་ལྡན་རིན་ཆེན་དར་རྒྱས་ལགས་ཀྱིས་དོགས་སློང་ཡག་པོ་ཞིག་གནང་འདུག །ང་ཚོ་ཕྱི་རབས་པ་རྣམས་ཀྱིས་རང་གི་ཕ་མེས་གཅེས་ནོར་བདག་པོ་རྒྱག་འོས་པ་ལོས་ཡིན། བདག་ཅག་གི་སྟོན་པས། རིགས་པ་རྒྱ་ཕྲག་གིས་ནི་འཛུད་པར་མཛད།།ཅེས་པ་ལྟར་རྩོད་པ་བྱེད་ཚེ་ཁ་ངོ་མི་ལྟ་བར་རིགས་ལམ་དབང་པོར་བཞག་ནས་རྩོད་དགོས། ནམ་ཞིག་ན་ཨ་མ་སྟོང་བ་ཉིད་ཀྱི་ཞལ་རས་མཇལ་བ་ན་དགོས་དོན་འགྲུབ་པ་ཡིན། བརྒྱད་སྟོང་བ་ལས་ཀྱང་སྟོང་བ་ཉིད་ནི་རྒྱ་མཚོ་ཆེན་པོ་ལ་དཔེ་བཞག་འདུག །འཛམ་བུའི་གླིང་གི་ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ་པ་ན་རོ་གཅིག་ཏུ་གྱུར་བ་བཞིན་ཆོས་ཅན་རྟེན་འབྲེལ་སྣ་ཚོགས་པ་ཨ་མ་སྟོང་བ་ཉིད་ཀྱི་རྣམ་འགྱུར་ཡིན་ཞིང་། སྟོང་བ་ཉིད་ལས་བྱུང་། སྟོང་བ་ཉིད་དུ་འགག །
ཆོས་དབྱིངས་གདོད་མའི་རྒྱ་མཚོ་མ་བསླེབས་པར།།མིག་དང་རྣ་བ་སྣ་ཡང་ཚད་མ་མིན།།ཆོས་དབྱིངས་གདོད་མའི་རྒྱ་མཚོར་བསླེབས་པ་ན།།ཀུབ་རྫོབ་སྣང་བའི་འཁྲུལ་ངོ་གཏན་དུ་ལོག།
རྣལ་འབྱོར་བ་ཡི་བློ་ངོ་ན།།སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་།
སྣང་སྟོང་ཉེ་རིང་མི་བྱ་བ།།ཐ་སྙད་ཚད་གྲུབ་རྩིག་རྟེན་ཡིན།།
ཧ་ཧ་ཧ་ཡང་ཕྲན་གྱིས་ཁྱེད་ཅག་ལ་ལེགས་བཤད་ཀྱི་སྐྱེས་ནོར་ཞིག་དབུལ་བར་བྱ་སྟེ། ཚིག་གསལ་ལས། ་འདི་
དག་ཐམས་ཅད་ནི་སྟོང་པ་སྟེ་ཡོད་པ་མ་ཡིན་ནོ་ཞེས་ན་ཡང་སྐུར་བ་འདེབས་པར་འགྱུར་ཏེ། ཞེས་དང་། བརྒྱ་
བའི་འགྲེལ་བ་ལས། ཁོ་བོ་ཅག་ནི་རང་བཞིན་འཚོལ་བ་ལྷུར་ལེན་གྱི། རྟེན་ཅིང་འབྲེལ་བ་འབྱུང་བ་བྱས་ཤིང་
བསགས་པ་ནི་འགོག་པར་མི་བྱེད་དེ། ཞེས་པ་ནས། དེའི་ཚེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི། མོ་གཤམ་གྱི་བུ་ལྟ་བུ་
ཉིད་དུ་འགྱུར་རོ། ། ཞེས་དང་། འཇུག་འགྲེལ་ལས། ཡོང་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་མི་སྲིད་པ་
ཉིད་དོ། །ཞེས་གསུངས་པ་འདི་དག་ལ་འགྲེལ་བཤད་ཅིག་གནོངས་དང་།
ཁྱེད་ཚོས་ཁ་བརྡ་ཚང་གིས་མི་དབྱེ་འབྱེད་ཀྱིས་ངའི་མཆན་བུ་ཚང་མ་གསོད་འདུག་པས་ང་ནི་ཕྱིར་འཐེན་བྱེད་ཆོག
བདེ་མོ་བྱོས། ཁ་བརྡའི་ཁ་ནང་ཐལ་བ་ཐོབས། ཞེན་ཁོག་ཅན་གྱི་སྦུག་ཚང་རེད། བོད་ལ་མི་དགོས་དཀྲུག་རྒྱུ་རེད།
ཨམ་མདོས་ཕུངས་ལ་སྦྱོར་ས་རེད།
ཁྱེད་ཚོས་ཁ་བརྡ་ཚང་གིས་མི་ལ་དབྱེ་འབྱེད་ཀྱིས་ངའི་མཆན་བུ་ཚང་མ་གསོད་འདུག་པས་ང་ནི་ཕྱིར་འཐེན་བྱེད་ཆོག
བདེ་མོ་བྱོས། ཁ་བརྡའི་ཁ་ནང་ཐལ་བ་ཐོབས། ཞེན་ཁོག་ཅན་གྱི་སྦུག་ཚང་རེད། བོད་ལ་མི་དགོས་དཀྲུག་རྒྱུ་རེད།
ཨམ་མདོས་ཕུངས་ལ་སྦྱོར་ས་རེད།
མིག་བརྒྱད་པ་ལགས། གོང་དུ་ཁྱེད་ཀྱིས་དྲངས་པའི་ལུང་། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས། །སོགས་ཀྱི་
ཚིགས་བཅད་འདི་ནི་རོང་ཟོམ་གྱི་ལུང་མ་ཡིན་གྱི། ཀརྨ་པ་རང་བྱུང་རྡོ་རྗེའི་ཕྱག་ཆེན་སྨོན་ལམ་གྱི་ཚིག་རེད།
ཀརྨ་པ་རང་བྱུང་རྡོ་རྗེ་ལ་སྔགས་གཞུང་ཟབ་མོའི་ནང་དོན་དང་། རྣམ་ཤེས་དང་ཡེ་ཤེས་རྣམ་འབྱེད་སོགས་
རྨད་དུ་བྱུང་བའི་ལེགས་བཤད་ཤིན་མང་།
ཡོད་པ་མིན་གསུངས་པ་བདེན་པར་ཡོད་པ་མིན་བྱ་བའི་དོན། མེད་པ་མིན་བྱ་བ་ཀུན་རྫོབ་ཏུ་མེད་པ་མིན་བྱ་བའི་དོན་ཡིན་སོགས་ཚིག་གི་ལྷན་པ་སྣ་ཚོགས་བཏབ་ནས་རང་གི་ཞེ་འདོད་དང་འགྲིགས་པ་ཞིག་བྱེད་དེ། ་་་་་དགེ་འདུན་ཆོས་འཕེལ་གྱིས།
སྤྱིར་སྣང་ཕྱོགས་འགོག་མི་རུང་བའི་ཚུལ་ནི་ཀུན་མཁྱེན་ཀློང་ཆེན་པོས་འགྱུར་ཅུང་མི་འདྲ་བ་ཙམ་ལས། སྤྱོད་
འཇུག་གི་ལུང་། ཇི་ལྟར་མཐོང་ཐོས་ཤེས་པ་དག །སོགས་དྲངས་ནས་བསྒྲུབས་ཡོད་ལ། རོང་ཟོམ་ཡང་སྣང་བ་
འགོག་མི་རུང་བར་བཞེད་དེ། སྣང་ཙམ་པོ་དེ་ནི་སྒྱུ་མ་ལྟ་བུ་ཡིན་མིན་དང་རང་བཞིན་ཡོད་མེད་སོགས་རྩོད་
པའི་གཞི་ཡིན་པས་འགོག་མི་རུང་བར་གསུངས་ལ། སྣང་བ་ལྟ་སྒྲུབ་སོགས་ཀྱིས་ཀྱང་ཤེས་པའི་ཕྱིར་ཏེ། སྣང་བ་
བཀག་ན་སྣང་བ་ཚད་མས་བཀག་དགོས་ཤིང་། དེ་ལྟར་ན་ཚད་མས་བསལ་བའི་དོན་ཡོད་པར་མི་རུང་བས།
སྣང་བ་མེད་ན་སྣང་བ་ལྷར་སྒྲུབ་པ་འགལ་བའི་ཕྱིར། དེས་ན་མི་ཕམ་རིན་པོ་ཆེས་སྣང་ཕྱོགས་དོན་དཔྱོད་ཚད་
མའི་དགག་བྱར་འདོད་པ་འདི་རོང་ཀློང་གཉིས་ཀའི་དགོངས་པར་སོང་ཡོད་མེད་ཀྱང་བརྟག་དགོས་པར་སྣང་
ངོ་། །
བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །
འདྲེ་ནག་མགོ་དགུ་པ་ལགས།
ཚིག་གསལ་ལས། འདི་དག་ཐམས་ཅད་ནི་སྟོང་པ་སྟེ་ཡོད་པ་མ་ཡིན་ནོ་ཞེས་ན་ཡང་སྐུར་བ་འདེབས་པར་འགྱུར་ཏེ། ཞེས་པ་རང་བཞིན་གྱིས་སྟོང་བ་སྟེ་རང་བཞིན་གྱིས་མེད་ཅེས་བཤད་པ་ན་དེའི་དོན་གཏན་མེད་ཀྱི་དོན་དུ་མི་གོ་བ་དང་། རྟེན་འབྱུང་ཞེས་བཤད་པ་ན་བྱུང་བ་ཙམ་ཞིག་ལ་མི་གོ་བར། གཞན་གང་ལའང་མི་ལྟོས་པའི་རང་དབང་ཞིག་མེད་པར་གོ་ཞིང་དེ་ནི་རང་བཞིན་མེད་པའི་དོན་ཡང་ཡིན་ཏེ། གང་ལ་བརྟེན་ནས་འབྱུང་ཡོད་པ།།དེ་ན་རང་དབང་མི་འགྱུར་རོ།།ཞེས་པ་ལྟར་རོ།།
བརྒྱ་བའི་འགྲེལ་བ་ལས། ཁོ་བོ་ཅག་ནི་རང་བཞིན་འཚོལ་བ་ལྷུར་ལེན་གྱི། རྟེན་ཅིང་འབྲེལ་བ་འབྱུང་བ་བྱས་ཤིང་བསགས་པ་ནི་འགོག་པར་མི་བྱེད་དེ། ཞེས་པ་ནས། དེའི་ཚེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི། མོ་གཤམ་གྱི་བུ་ལྟ་བུ་ཉིད་དུ་འགྱུར་རོ། ། ཞེས་པ་འདིའི་དོན་ནི། རང་བཞིན་ཡོད་མེད་ཚོལ་བ་ཡིན་གྱི། ཡོད་མེད་ཙམ་ཚོལ་བ་མིན་པས་དཔྱད་ནས་མ་རྙེད་པ་ན་རང་བཞིན་ཡོད་པ་ཁེགས་ཀྱི། མིག་ལ་སོགས་པ་ཁེགས་པ་གཏན་མ་ཡིན་པའི་ཕྱིར། སྟོང་བཞིན་དུ་སྣང་ལ་སྣང་བཞིན་དུ་སྟོང་བས་སྒྱུ་མ་ལྟ་བུའི་སྣང་བ་འཆར་གྱི། མི་གཤམ་གྱི་བུ་ལྟར་ཁྱད་གཞི་མ་དམིགས་པར་ཁྱད་ཆོས་སྣང་བ་མེད་པས། རང་བཞིན་དུ་ཡོད་པ་ཡིན་ན་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི། མོ་གཤམ་གྱི་བུ་ལྟ་བུ་ཉིད་དུ་འགྱུར་རོ།།ཞེས་པ་མ་ཡིན་ནམ།
འཇུག་འགྲེལ་ལས། ཡོང་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་མི་སྲིད་པ་
ཉིད་དོ། །ཞེས་གསུངས་པ་ཡོད་པ་ཡང་མེད་པ་ཡང་མ་ཡིན་པའི་ཡོད་མེད་ཕུང་གསུམ་པ་ཞིག་མེད་པས་འདི་དག་ལ་བོད་སྔ་རབས་པའི་ཡོད་མིན་མེད་མིན་གྱི་ལྟ་བ་འགོག་པ་ཡིན་གྱི། མཐའ་བཞིའི་སྐྱེ་འགག་ཡོད་མེད་བཀག་པ་མིན། །འགྲིག་འདུག་གམ།
སློབ་དཔོན་མིག་བརྒྱད་པས་དོགས་སེལ་རྩོམ་ཡིག་སྤེལ་བར་ཐུགས་རྗེ་བླ་མེད་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དུ་གོང་དུ་མཆན་འདེབས་པ་བོ་ཚང་མས་ཆོས་ལུགས་ཀྱི་ཕྱོགས་སུ་མ་ལྷུང་བར་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ།
མདོར་ན་རྨོངས་པའི་ཡང་བྲན་དུ་གྱུར་པ་ཕྲན་ནི་གློག་ཀླད་མཛུབ་གནོན་སོགས་ལ་མ་གོམས་པས་ཆད་ལྷག་མང་
དུ་ཤོར་བ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།
དགེ་བའི་བཤེས་གཉེན་ཆེན་པོ་མིག་བརྒྱད་པ་ལགས། ཕྲན་གྱིས་བཀོད་པའི་ལུང་དེ་དག་ཁྱེད་ཀྱིས་འགྲེལ་བཤད་
གནང་ཡོང་བསམས་ནས་བཀོད་པ་མིན། མཁན་པོ་རིན་ཆེན་ལགས་ནས་འགྲེལ་བཤད་ཅིག་གནང་རེས་ཞུས་པ་
ཡིན། ད་ཁྱད་མི་འདུག
དགོངས་རྒྱན་དུ། རིགས་པའི་དགག་བྱ་ལ་ཁ་ནས་ཁྱད་ཅི་ཙམ་ཕྱེ་ཡང་དོན་ལ་འགོག་རྒྱུ་དེ་བུམ་པ་འགོག་དགོས།་ཀ་བ་འགོག་དགོས། ཡོད་པ་འགོག་དགོས། མེད་པ་འགོག་དགོས་ཀྱི། བུམ་པ་བཞག་ནས་བུམ་པ་བདེན་གྲུབ་ཟེར་བྱ་བ་ཞིག་ཟུར་དུ་འགོག་རྒྱུ་ག་ལ་ཡོད། ཚུལ་འདི་ནི་སྔ་རབས་པའི་མཁས་པ་རྣམས་སུ་མ་ཟད། དགེ་ལྡན་ཕྱོགས་ཀྱི་མཁས་གྲུབ་ཉམས་མྱོང་ཅན་ཚོས་ཀྱང་གསལ་བར་དགོངས་འདུག །ཞེས་པ་འདིས་ཆོས་ཅན་རྟེན་འབྲེལ་དང་བཅས་པ་དགག་དགོས་ཟེར་བ་འདྲ་བོ་ཞིག་འདུག་མོད། ང་ཚོ་ལ་སྣང་བ་ལྟར་གྱི་བུམ་པ་དེ་དགག་བྱ་ཡིན་ཡང་ང་ཚོ་ལ་སྣང་བའི་བུམ་པ་དེ་དགགག་བྱ་མིན་པའི་ཞིབ་ཆ་དགོས། ང་ཚོ་ལ་སྣང་བ་ལྟར་གྱི་བུམ་པ་དེ་རང་ངོས་ནས་གྲུབ་པའི་བུམ་པ་ཡིན་པའི་ཕྱིར། ང་ཚོ་ལ་སྣང་བའི་བུམ་པ་དེ་བུམ་པ་ཡིན་པའི་ཕྱིར། ཚད་མས་དམིགས་པའི་ཕྱིར། བརྒྱ་བའི་འགྲེལ་བ་ལས། ཁོ་བོ་ཅག་ནི་རང་བཞིན་འཚོལ་བ་ལྷུར་ལེན་གྱི། རྟེན་ཅིང་འབྲེལ་བ་འབྱུང་བ་བྱས་ཤིང་བསགས་པ་ནི་འགོག་པར་མི་བྱེད་དེ། ཞེས་དགག་བྱ་བདེན་གྲུབ་འགོག་གི་ཆོས་ཅན་རྟེན་འབྲེལ་མི་འགོག་པར་གསུངས་པས། སྟོང་གཞིའི་སྟེང་དུ་ལོག་པར་སྒྲོ་བཏགས་པའི་ཞེན་ཡུལ་དགག་བྱ་ཡིན་ལ། སྟོང་གཞི་དགག་བྱ་མིན་པ་ཤེས་པའི་ཆེད་དུ་བདེན་གྲུབ་ཅེས་དགག་བྱའི་ཁྱད་པར་ཟུར་དུ་སྦྱར་དགོས་པའི་རྒྱུ་མཚན་དེ་རེད།
རི་རྒྱལ་ཏི་སེ་དང་མེ་ཏོག་དཀར་པོ་གཉིས་བཀའ་བརྒྱུད་པ་ཞིག་ཡིན་བཟོ་འདུག ཁྱེད་གཉིས་ལ་དྲི་བ་ཞིག་ཡོད་
པས་ལན་གསུང་རོགས། ཀུན་མཁྱེན་མི་བསྐྱོད་ཞབས་ཀྱིས་ཕར་ཕྱིན་རྗེ་བཙུན་ངལ་གསོའི་སྐབས་སུ་ཆོས་དབྱིངས་ཡོངས་གྲུབ་བདེན་པར་གྲུབ་ཀྱང་དེ་བདེན་འཛིན་ཡོད་མི་དགོས་གསུངས་ཤིང་། གྲུབ་ཤིང་དུ་ཆོས་དབྱིངས་བདག་བདེན་མེད་པར་གསུངས་པས། ད་ཁྱེད་གཉིས་ཀྱིས་གཉིས་ཀ་ཁས་ལེན་ནམ་ཡང་དེ་གཉིས་ལས་
གང་ཁས་ལེན། ཡང་དེར་སྤྱིར་དབུ་མ་པ་ལ་ཐ་སྙད་དུ་ཡང་རང་ལུགས་མེད་ཀྱང་། གཞན་ངོར་ཐ་སྙད་དུ་ཁས་
ལེན་པར་གསུངས་པའི་གཞན་ངོའི་ས་མཚམས་དེ་འཇུག་ཊིཀ་དེའི་མཇུག་ཙམ་ན་གསལ་ཁ་ཞིག་ཡོད་སྣམ་པས་
ཇི་ལྟར་ཡིན་གསུང་རོགས།
དངོས་གནས་ཡག་པོ་འདུག ཧ་ལས་ཡ་རེད། འགྲོ་གླེང་གནང་ན་འདི་ལྟར་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཡིན་ན་ཡང་ཀླུ་སྒྲུབ་དགོངས་རྒྱན་སུས་རྩོམ་དང་། གང་འདྲ་ཡིན་མིན་དེ་ཕལ་ཆེར་ཁུང་ལྡན་གྱི་ལོ་རྒྱུས་རྣམ་པ་ཚོས་ཕལ་ཆེར་མ་མཁྱེན་པ་ཡིན་པ་འདྲ། གལ་སྲིད་ཀླུ་དགོངས་དགེ་ཆོས་ཀྱི་གསུང་ཡིན་མིན་གྱི་སྐོར་རྣམ་པ་ཚོས་མཁྱེན་པ་ཡོད་ན་གསལ་བཤད་རེ་གནང་ན་ཤིན་ཏུ་ལེགས། སྔར་རག་ར་ནས་མང་པོ་ཞིག་བཤད་འདུག་ཀྱང་བློ་གཟུ་བོར་གནས་མི་འདུག་འཁྱོག་བཤད་མང་པོ་གནང་གི་འདུག་ཟེར་མཁན་འདུག ཀླུ་དགོང་དགེ་ཆོས་ཀྱི་གསུངས་ཡིན་མིན་དེ་ཕལ་ཆེར་ངས་གསལ་བཤད་བྱས་ན་མི་ཆོག་པ་མི་འདུག་ཀྱང་ཁྱེད་ཚོས་ཐུགས་ལ་ཡིན་མིན་ག་འདྲ་དྲན་གི་ཡོད་པ་དང་། གལ་སྲིད་གཏན་ནས་མཁྱེན་གི་མེད་ན་ང་ལ་དྲི་བ་གནང་ན་འཐུས།
འཇམ་མགོན་མི་ཕམ་རིན་པོ་ཆེས། ཀུན་རྫོབ་རྣམས་རང་གི་ངོ་བོས་མི་སྟོང་བར་དགག་བྱ་ཡན་གར་བ་བདེན་གྲུབ་ཀྱིས་སྟོང་བར་བཞེད་པས་སྟོང་ཉིད་མ་ཡིན་དགག་ཏུ་སོང་ཞིང་། བདེན་གཉིས་འགལ་འདུར་འཛིན་པ་དངོས་སྨྲ་བའི་ལུགས་དབུགས་འབྱིན་པར་འགྱུར་བ་དང་། བུམ་པ་མི་དཔྱད་པར་བཞག་ནས་བུམ་པའི་བདེན་གྲུབ་ཡན་གར་བ་འགོག་ཚུལ་གྱི་རིགས་པ་ཤེར་མདོ་དང་དབུ་མའི་བསྟན་བཅོས་གང་ནས་ཀྱང་མ་བཤད་ལ། རིགས་པས་ཀྱང་སྒྲུབ་ཏུ་མེད་པ་བཞིན། བུམ་པ་བུམ་པས་མི་སྟོང་བདེན་གྲུབ་ཀྱིས་སྟོང་ཞེས་ཆོས་རང་རང་ངོ་བོ་ཉིད་ཀྱིས་སྟོང་ཞེས་མདོ་བསྟན་བཅོས་ཐམས་ཅད་ཀྱི་འཆད་ཚུལ་སྤངས་ནས་གཞན་སྟོང་ཁས་བླངས་པ་ལ། གོ་རྒྱུ་དང་ཤེས་རྒྱུ་ཅི་ཡང་མེད་དོ།།ཞེས་པ་བོད་ཕྱི་རབས་པའི་ལྟ་དགོངས་ལ་དགག་པ་གནང་བ་འདྲ་བོ་ཞིག་འདུག་སྟེ། ཞིབ་ཏུ་དཔྱད་ན་ལྕང་སྐྱས་དགག་བྱའི་ཉམས་འཆར་ཚུལ་ལིང་ལིང་བ་གསུངས་པ་དེ་དང་དོན་གཅིག་ཏུ་འབབ། རྒྱལ་བ་ཀློང་ཆེན་པའི་ཡིད་བཞིན་མཛོད་ལེའུ་ཉི་ཤུ་བ་ལས། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར།།རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེངས་བཅས་ཏེ།།རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་།།གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན།།ཞེས་པ་འདིས་རྙིང་མ་བའི་མཁས་པ་འགའ་ལ་གསུངས་པ་དང་། ཡང་ཡིད་བཞིན་མཛོད་གྱི་འགྲེལ་བ་ལས། རྒྱུ་མེད་འབྲས་བུ་མེད་ལ་སོགས་པ་བརྗོད་ན་རྒྱང་འཕེན་པ་ལྟར་ཆད་པར་ལྟ་བར་འགྱུར་ཏེ། འཁོར་བ་ཀུན་རྫོབ་པའི་ཆོས་རྣམས་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་སྒྱུ་མ་ལྟ་བུ་སྟེ། ངོ་བོ་མེད་པས་སྟོང་བ་ཡིན་ཡང་རྣམ་པ་སྣང་བ་དེ་རྟེན་འབྲེལ་གྱི་མཐུ་སྟེ། སྒྱུ་མའི་སྔགས་དང་རྫས་ལས་རྟ་གླང་དུ་སྣང་བ་བཞིན་ནོ།།ཞེས་པ་འདིས་ཐ་སྙད་ཚད་གྲུབ་བཞེད་པ་གསལ་བོར་བསྟན་འདུག །
ད་དུང་དགེ་ཆོས་ཀྱིས། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ། །
དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས། །
རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན། །
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤད། །ཅེས་པ་དོན་ལ་མི་གནས་པའི་གཏན་ཚིགས་འགོད་རྒྱུ་ཨེ་ཡོད།
སྐུ་ཞབས་amdo baglab་ལགས། ཀླུ་དགོངས་དགེ་ཆོས་ཀྱི་གསུང་རྩོམ་ངོ་མ་ཞིག་ལོས་ཡིན་སྙམ། གང་ཡིན་ཟེར་ན་དགེ་ཆོས་ལས་གཞན་གྱིས་ཡིད་ལ་འཆར་ཐུབ་ཡང་ཚིག་དེ་འདྲ་ཁ་ནས་ཐོན་པ་ཁག་པོ་རེད། ཁྱེད་རང་ལ་ཡོད་ན་ཅིག་གསུངས་དང་། ངེད་ཅག་གིས་བརྩད་གཅོད་བྱས་ཡོད་ཀྱང་དེའི་ཁུངས་སྣེ་བརྙེད་མ་སོང་།
མིག་བརྒྱད་པ་ལགས། ཁྱེད་ལ་མིག་བརྒྱད་ཡོད་པས་མང་བོ་གཟིགས་ཡོད་ཤག་རེད་ལ། ཕྲན་ལ་མགོ་དགུ་ཡོད་
པས་མིག་བཅོ་བརྒྱད་དང་རྭ་ཅོ་བཅོ་བརྒྱད་ཡོད་པས་ཅུང་ང་ཨེ་དྲག་སྙམ་སྟེ། འོན་ཀྱང་ཁྱེད་ལ་རྐང་བ་ཅི་ཙམ་
ཡོད་ངས་མི་ཤེས། ཨ་ལེ་སྐུ་རྩེད་ཞུས་པ་ཡིན་དཱ། གསན་རྒྱ་ཆེན་པོ་རེད་འདུག་ཁ་དྲོ་སྲ་ཀི།
འདི་ནི་མི་པམ་རིན་པོ་ཆེའི་དགོངས་ནོར་ཐམས་ཅད་ཀྱི་རྩ་བ་སྟེ། ཀ་བ་བདེན་གྲུབ་དེ་ཀ་བ་དང་ཐ་དད་ཡིན་
ཤག་གནང་བ་དེས་བྱས་པ་རེད། རི་བོང་གི་རྭ་ཀ་བ་དང་གཅིག་ཐ་དད་གང་ཡང་མ་ཡིན་ཏེ། རི་བོང་གི་རྭ་གཏན་མེད་ཡིན་པའི་ཕྱིར། ཞེས་པའི་རྒྱུ་མཚན་འདི་མཁྱེན་ན་བདེན་གྲུབ་ཀ་བ་ལས་ཐ་དད་མིན་པར་ལེགས་པར་ཤེས་པར་འགྱུར་ཏེ། ཐ་དད་ཡིན་མིན་ནི་ཤེས་བྱ་ལ་ཡོད་པ་ཞིག་གཞིར་བཞག་པ་ཡིན་པས། གཏན་མེད་ལ་གཅིག་ཐ་དད་གྱི་རྣམ་དབྱེ་ཞིག་འབྱུང་མི་སྲིད། འོན་ཀྱང་མི་ཕམ་རིན་པོ་ཆེས་བུམ་པ་བུམ་པས་སྟོང་གསུངས་པ་འདི་བུམ་
པ་རང་གི་ངོ་བོ་ཉིད་ཀྱིས་སྟོང་བའམ་རང་བཞིན་གྱིས་གྲུབ་པས་སྟོང་བའི་རྒྱུ་མཚན་གསུངས་པ་ལ་ལྟོས་ན་དོན་
དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་ངོར་ཡིན་ཞེས་བརྗོད་ན་འགྲིག་སྙམ་ན་ཇི་ལྟར་ལགས།
དེ་ཉིད་ལས། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་ཆེན་ཁག་ཏུ་གསལ་པོར་མེད་ཀྱང་། བླ་མ་དབུ་མ་པས་ཁྲིད་འོང་བའི་མདོ་ཁམས་ཀྱི་འཇམ་དབྱངས་དེ་ལ་བརྟེན་ནས་རྗེ་བཙུན་ཙོང་ཁ་པས་གསར་དུ་རྙེད་པ་ཡིན་ཞེས་སོགས་ཀྱང་སྨྲས་སྐད་འདུག་གོ་་་་་་་་་་་་་་་་་་་་་་ལྟ་གྲུབ་ཀྱི་ཁུངས་ཤིང་རྟ་ཆེན་པོའི་གཞུང་ལུགས་ལ་མ་ཐུག་པར་ཡིད་དམ་འཁྱམ་པོའི་མན་ངག་ལ་གཏུགས་པ་འདིས་རྟགས་དང་རྟེན་འབྲེལ་ཡོད་ཚད་འཁྱུག་ནས་སོང་བ་རེད། སྒྲུབ་བྱེད་དངོས་སྟོབས་ཀྱི་རིགས་པ་མ་རྙེད་པར་སེམས་འཛིན་གྱི་ཉམས་མྱོང་ལ་ཞལ་འཕེན་གནང་དགོས་བྱུང་བ་ཡང་སྡུག་རྟགས་མ་གཏོགས་ཡག་རྟགས་ཤིག་མ་རེད།
འདྲེ་ནག་མགོ་དགུ་པ་ལགས། ང་ལ་བསམ་རྒྱ་ཆེ་བའི་མགོ་བཞི་དང་མཐོང་རྒྱ་ཆེ་བའི་མིག་བརྒྱད་ཡོད་པ་རེད། སྙན་ངག་རྩ་བ་ལས། གདོང་བཞི་གདོང་གི་པད་ཚལ་གྱི།།ངང་པའི་བུ་མོ་ཐམས་ཅད་དཀར།།ཞེས་པ་ལྟར་ཚངས་བའི་སྲས་མོའམ་ལྷ་མོ་དབྱངས་ཅན་མ་དང་རིག་བྱེད་བཞི་ཡང་ཚངས་བའི་མགོ་བཞི་ལས་བྱུང་བ་རེད་གོ །ཁྱེད་ཀྱི་མགོ་རེ་རེ་ལ་ཁྱད་ཆོས་མ་འདྲ་བ་རེ་ཡོད་པ་ཐག་གིས་ཆོད། །འོག་ལ་གནན་རྒྱུ་མེད་པས་རྐང་བ་མང་ན་བདེ་བོ་མི་འདུག །རྐང་པ་གཉིས་ཏག་ཏག་རེད། ཧ་ཧ།
རྐང་གཉིས་རྐང་གི་པད་ཚལ་དུ།།ལྷ་ཡི་སྲས་མོ་རྣམ་པར་རྒྱལ།།
སྤྱང་ཤོག་ལགས། ལོག་རྟོག་སྙིང་སྟོབས་ལ་མོལ་བ།
རྗེ་ཙོང་ཁ་བས་ལྟ་གྲུབ་ཀྱི་ཁུངས་ཤིང་རྟ་ཆེན་པོའི་གཞུང་ལུགས་ལ་མ་ཐུག་པར་ཡིད་དམ་འཁྱམ་པོའི་མན་ངག་ལ་གཏུགས་པ་འདིས་རྟགས་དང་རྟེན་འབྲེལ་ཡོད་ཚད་འཁྱུག་ནས་སོང་བ་རེད། ཟེར་བ་ནི། གཡོ་ཇུས་དང་ཀུན་སློང་ངན་པས་མུན་ནག་ཏུ་རྡོ་འཕེན་པ་དང་གཅིག་པ་རེད། དོན་གནད་ལ་རེག་པའི་ངེས་བ་ཡོད་མ་རེད། གླགས་འཚོལ་བ་དེས་གཅིག་ནས་ལོ་རྒྱུས་དང་མི་མཐུན་ལ། གཉིས་ནས་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་ཆེན་ཁག་དང་རྗེ་ཙོང་ཁ་བའི་གཞུང་ཆེན་ཁག་ལ་ཆ་རྒྱུས་གང་ཡང་མེད་པའི་རྟགས་བསྟན་པ་རེད །ཆོས་ཁས་མི་ལེན་པ་ཞིག་གིས་རྗེ་རིན་པོ་ཆེའི་མཁས་བཙུན་བཟང་གསུམ་གྱི་མཛད་སྤྱོད་ལ་ཇུས་གཏོགས་བྱེད་པ་ནི་མ་བབས་པའི་གཏམ་ཞིག་རེད་མོད། འདོད་ཆེན་སྙིང་ལ་ཞུགས་པ་ཡིས།།སྐྱེས་བོ་དེ་ཡིས་མི་བྱེད་མེད།།ཞེས་གསུངས་པ་ལྟར་རྒྱ་ནག་གི་གླ་ཕོག་ཟོས་ནས་བོད་མི་དམངས་དང་ཆོས་ལུགས་ནང་ཁུལ་དུ་བསམ་བཟོས་ནས་འགལ་ཟླ་བཟོ་གི་ཡོད་པའི་རྣམ་པ་ཞིག་ལས་གང་ཡང་མི་འདུག །དཔྱོད་པའི་བློ་གྲོས་ཡོད་པ་ཡིན་ན་གཞུང་དུམ་བུ་རེ་དྲངས་ནས་དཔྱད་ན་ཆོག་མོད། དེ་འདྲའི་བཟོ་རྟ་མི་འདུག །རྗེ་རིན་པོ་ཆེས། བདག་ལ་བརྡེག་འཚོག་མཚང་འདྲིའི་སེམས་ཅན་རྣམས།།མཐོང་ངམ་ཐོས་བསམ་ཡིད་ལ་དྲན་པའི་ཚེ།།ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི།།ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག། ཅེས་ཐུགས་སྨོན་གནང་འདུག །
འགོང་བོ་སྤུན་དགུ་བོད་ཀྱི་འཚོ་བར་ཞུགས།།
ལྷ་རྟེན་ཆོས་གསུམ་མེར་བསྲེགས་ཕུང་པོར་གཏིམས།།
དགོན་པ་སྟོང་ཕྲག་མང་པོ་ཤུལ་མེད་བཏང་།།
བོད་མི་འབུམ་ཕྲག་བཅུ་གཉིས་དམར་གསོད་བྱས།།
རང་ཁྱིམ་རང་ལ་མི་དབང་དུས་སྐབས་འདིར།།
ཆོས་མེད་སྨྲ་བའི་སྟ་རེ་ལག་བཟུང་ནས།།
ལོག་རྟོག་སྙིང་སྟོབས་དགུ་བསྒྲིག་བྱེད་བྱེད་ནས།།
རང་ཕ་གསོད་པའི་དཔའ་པོའི་ངར་སྐད་སྒྲོག།
ལོག་རྟོག་སྙིང་སྟོབས་ལ།
ངེད་ཅག་ལ་སྐབས་སུ་བབས་པ་ཞིག་མ་རེད་མོད། ཞོགས་དུང་གི་མི་བུའི་སྐད་ཆ་གླེང་མགོ་བརྩམས་པ་ནས་སྙིང་སྟོབས་དྲུག་པོའི་དེབ་རེ་རེ་ལ་རིན་ཐང་ག་ཚོད་ཡོད་མེད་དྲང་བདེན་གྱི་ལམ་ནས་གཞལ་ན་བོད་མི་རིགས་ལ་ཆོས་དང་སྲིད། དངོས་ཡོད་ཀྱི་དཀའ་ངལ་ལ་བསམ་ཤེས་ཐུབ་པའི་དཔའ་བོའི་སྙིང་སྟོབས་གང་ནས་ཡིན།
མིག་བརྒྱད་པ་ལགས།
ཞོགས་དུང་དང་ཁོང་གི་ཕྲུ་གུ་དེ་ཚོར་སྐྱོན་ཆེན་པོ་ཞིག་འདུག། རྗེས་མ་ཁྱེད་ཀྱི་ཁོང་ཚོ་ངོ་ཤེས་ཀྱི་ཡོད་ན། ངེས་པར་དུ་ལན་འདི་སྤྲོད་རོགས།
ཞོགས་དུང་དང་ཁོང་གི་སློབ་མ་ཚོས། ནུབ་ཕྱོགས་པའི་ཚན་རིག་པ་དང་སྤྱི་ཚོགས་རིང་ལུགས་མཁས་པ། དེ་བཞིན་མཚན་ཉིད་རིག་པ་མཁས་ཅན་སོགས་ཀྱི་དེབ་མང་པོ་ཞིག་རྒྱ་ཡིག་ནང་བཀླགས་ནས། ལུང་འདྲེན་བྱས་ནས། བོད་ཀྱི་སྔོན་བྱུང་མཁས་པ་ཚོའི་མགོ་ལ་རྒྱག་ཨེ་ཐུབ་བྱེད་བཞིན་འདུག་མོད། འོན་ཀྱང་ཁོང་རྣམས་ཀྱིས་རྒྱ་ཡིག་ནང་ལ་བཀླགས་པའི་ནུབ་ཕྱོགས་པའི་མཁས་པ་དེ་ཚོ། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ལ་མི་རབས་གསར་པ་འདི་ཚོས་ངོ་མ་ཤེས་ལ། གོ་མ་མྱོང་བའི་མི་སྣ་མང་ཆེ་བ་རེད། རྒྱུ་མཚན་ནི། གཡོན་ཕྱོགས་ལ་ཐལ་ཆ་ཤུགས་ཆེར་ཤོར་བའི་མཁས་ཅན་དེ་ཚོ། རྒྱ་ནག་དང་དམར་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོས་དོ་སྣང་བྱས་ནས། ཁོང་ཚོའི་གསུང་དེབ་རྣམས་རྩ་ཆེན་པོས་རྒྱ་ཡིག་དང་རུ་སུའི་སྐད་ཡིག་ནང་བསྒྱུར་བ་ལས། ནུབ་ཕྱོགས་ཁུལ་ལ་ཁ་ཡོད་ལག་ཡོད་ཐོག་ཁོང་ཚོའི་ལྟ་བ་ལ་བདག་པོ་རྒྱག་མཁན་ཉུང་ཉུང་རེད།
ལྷག་དོན་ཁོང་རྣམ་པས་ལུང་འདྲེན་བྱས་པའི་མཁས་ཅན་དེ་དག་གི་གསུང་ལ་ནུབ་ཕྱོགས་པའི་མཁས་པ་གཞན་པས་་འགག་པ་མང་པོ་བརྒྱབ་ཡོད་པ་འདི་ཁོང་ཚོས་ཤེས་ཀྱི་མ་རེད། དཔེར་ན། ཌར་ཝིན་གྱི་སྲོག་ཆགས་ཀྱི་འཕེལ་རིམ་ཟེར་བ་འདི་ལ། ནུབ་ཕྱོགས་པའི་ཚན་རིག་པ་མང་པོས་ལོ་མང་ས་གནས་རང་ལ་བསྐྱོད་ནས། སྲོག་ཆགས་མཉམ་དུ་འཚོ་བ་བསྐྱལ། ཁོང་ཚོའི་གོམས་གཤིས་ལ་བརྟག་ཞིབ་བྱས་ནས། དངོས་བྱུང་ཚན་རྩལ་གྱི་མཐུན་རྐྱེན་སྤྱད་ནས། ཌར་ཝིན་གྱི་ནོར་འཁྲུལ་དང་ཐལ་ཆ་རྣམས་འཐེར་འདོན་བྱས་པའི་དེབ་འགའ་ཤས་མཐོང་ཡས་འདུག
ཌར་ཝིན་གྱི་རྩ་བའི་འདོད་པ་སྟེ། སྲོག་ཆགས་ནང་ནས། སྟོབས་ཤུགས་དང་གསོན་སྟོབས་ཆེ་ཤོས་རྣམས་ཡུན་རིང་འཚོ་ཐུབ། ༼The theory of the Survival of the Strongest༽ཟེར་བ་འདི་ལ་ལོ་ངོ་བརྒྱད་བཅུ་ལྷག་སྲོག་ཆགས་ཀྱི་ལྟ་བའི་ཡང་རྩེར་བཀུར་ཡང་། ཕྱིས་སུ། སྲོག་ཆགས་ཉམས་ཞིབ་པ་རྣམས་ཀྱིས་ཆེས་ཕྲ་མོ་དང་ཆེས་རིག་པ་རྣོ་བའི་འཕྲུལ་རྩལ་བེད་སྤྱོད་བྱས་ནས། ལོ་མང་བཞི་འཇུག་བྱས་རྗེས། ཌར་ཝིན་གྱི་ལྟ་བ་དེའི་ཉེས་སྐྱོན་རྣམས་འཐེར་འདོན་བྱས་ཡོད་པ་སྟེ། དཔེར་ན། འཛམ་གླིང་འདིའི་སྟེང་ལ་ཡུན་རིང་ཤོས་གནས་ཐུབ་པའི་སྲོག་ཆགས་རྣམས་ནི། ཆེས་སྟོབས་ཆེ་ཤོས་དང་ཤེས་གསོན་ཤུགས་ཆེ་ཤོས་ཌར་ཝིན་གྱིས་འདོད་པ་བྱེད་པའི་སྲོག་ཆགས་རྣམས་མ་ཡིན་ཏེ། དེ་ལས་ལྡོག་ཏེ། ཡུན་རིང་ཤོས་ལ་གནས་ཐུབ་པའི་སྲོག་ཆགས་རྣམས་ནི། ཤིན་དུ་ཆུང་ཆུང་། ཆེས་འཆི་བར་སླ་བ། ཆེས་གཞན་གྱིས་སྲོག་བཅོམ་སླ་བའི་སྲོག་ཆགས་རྣམས་ཡིན་པ་སྟེ། དཔེར་ན། ཙི་ཙི་དང་། ཕྱེ་མ་ལེབ། དེ་བཞིན་འབུ་ཕྲ་མོ་དེ་དག་རེད། ཌར་ཝིན་གྱིས་བརྗོད་པའི་སྟོབས་ཤུགས་ཆེ་བའི་སྲོག་ཆགས་དཔེར་ན། ཌ་ན་སོར་སི་ཟེར་བ་དང་། དེ་བཞིན་གླང་ཆེན་སྤུ་སོབ་ཅན་རྣམས་སྔར་ནས་སྟོང་ཟིན་པའི་དཔེ་གྲངས་མེད་བགྲངས་འདུག། འདི་ཞོགས་དུང་དང་ཁོང་གི་སློབ་མ་ཚོར་གསལ་བཤད་ཤིག་སྐྱོན་རོགས།
ད་དུང་ཁོང་རྣམས་ཀྱིས་ལུང་འདྲེན་བྱེད་པའི་སྤྱི་ཚོགས་ཚན་རིག་པ་འགའ་ཤས་ཤིག་གི་སྐོར་ཞུ་རྒྱུ་ཡོད་རུང་། དུས་ཚོད་ལྡང་མ་སོང་། སླད་མུ་མཐུད་ཞུ་བར་བྱའོ།
རིགས་པའི་རྗེས་འབྲང་གི་རྒྱུ་མཚན་གང་གསུང་ཡག་མེད་ན། དོན་མེད་དམོས་ཚིག་དང་དམར་ཤོག་ལྟ་ལོག་སོགས་བཤད་ན་ཁ་ན་རོགས་རང་རེད།
ད་ལྟ་གྲུབ་གླེང་གི་འདུག
ཡག་པོ་གླེང་གིན་འདུག
ཧ་ཅང་དགའ་སོང་།
ཡིན་ན་ཡང་། ངས་ལྟས་ན་རྫ་ཀུན་དཔལ་སང་གི་ངེས་སྒྲོན་གྱི་འབྲེལ་བར།
རང་སྟོང་གཞན་སྟོང་ཕན་ཚུན་ཆེར་རྩོད་ཀྱང་། །
སྣང་སྟོང་ཕྱོགས་སུ་ལྷུང་ན་སུ་ལའང་སྐྱོན། །
སྣང་སྟོང་མི་འགལ་ཟུང་འཇུག་གྲུབ་མཐའི་མཆོག །
འདི་དོན་རྟ་ོགས་ན་དཀའ་གནད་མདུད་རྒྱ་གྲོལ། །
ཞེས་གསུངས་པ་དེ་ཁོ་བོའི་བླ་གསེར་རྟ་མཁན་པོ་ཆོས་ཁྱབ་ཀྱིས་ཀྱང་། རོང་ཀློང་མི་ཕམ་བོད་སྤྲུལ་དང་བཅས་པའི་གཞུང་ལུགས་སྤྱིའི་དགོངས་པའི་ཉིང་ཁུར་བྱེད།
ད་དུང་ངས་ཧ་ཅང་གསལ་པོར་དྲན་སོས་པ་ཞིག་ལ་ཁོང་གིས་མི་ཕམ་རིན་པོ་ཆེའི་བརྒལ་ལན་གསམ་གསུམ་གཅིག་ཕྲོར་གཅིག་བྱས་ནས་ཁྲིད་སོང་། ཁྲིད་སྐབས་གཞུང་གི་ཚིག་འགྲོས་བཞིན་དགེ་ཕྱོགས་ཀྱི་འདོད་པ་དང་རང་ལུགས་སོགས་ཁྱོད་དང་ང་གྲི་དང་ཤ་ལྟ་བུ་བྱས་ནས་འཁྲིད་ཀྱི་རེད། ངར་ཤུགས་ཆེན་པོས་ཡིན་ཡིན་ས་དང་མིན་མིན་ས་བྱས་ནས་ཁྲིད་ཀྱིན་འདུག
མཐར་མཇུག་དྲིལ་མཚམས་དེར་ཁོང་གིས་གསུང་གདངས་ལྷོད་པོས། ཤ་ཉེ་ཆ་ག མི་ཕམ་གྱིས་རབ་གསལ་ལ་མ་མེད་དགག་ཡིན་ན་མ་འགྲིག་འགྲིག རང་གསལ་གྱིས་མི་ཕམ་ལ་མ་ཡིན་དགག་ཡིན་ན་མ་འགྲིག་འགྲིག་འདྲ་པོ་ཞིག་བཤད་པ་འདི་ཡོད་ཚད་མི་ཕམ་དང་རབ་གསལ་གཉིས་ཀྱིས་གཅིག་གི་གཅིག་ལ་ལྟ་བ་གོལ་གྱིན་ཡོད་པར་བཤད་པ་མ་རེད། ལེགས་པར་གོ་ཐུབ་ན་གང་ལྟར་ཡང་མཐར་ཐུག་འགལ་མེད་གནད་ཅིག་ཏུ་འབབ་ས་ཞིག་ཡོད་རེད།་
ཁོང་གཉིས་ཀས་ཝ་ཤི་ཁུལ་དང་ཕོ་རོག་གིས་ཏོག་ཁུལ་བྱེད་ཀྱི་ཡོད་རེད།
གལ་ཏེ་གོ་བ་ཡག་པོ་ཞིག་མ་ལོན་ན་ཀ་བ་ཀ་བས་སྟོང་ལབ་ན་ཐ་སྙད་དཔྱོད་པ་རང་གི་ངོར་ཡང་ཐ་སྙད་དུ་མེད་པ་ཡིན་ནམ་སྙམ་པའི་ལོག་ལྟ་ཡོང་གི་རེད།
ཀ་བ་ཀ་བས་མི་སྟོང་ཞེས་ལབ་ན་མང་པོ་ཞིག་ལ་འདྲེ་ཤར་ནུབ་ཀླུད་དུ་སོང་ནས་ཀ་བ་ལས་དགག་བྱ་ཡན་ཀར་བ་ཞིག་ལ་བསམ་བློ་བཏང་ནས་སེམས་ཀྱི་སྟེང་དུ་མི་སྨིན་པ་ཞིག་ཡོང་གི་རེད་ཅེས་གསུངས།
འོན་ཀྱང་། མི་ཕམ་རིན་པོ་ཆེས་ཀ་བ་རང་ངོས་ནས་སྟོང་པར་སྒྲུབ་པ་ཧ་ཅང་གསལ་པོ་རེད།
སྟོང་ཉིད་རང་གི་ངོ་བོ་ལ་སྣང་བ་དགག་ནས་སྟོང་བར་སྒྲུབ་པ་ནི་སྤྱིའི་ཆ་ནས་སྔ་འགྱུར་གྱི་ལུགས་ཅང་མ་རེད།
ཀུན་མཁྱེན་ཀློང་ཆེན་པས་ཀྱང་། མེད་པའི་ངོ་བོ་ནམ་མཁའ་ལྟ་བུ་སྟེ། །སྨྲ་བསམ་བརྗོད་ལས་འདས་པ་ཤེས་པར་བྱ། །ཞེས་གསུངས་པ་རེད།
ཞི་བ་ལྷའི་ཤེར་ལེར་ཡང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པ། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་འདིས་དོན་དཔྱོད་ཀྱི་ངོ་ལ་སྤྲོས་པ་མཐའ་དག་ལས་འདས་པའི་སྣང་མེད་ཅིག་ཡིན་པ་གསལ་པོ་རེད།
འོན་ཀྱང་སྣང་མེད་ཅེས་བརྗོད་སྐབས་ད་ལྟའི་སྣང་བ་འདི་མི་གནས་པ་ལས་མེད་མེད་པའི་འཛིན་སྟངས་ཅན་གྱི་དགག་བྱ་བཅད་པའི་གསལ་སེལ་ཞིག་མིན་པ་ནི་གསལ་པོ་རེད།
དེ་ནི་མངའ་བདག་མེ་ཏྲི་པས། གང་ཕྱིར་གཞན་སེལ་སྒྲུབ་ལས་སྐྱེས། །དེ་ནི་རྟག་དང་ཆད་ལ་གནས། །ཞེས་དང་། ཡོད་པའི་ཟླས་དྲངས་མེད་པ་སྟེ། །མེད་པའང་ཡོད་པའི་བཟླས་དྲངས་སོ། །ཞེས་པ་འདི་ཧ་ཅང་ལེགས་པར་མཐོང་། །
ང་ཚོ་ནི་རྟོག་གེ་པ་རེད། སྣང་བ་མི་དགག་ཐ་སྙད་མི་དགག་ཟེར་དུས་དོན་དཔྱོད་ཀྱི་ངོ་ལ་ཡང་སྣང་བ་འདིའི་འདྲ་བཤུས་འདྲ་པོ་ཅུང་ཟད་ཅིག་ལྷག་ཡོད་པར་ཐུགས་བརྩེ་གཏོད་སྲིད་ན་དེ་ནི་ངོ་མ་དོན་དངོས་ལ་མི་ཉེ་བ་ཡིན་ས་རེད།
གང་རེད་ཅེ་ན་འདི་ཚོ་ང་ཚོའི་རྟོག་ངོའི་རྣམ་བཞག་དང་ང་ཚོའི་སྤྱོད་ཡུལཙམ་རེད།
འདི་རྩལ་ཏུ་བཏོན་ཆེ་དྲགས་ནའང་ངེས་པར་དོན་དམ་པའི་ཞལ་རས་རང་དེ་ལ་ཅིག་སྒྲིབ་ས་རེད་བསམ་གི
འོན་ཀྱང་། རྗེ་རིན་པོ་ཆེ་ལ་ཡང་ཐུག་ཁག་ཡོད་མ་རེད།
སྐབས་དེར་ཐོས་པ་ལ་གཡེལ་བའི་བཀའ་རྙིང་གི་སྒོམ་ཆེན་མང་པོ་ཞིག་གིས་སྐད་ྪཆ་སྦོམས་པོ་རེ་བཤད་ནས་ཅི་མེད་ཅང་མེད་ལབ་བསྡད་པ་དེར་ཡང་ཉེན་ཁ་ཞིག་ཡོད་པ་རེད།
དེ་ནི་ས་པན་གྱི་བླུན་པོས་ཕྱག་རྒྱ་ཆེ་སྒོམ་པ་་་་་་་་་་་་ཞེས་གསུངས་པའི་དོན་དེ་རེད།
དེས་ན་རྗེ་རིན་པོ་ཆེས་རྣམ་གཅོད་དགག་པ་གཙོ་ཆེ་བའི་དབང་དུ་བྱས་ནས་དེ་ལྟར་མེད་དགག་གི་འཛིན་སྟངས་དམ་ཧྲིག་གེ་བ་ཞིག་དགོས་པ་མནན་བཤད་གནང་། དེ་ནི་དང་པོ་བདེན་མེད་ལ་ངེས་ཤེས་ཡག་པོ་ཡོད་པ་གལ་ཆེ་བའི་སྒོ་ནས་གསུངས་པ་རེད།
འོན་ཀྱང་མཐར་ནི་ངེས་པར་རྙིང་མ་རྒད་པོ་དགག་གིས་བཤད་པའི་ཡོད་མེད་མིན་པ་དེར་ལ་བཟློ་རྒྱུ་རེད།
དེས་ཕྱིར་མི་ཕམ་རིན་པོ་ཆེས་རྗེ་ཡི་ཕྱིས་རྩོམ་གྱི་འཆད་སྟངས་འདི་ལས་དང་པོ་པ་རྣམ་རྗེས་སུ་འཛིན་ཆེད་དུ་རེད་ཅེས་གསུངས།
རྗེ་རིན་པོ་ཆེས་བླ་མ་དབུ་མ་པ་བརྒྱུད་ནས་ཡི་དམ་ལ་དྲིས་པའི་སྐོར་དེར་གོ་རམས་ཀྱིས་ཀྱང་ཐུགས་མ་རངས་པ་གནང་ཡོད།
མ་གཞི་དེ་ནི་ལྷ་པ་ཞིག་གི་ངག་ལ་དྲིས་པའི་ཚོད་ཙམ་རེད། དེས་ཕྱིར་ཕྲན་ལ་ཡང་། ཁོང་གིས་ཡེ་དམ་ལ་འདྲ་སྟངས་དེར་ཁྱད་མཚར་བསམ་པ་བུ་སྐྱེས་མྱོང་མོད། ཁོང་གི་ས་སྟག་ཚང་ཤེས་རབ་རིན་ཆེན་གྱིས་གསུངས་པ་ལྟར་གཞོན་ནུས་དུས་ནས་མདོ་དང་རྒྱན་གྱི་པད་ཚར་རྒྱས་པའི་ཤེས་རབ་དང་། ཀུན་སྤངས་འདུལ་འཛིན་གྱི་སྤྱོད་པ་བླ་ན་མེད་པའི་མཁྱེན་རབ་བཅས་ལས་ལྷག་པའི་དད་པ་ཞིག་ཀྱང་སྐྱེ་དཀའ་ཙམ་བྱུང་། འོན་ཀྱང་ཁོང་གིས་རྩ་ཤེས་འབྲེལ་བ་གཟིགས་རྟོག་ཡང་ཡང་མཛད་སྐབས་ལྟ་བ་རྙེད་པའི་སྐབས་ཀྱི་རྣམ་ཐར་དེ་ཚོར་ལྟ་དུས་མཁས་པའི་སྐྱེ་བོས་ལྟ་བ་འཚོལ་བའི་ངང་ཚུལ་ནི་འདི་འདྲ་ཨང་སྙམ་དུ་ཡིད་མཆི་མས་གནང་བའང་བྱུང་མྱོང་།
ཁོང་གིས་ཀྱང་། འཇམ་དཔལ་གྱིས་བཏབ་པའི་ལན་དག་ཡང་དག་ཡིན་མིན་ཡང་བསྐྱར་ལྷ་དང་བླ་མར་གསོལ་བ་བཏབ་རང་གིས་ཀྱང་བརྟག་ནས་ངེས་ཤེས་རྙེད་པར་ཡང་གསུངས།
སྔར་གྱི་ལྟ་བ་དེ་ཐལ་རང་གང་གི་ཡང་ལྟ་བ་མིན་ཞེས་པའི་ལན་རགས་པ་སོགས་འཆད་སྟངས་འཁྲུག་པོ་ཞིག་ཡོད་རེད།
དེ་ཚོ་བསམ་གྱིས་མི་ཁྱབ་པ་རེད།
སྐད་ཆ་འདི་ཚོ་དྲན་ཚུལ་ཙམ་ཞིག་ཡིན། །
ལྟ་གྲུབ་འདི་ཚོ་ཨ་མྱེའི་གོ་བ་ཙམ། །
རགས་རིམ་ཁ་ནས་གང་ཐོན་བྲིས་པ་ཡིན། །
དུས་ཚོད་ཉུང་ཞིང་དཔེ་ཡང་མ་ཚོགས་པས། །
ལྟ་གྲུབ་བསྡུར་བཤད་བྱེད་པའི་རྐྱེན་མ་ཚོགས།
ངས་གོང་གི་མཆན་དེར་ཡིག་ནོར་ཚབ་ཆེན་འགའ་འདུག་པ་རགས་རིམ་ཞིག་བཅོས་ནས་གཏོང་གི་ཡིན།
ད་ལྟ་གྲུབ་གླེང་གི་འདུག
ཡག་པོ་གླེང་གིན་འདུག
ཧ་ཅང་དགའ་སོང་།
ཡིན་ན་ཡང་། ངས་ལྟས་ན་རྫ་ཀུན་དཔལ་སང་གི་ངེས་སྒྲོན་གྱི་འགྲེལ་པར།
རང་སྟོང་གཞན་སྟོང་ཕན་ཚུན་ཆེར་རྩོད་ཀྱང་། །
སྣང་སྟོང་ཕྱོགས་སུ་ལྷུང་ན་སུ་ལའང་སྐྱོན། །
སྣང་སྟོང་མི་འགལ་ཟུང་འཇུག་གྲུབ་མཐའི་མཆོག །
འདི་དོན་རྟོགས་ན་དཀའ་གནད་མདུད་རྒྱ་གྲོལ། །
ཞེས་གསུངས་པ་དེ་ཁོ་བོའི་བླ་གསེར་རྟ་མཁན་པོ་ཆོས་ཁྱབ་ཀྱིས་ཀྱང་། རོང་ཀློང་མི་ཕམ་བོད་སྤྲུལ་དང་བཅས་པའི་གཞུང་ལུགས་སྤྱིའི་དགོངས་པའི་ཉིང་ཁུར་བྱེད།
ད་དུང་ངས་ཧ་ཅང་གསལ་པོར་དྲན་སོས་པ་ཞིག་ལ། ཁོང་གིས་མི་ཕམ་རིན་པོ་ཆེའི་བརྒལ་ལན་རྣམ་གསུམ་གཅིག་ཕྲོར་གཅིག་བྱས་ནས་ཁྲིད་སོང་། ཁྲིད་སྐབས་གཞུང་གི་ཚིག་འགྲོས་བཞིན་དགེ་ཕྱོགས་ཀྱི་འདོད་པ་དང་རང་ལུགས་སོགས་ཁྱོད་དང་ང་། གྲི་དང་ཤ་ལྟ་བུ་བྱས་ནས་ཁྲིད་ཀྱི་རེད། ངར་ཤུགས་ཆེན་པོས། ཡིན་ཡིན་ས་དང་མིན་མིན་ས་བྱས་ནས་ཁྲིད་ཀྱིན་འདུག
མཐར་མཇུག་དྲིལ་མཚམས་དེར་ཁོང་གིས་གསུང་གདངས་ལྷོད་པོས། ཤ་ཉེ་ཆ་ག མི་ཕམ་གྱིས་རབ་གསལ་ལ་མ་མེད་དགག་ཡིན་ན་མ་འགྲིག་འགྲིག རང་གསལ་གྱིས་མི་ཕམ་ལ་མ་ཡིན་དགག་ཡིན་ན་མ་འགྲིག་འགྲིག་འདྲ་པོ་ཞིག་བཤད་པ་འདི་ཡོད་ཚད་མི་ཕམ་དང་རབ་གསལ་གཉིས་ཀྱིས་གཅིག་གི་གཅིག་ལ་ལྟ་བ་གོལ་གྱིན་ཡོད་པར་བཤད་པ་མ་རེད། ལེགས་པར་གོ་ཐུབ་ན་གང་ལྟར་ཡང་མཐར་ཐུག་འགལ་མེད་གནད་ཅིག་ཏུ་འབབ་ས་ཞིག་ཡོད་རེད།་
ཁོང་གཉིས་ཀས་ཝ་ཤི་ཁུལ་དང་ཕོ་རོག་གིས་ཏོག་ཁུལ་བྱེད་ཀྱི་ཡོད་རེད།
གལ་ཏེ་གོ་བ་ཡག་པོ་ཞིག་མ་ལོན་ན་ཀ་བ་ཀ་བས་སྟོང་ལབ་ན་ཐ་སྙད་དཔྱོད་པ་རང་གི་ངོར་ཡང་ཐ་སྙད་དུ་མེད་པ་ཡིན་ནམ་སྙམ་པའི་ལོག་ལྟ་ཡོང་གི་རེད།
ཀ་བ་ཀ་བས་མི་སྟོང་ཞེས་ལབ་ན་མང་པོ་ཞིག་ལ་འདྲེ་ཤར་ཀླུད་ནུབ་ཏུ་སོང་ནས་ཀ་བ་ལས་དགག་བྱ་ཡན་ཀར་བ་ཞིག་ལ་བསམ་བློ་བཏང་ནས་སེམས་ཀྱི་སྟེང་དུ་མི་སྨིན་པ་ཞིག་ཡོང་གི་རེད་ཅེས་གསུངས།
འོན་ཀྱང་། མི་ཕམ་རིན་པོ་ཆེས་ཀ་བ་རང་ངོས་ནས་སྟོང་པར་སྒྲུབ་པ་ཧ་ཅང་གསལ་པོ་རེད།
སྟོང་ཉིད་རང་གི་ངོ་བོ་ལ་སྣང་བ་དགག་ནས་སྟོང་བ་ཙམ་དུ་སྒྲུབ་པ་ནི་སྤྱིའི་ཆ་ནས་སྔ་འགྱུར་གྱི་ལུགས་ཅང་མ་རེད།
ཀུན་མཁྱེན་ཀློང་ཆེན་པས་ཀྱང་། མེད་པའི་ངོ་བོ་ནམ་མཁའ་ལྟ་བུ་སྟེ། །སྨྲ་བསམ་བརྗོད་ལས་འདས་པ་ཤེས་པར་བྱ། །ཞེས་གསུངས་པ་རེད། ལུང་དྲངས་ཀྱིས་ཀྱང་ལང་གི་མ་རེད།
ཞི་བ་ལྷའི་ཤེར་ལེར་ཡང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པ། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་འདིས་དོན་དཔྱོད་ཀྱི་ངོ་ལ་སྤྲོས་པ་མཐའ་དག་ལས་འདས་པའི་སྣང་མེད་ཅིག་ཡིན་པ་གསལ་པོ་རེད།
འོན་ཀྱང་སྣང་མེད་ཅེས་བརྗོད་སྐབས་ད་ལྟའི་སྣང་བ་འདི་མི་གནས་པ་ལས་མེད་པའི་འཛིན་སྟངས་ཅན་གྱི་དགག་བྱ་བཅད་པའི་གསལ་སེལ་ཞིག་མིན་པ་ནི་གསལ་པོ་རེད།
དེ་ནི་མངའ་བདག་མེ་ཏྲི་པས། གང་ཕྱིར་གཞན་སེལ་སྒྲུབ་ལས་སྐྱེས། །དེ་ནི་རྟག་དང་ཆད་ལ་གནས། །ཞེས་དང་། ཡོད་པའི་ཟླས་དྲངས་མེད་པ་སྟེ། །མེད་པའང་ཡོད་པའི་བཟླས་དྲངས་སོ། །ཞེས་པ་འདི་ཧ་ཅང་ལེགས་པར་མཐོང་། །
ང་ཚོ་ནི་རྟོག་གེ་པ་རེད། སྣང་བ་མི་དགག་ཐ་སྙད་མི་དགག་ཟེར་དུས་དོན་དཔྱོད་ཀྱི་ངོ་ལ་ཡང་སྣང་བ་འདིའི་འདྲ་བཤུས་འདྲ་པོ་ཅུང་ཟད་ཅིག་ལྷག་ཡོད་པར་ཐུགས་བརྩེ་གཏོད་སྲིད་ན་དེ་ནི་ངོ་མ་དོན་དངོས་ལ་མི་ཉེ་བ་ཡིན་ས་རེད།
གང་རེད་ཅེ་ན་འདི་ཚོ་ང་ཚོའི་རྟོག་ངོའི་རྣམ་བཞག་དང་ང་ཚོའི་སྤྱོད་ཡུལཙམ་རེད།
འདི་རྩལ་ཏུ་བཏོན་ཆེ་དྲགས་ནའང་ངེས་པར་དོན་དམ་པའི་ཞལ་རས་རང་དེ་ལ་ཅིག་སྒྲིབ་ས་རེད་བསམ་གི
འོན་ཀྱང་། རྗེ་རིན་པོ་ཆེ་ལ་ཡང་ཐུག་ཁག་ཡོད་མ་རེད།
སྐབས་དེར་ཐོས་པ་ལ་གཡེལ་བའི་བཀའ་རྙིང་གི་སྒོམ་ཆེན་མང་པོ་ཞིག་གིས་སྐད་ཆ་སྦོམས་པོ་རེ་བཤད་ནས་ཅི་མེད་ཅང་མེད་ལབ་བསྡད་པ་དེར་ཡང་ཉེན་ཁ་ཞིག་ཡོད་པ་རེད།
དེ་ནི་ས་པན་གྱི་བླུན་པོས་ཕྱག་རྒྱ་ཆེ་སྒོམ་པ་་་་་་་་་་་་ཞེས་གསུངས་པའི་དོན་དེ་རེད།
དེས་ན་རྗེ་རིན་པོ་ཆེས་རྣམ་གཅོད་དགག་པ་གཙོ་ཆེ་བའི་དབང་དུ་བྱས་ནས་དེ་ལྟར་མེད་དགག་གི་འཛིན་སྟངས་དམ་ཧྲིག་གེ་བ་ཞིག་དགོས་པ་མནན་བཤད་གནང་། དེ་ནི་དང་པོ་བདེན་མེད་ལ་ངེས་ཤེས་ཡག་པོ་ཡོད་པ་གལ་ཆེ་བའི་སྒོ་ནས་གསུངས་པ་རེད།
འོན་ཀྱང་མཐར་ནི་ངེས་པར་རྙིང་མ་རྒད་པོ་དགག་གིས་བཤད་པའི་ཡོད་མེད་མིན་པ་དེར་ལ་བཟླ་རྒྱུ་རེད།
དེས་ཕྱིར་མི་ཕམ་རིན་པོ་ཆེས། རྗེ་ཡི་ཕྱིས་རྩོམ་གྱི་འཆད་སྟངས་འདི་ལས་དང་པོ་པ་རྣམ་རྗེས་སུ་འཛིན་ཆེད་དུ་རེད་ཅེས་གསུངས།
རྗེ་རིན་པོ་ཆེས་བླ་མ་དབུ་མ་པ་བརྒྱུད་ནས་ཡི་དམ་ལ་དྲིས་པའི་སྐོར་དེར་གོ་རམས་ཀྱིས་ཀྱང་ཐུགས་མ་རངས་པ་གནང་ཡོད། གསུང་སྟངས་ལོག་རྟོག་སྙིང་སྟོབས་ཀྱི་འཆད་སྟངས་དེ་ག་རེད།
མ་གཞི་དེ་ནི་ལྷ་པ་ཞིག་གི་ངག་ལ་དྲིས་པའི་ཚོད་ཙམ་རེད། དེས་ཕྱིར་ཕྲན་ལ་ཡང་། ཁོང་གིས་ཡེ་དམ་ལ་འདྲི་སྟངས་དེར་ཁྱད་མཚར་བསམ་པ་ལྟ་བུ་སྐྱེས་མྱོང་མོད། ཁོང་གི་ས་སྟག་ཚང་ཤེས་རབ་རིན་ཆེན་གྱིས་གསུངས་པ་ལྟར་གཞོན་ནུས་དུས་ནས་མདོ་དང་རྒྱན་གྱི་པད་ཚར་རྒྱས་པའི་ཤེས་རབ་དང་། ཀུན་སྤངས་འདུལ་འཛིན་གྱི་སྤྱོད་པ་བླ་ན་མེད་པའི་མཁྱེན་རབ་བཅས་ལས་ལྷག་པའི་དད་པ་ཞིག་ཀྱང་སྐྱེ་དཀའ་ཙམ་བྱུང་། འོན་ཀྱང་ཁོང་གིས་རྩ་ཤེས་འགྲེལ་བ་གཟིགས་རྟོག་ཡང་ཡང་མཛད་སྐབས་ལྟ་བ་རྙེད་པའི་སྐབས་ཀྱི་རྣམ་ཐར་དེ་ཚོར་ལྟ་དུས་མཁས་པའི་སྐྱེ་བོས་ལྟ་བ་འཚོལ་བའི་ངང་ཚུལ་ནི་འདི་འདྲ་ཨང་སྙམ་དུ་ཡིད་མཆི་མས་གནང་བའང་བྱུང་མྱོང་།
ཁོང་གིས་ཀྱང་། འཇམ་དཔལ་གྱིས་བཏབ་པའི་ལན་དག་ཡང་དག་ཡིན་མིན་ཡང་བསྐྱར་ལྷ་དང་བླ་མར་གསོལ་བ་བཏབ་རང་གིས་ཀྱང་བརྟག་ནས་ངེས་ཤེས་རྙེད་པར་ཡང་གསུངས།
སྔར་གྱི་ལྟ་བ་དེ་ཐལ་རང་གང་གི་ཡང་ལྟ་བ་མིན་ཞེས་པའི་ལན་རག་པ་སོགས་འཆད་སྟངས་འཁྲུག་པོ་ཞིག་ཡོད་རེད།
དེ་ཚོ་བསམ་གྱིས་མི་ཁྱབ་པ་རེད།
སྐད་ཆ་འདི་ཚོ་དྲན་ཚུལ་ཙམ་ཞིག་ཡིན། །
ལྟ་གྲུབ་འདི་ཚོ་ཨ་མྱེའི་གོ་བ་ཙམ། །
རགས་རིམ་ཁ་ནས་གང་ཐོན་བྲིས་པ་ཡིན། །
དུས་ཚོད་ཉུང་ཞིང་དཔེ་ཡང་མ་ཚོགས་པས། །
ལྟ་གྲུབ་བསྡུར་བཤད་བྱེད་པའི་རྐྱེན་མ་ཚོགས།
མདའ་སྨྱུག་ནི་དངོས་གནས་བསམ་ཕོད་པ་དང་བཤད་ཕོད་ཅིག་རེད་ལ། ཁོང་གི་དམིགས་དོན་ཡང་ཚུལ་བློ་
ར་སེ་སོགས་ཀྱི་སྣ་འཐེན་ནས་ཁ་ལ་བསླེབ་ཐབས་བྱས་པ་དེ་རེད། འོན་ཀྱང་ཁོ་བོས་བྱ་བརྒྱ་འུར་རྡོ་གཅིག་གིས་
བདས་པའི་རིགས་པ་ཞིག་ཞུས་ན། སྤྱིར་མངོན་པ་མཛོད་སོགས་ནི་འཁོར་ལོ་དང་བོ་ལ་བརྟེན་པ་ཡིན་ཞིང་།
འཁོར་ལོ་དང་བོ་བདེན་བཞིའི་ཆོས་འཁོར་ལྟ་བུ་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་དྲང་དོན་མདོ་ཡིན་ལ།དེ་བཞིན་དུ་དེ་དག་ནས་གསུངས་པའི་རི་རབ་གླིང་བཞི་སོགས་ངོས་འཛིན་ཚད་དབྱིབས་སོགས་མང་བོ་ཞིག་
ཀྱང་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་དྲང་དོན་ཡིན་ལ། དེའི་ཕྱིར་མདོ་དེ་དག་ལ་བརྟེན་པའི་མངོན་པ་
གོང་འོག་ནས་གསུངས་པའི་རི་རབ་གླིང་བཞིའི་རྣམ་གཞག་མང་བོ་ཞིག་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་དྲང་དོན་ཡིན་པ་ནི། ༧གོང་ས་ཡིད་བཞིན་ནོར་བུས་བཀའ་སློབ་ནང་ཤེས་བྱེད་མང་བོས་བསྒྲུབས་ཟིན་པས།
མངོན་པ་གོང་འོག་གི་རི་རབ་གླིང་བཞི་སོགས་ངོས་འཛིན་ཚད་དབྱིབས་སོགས་ལ་དགག་པ་རྒྱག་ཁུལ་བྱས་པ་ནི་
འབེན་མེད་པའི་མདའ་འཕེན་རང་ཡིན་ནོ། །དེ་བཞིན་དུ་དབུ་མའི་ལྟ་བ་ལ་དགག་པ་རྒྱག་ཁུལ་བྱས་འདུག་མོད།
རིགས་པ་ལྟར་སྣང་འབའ་ཞིག་སྟེ། གཞི་གྲུབ་ན་བདེན་པ་ཡིན་པས་ཁྱབ་ཟེར་བ་ལྟ་བུ་སྟེ། གོ་རམས་པའི་གསུངས་མདོག་མ་ལོག་པར་ཁྱེར་འདུག གཞན་ནི་གནད་ཆེ་བ་རང་མི་འདུག་གོ། །
མིག་བརྒྱད་པས། ང་ཚོ་ལ་སྣང་བ་ལྟར་གྱི་བུམ་པ་དེ་དགག་བྱ་ཡིན་ཡང་ང་ཚོ་ལ་སྣང་བའི་བུམ་པ་དེ་དགགག་བྱ་མིན་པའི་ཞིབ་ཆ་དགོས། ང་ཚོ་ལ་སྣང་བ་ལྟར་གྱི་བུམ་པ་དེ་རང་ངོས་ནས་གྲུབ་པའི་བུམ་པ་ཡིན་པའི་ཕྱིར། ང་ཚོ་ལ་སྣང་བའི་བུམ་པ་དེ་བུམ་པ་ཡིན་པའི་ཕྱིར། ཚད་མས་དམིགས་པའི་ཕྱིར་ཞེས་པའི་ཞིབ་ཆ་ཞིག་གསུངས་འདུག བུམ་པ་བདེན་པར་འཛིན་པའི་བདེན་འཛིན་དེ་ང་ཚོ་ལ་སྣང་བའི་བུམ་པ་བདེན་པར་འཛིན་པའི་བདེན་འཛིན་མིན་ནམ། ཡང་སྐོར་བ་གཅིག་རྒྱབ་ནས་སླེབས་ས་དེ་ཡོད་པ་དེ་མི་འགོག མེད་པ་ཞིག་འཚོལ་ནས་འགོག་པ་སྣང་།
ལྕང་ཀྱའི་གསུང་དེ་འདིར་དྲངས་ན་ལེགས།
ད་ཡིན་མིན་གྱི་འཁྲུན་ཐག་ཆོད་རྒྱུ་དཀའ་མོ་རེད་འདུག སུ་རྒྱལ་དང་སུ་ཕམ་ཀྱང་ཡོང་མདོག་ཁ་བོ་མ་རེད། གྲུབ་མཐའི་ཆགས་སྡང་དེ་མ་དོར་ཕྱིན་ཁས་ལེན་ཤོ་གྲགས་བྱེད་ཀྱི་ཡོད་ནའང་བུམ་གཡག་མགོ་འཁྲབ་ཀྱི་རེད། འདི་ན་ནི་ལུང་སྦམ་པོ་དེ་ཚོ་རྐྱང་ཁྱེར་ནས་ཡོང་མཁན་ཤ་སྟག་རེད་འདུག ངས་བལྟས་བལྟས་གཞིགས་གཞིགས་བྱས་མོད། དེ་ཚོར་རིགས་པའི་ལམ་ནས་བསྒྲུབ་མཁན་དཀོན་པོ་འདུག ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ། གར་དྲངས་དྲངས་ཡིན་པའི་ཕྱིར། མུ་སྟེགས་པ་དང་རྩོད་དུས་ལུང་འཁྱེར་ཏེ་ཡོང་ན་ཁོང་ཚོས་ཁས་ལེན་གྱི་མ་རེད། ཁ་ན་རོགས་རང་རེད། དེ་ལས་ཕན་ཚུན་གཉིས་ཀས་རིགས་པ་རྒྱུ་མཚན་གྱིས་གོ་ནས་བསྒྲུབ་དགོས་ཀྱི་འདུག
ད་བྱུང་ན་ངེད་ཅག་རྙིང་མའི་ཕྱོགས་གཏོགས་རྣམས་ཀྱིས་ལྟ་བ་གཙོ་བོ་རྫོགས་ཆེན་གྱི་ལྟ་བ་དེ་ཉིད་ཁས་བླངས་དམ་དུ་བཅས། དེ་ལ་དགེ་འྡན་པའི་ཕྱོགས་གཏོགས་པ་ནས་དབུ་མའི་ལྟ་བ་གཞིར་བཟུང་གིས་དགག་བཞག་བྱེད་ན་གང་འདྲ་ཡོང་བ་འདུག་གམ་ང་ལ་ཉན་འདོད་ཆེན་པོ་ཡོད། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཡིས་ཀ་ལེམ་པོང་ནས་སྔ་དུས་ནས་དགེ་འདུན་ཆོས་འཕེལ་གྱིས་བྱས་པའི་ཀླུ་གྲུབ་དགོངས་རྒྱན་དེ་པར་དུ་འདེབས་དགོས་པའི་རྒྱུ་མཚན་ཁོང་གིས་རྫོགས་ཆེན་གྱི་ལྟ་བ་བཤད་འདུག་དགོངས་ནས་པར་དུ་འགྲོ་གྲོན་ཆེན་པོ་བཏངས་ནས་བོད་ཤོག་གི་ངོས་ལ་པར་བཏབས་པ་ཞིག་རེད་འདུག ད་ཡིན་དཱ།
གལ་ཏེ་གོ་བ་ཡག་པོ་ཞིག་མ་ལོན་ན་ཀ་བ་ཀ་བས་སྟོང་ལབ་ན་ཐ་སྙད་དཔྱོད་པ་རང་གི་ངོར་ཡང་ཐ་སྙད་དུ་མེད་པ་ཡིན་ནམ་སྙམ་པའི་ལོག་ལྟ་ཡོང་གི་རེད།ཀ་བ་ཀ་བས་མི་སྟོང་ཞེས་ལབ་ན་མང་པོ་ཞིག་ལ་འདྲེ་ཤར་ཀླུད་ནུབ་ཏུ་སོང་ནས་ཀ་བ་ལས་དགག་བྱ་ཡན་ཀར་བ་ཞིག་ལ་བསམ་བློ་བཏང་ནས་སེམས་ཀྱི་སྟེང་དུ་མི་སྨིན་པ་ཞིག་ཡོང་གི་རེད་ཅེས་གསུངས།ཞེས་པ་འདི་ཤིན་ཏུ་མད་དོ། སྔར་ཞིག་ལ་རྙིང་མའི་བླ་རྒན་ཞིག་སྐུ་འབུམ་དུ་མཆོད་མཇལ་ལ་ཡོང་ཞིང་ལམ་ཁ་ཞིག་ཏུ་ཇ་བསྐོལ་ནས་ཡོད་པ་ན་གྲྭ་རྒན་ན་བཟའ་ངན་ངོན་ཅན་ཞིག་དེར་ཡོང་བ་ལ་ཇ་དྲངས་ཤིང་རང་གི་ཤེས་ཚོད་ཀྱིས་ཆོས་གཏམ་མང་པོ་བྱས་ཏེ་དེ་ནི་ངེད་སྔ་འགྱུར་པའི་ཁྱད་ཆོས་ཡིན་ཞེས་བཤད། དེ་ནས་གྲྭ་རྒན་ལ་ཁྱེད་ཀྱི་མཚན་ལ་ཅི་ཟེར་ཞེས་དྲིས།ངའི་མིང་ལ་རབ་གསལ་ཟེར་བ་ཡིན་ཞེས་ལན་བཏབ་པ་ན། རབ་གསལ་འེ། དཔལ་རི་རབ་གསལ་ཡིན་ནམ་ཞེས་ཧ་ལས་པའི་ངང་ནས་དྲིས། ཡིན་ལགས་།ང་དཔལ་རི་རབ་གསལ་ཡིན།གསུངས་པ་ན་བླ་རྒན་ཧ་ལས་ནས་ངས་ཉེས་པ་ཚབ་ཆེན་བསགས་སོང་ཟེར་བ་ན། རབ་གསལ་ཚང་གི་ཞལ་ནས་ཇ་ཡང་བླུད་ལ་ཆོས་ཀྱང་བཤད་སོང་ཉེས་པ་ཅི་ཞིག་བསགས།འོན་ཀྱང་ཁྱེད་ཀྱིས་བཤད་པ་དེ་ཚོ་ཁྱེད་རང་གི་བསམ་ཚུལ་ཡིན་ཟེར་ན་འགྲིག་པ་ལས་ཕྱིན་ཆད་སྔ་འགྱུར་པའི་ཁྱད་ཆོས་ཡིན་མ་ཟེར། གསུངས་སྐད། གདུལ་བྱའི་དབང་གིས་གསར་རྙིང་གི་མཁས་གྲུབ་རྣམས་ཀྱི་གསུང་སྟངས་ལ་ཅུང་ཟད་མི་འདྲ་བ་ཡོད་ཀྱང་དགོངས་པའི་བབ་སོ་གཅིག་ཏུ་འབབ་པར་སྨོས་ཅི་དགོས། དཔལ་རི་རབ་གསལ་ཚང་གིས། ཆོས་འབྱོར་སྤྲིན་གྱི་ཕུང་པོ་འཁྲིགས་པའི་ཀློང་།།ཁམས་ཞེས་བྱ་བའི་གསེར་ལྡན་དཀྱིལ་འཁོར་དུ། །གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར་བ་ཅན། །ངེས་དོན་ཆོས་ཀྱི་རྒྱལ་པོར་ཡིད་རེ་དགའ། །ཀུན་རྟོག་རྩྭ་བུར་མཆེད་པའི་མེ་སྟག་གིས། །རེག་པའི་ཉེས་ལྟུང་སྙིང་ནས་འཆགས་པའི་ཕྱིར། །དྲི་མེད་ལྷ་རྫས་སྤྲིན་དཀར་བྲ་རེ་འདི། །གང་སྐུ་ས་འཛིན་ཡངས་པའི་མཁའ་ལ་བྲེས། །ཞེས་མི་ཕམ་རིན་པོ་ཆེར་བསྔགས་བརྗོད་གནང་ཡོད་པ་ཡང་དྲན་སོང་།
མེ་དཀར་ལགས། ཉིད་ཀྱི་དྲི་བ།
བུམ་པ་བདེན་པར་འཛིན་པའི་བདེན་འཛིན་དེ་ང་ཚོ་ལ་སྣང་བའི་བུམ་པ་བདེན་པར་འཛིན་པའི་བདེན་འཛིན་མིན་ནམ།
ལན། །མ་རེད་ཅེས་ཞུས་པ་ཡིན། ཐ་སྙད་ཚད་གྲུབ་མེད་པའི་ལུགས་ལ་བུམ་པ་བདེན་པར་འཛིན་པའི་བདེན་འཛིན་ཞེས་སྦྱར་ན་བུམ་པ་བདེན་པར་གྲུབ་པ་དགག་བྱའི་ཟུར་དུ་སྦྱར་དགོས་པས་མི་རུང་ལ། དོན་དམ་ལ་དགག་བྱའི་ཁྱད་པར་མི་སྦྱོར་བར་ང་ཚོ་ལ་སྣང་བ་དེ་ག་རང་དགག་བྱ་ལ་བྱས་ནས་འཛིན་པ་ཡིན་ན་བདེན་འཛིན་ཡིན་མི་སྲིད།
ད་འོ་ན། ངས་གོང་དུ་
༼མདུན་འདི་ཐང་ངོ་སྙམ་པ་བདེན་འཛིན་མིན། །
རྒྱབ་འདི་རི་འོ་སྙམ་པ་བདེན་འཛིན་མིན། །
མཐོང་མཁན་ང་འོ་སྙམ་པའམ་བདེན་འཛིན་མིན། །
བདེན་འཛིན་གཞུང་ལུགས་སྦྱང་ནས་འོངས་པ་མཚར། །༽ཞུས་པ་བཞིན་མི་འགྱུར་རམ།
རྗེ་རིན་པོ་ཆེའི་ལྟ་བ་ལ་དབྱེ་ན་གཉིས་སུ་དབྱེ་ཆོག་གི་རེད། དང་པོ། རང་དོན་རྟོགས་པ་མཐར་སོན་གྱི་ལྟ་གཙོ་བོར་སྟོན་པའི་གཞུང་ནི། ལེགས་བཤད་སེར་ཕྲེང་དང༌། རྟག་ངུའི་རྟོགས་བརྗོད། རྟེན་འབྲེལ་བསྟོད་པ། ལམ་གཙོ་རྣམ་གསུམ་སོགས་རེད།
གཉིས་པ། གཞན་དོན་རྗེས་སུ་འཛིན་པའི་ལྟ་བ་གཙོ་བོར་སྟོན་པ་ནི། རྩ་འཇུག་གི་འགྲེལ་བ་དང༌། དྲང་ངེས་ལེགས་བཤད་སྙིང་པོ་སོགས་རེད། དེ་ཡིན་པའི་སྒྲུབ་ནི། རེད་མདའ་བའི་དྲིས་ལན་སོགས་ལས་གསལ་པོར་བསྟན་འདུག་པས། དེ་རྣམས་རྗེས་འཇུག་པ་རྣམས་ནས་གཟིགས་ན་མཁྱེན་ངེས་རེད། དེ་འདྲ་ཡིན་དུས་ཙམ་པཱ་ལྟ་བ་ཕྱི་མ་དེའི་རྗེས་སུ་འབྲང་བ་རྣམས་ལ། རྙིང་བཀའ་ས་གསུམ་གྱི་མཁས་པ་རྣམས་པས་དགག་པ་མཐིལ་ཕྱིན་པ་ཞིག་རྒྱབ་པ་རྣམས་ལ། དུས་ད་ལྟའི་བར་དུ་དོན་ལ་གནས་པའི་ལན་ཆ་ཚང་བ་ཞིག་སྐྱོན་མ་ཐུབ་པའང་རྒྱུ་མཚན་དེ་ལྟ་བུ་ཞིག་ལ་ཐུག་པ་རེད། དེས་ན་དགེ་ཆོས་གཤེགས་ཁར་རྟེན་འབྲེལ་བསྟོད་པ་གསུང་བའི་རྒྱུ་ཡང་དེ་ལ་དགོངས་པ་རེད། ད་ཡིན་ན་མཇུག་སྡོམ་ལེགས་པོ་ཞིག་བྱས་ཡོད་དོ།།
མེ་དཀར་ལགས།
དེ་ལྟར་མི་འགྱུར་ཏེ། སྟོང་ཉིད་བདུན་ཅུ་བ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས།།ཡང་དག་པར་ནི་རྟོག་པ་གང་།།དེ་ནི་སྟོན་པས་མ་རིག་གསུངས།།དེ་ལས་ཡན་ལག་བཅུ་གཉིས་འབྱུང་།།བརྒྱ་བ་ལས། དེའི་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།།གཏི་མིག་བཅོམ་པས་བཅོམ་པར་འགྱུར།།ཞེས་པ་སོགས་འཁོར་བ་འཁོར་བྱེད་ཀྱི་རྒྱུའམ་རྩ་བ་ངོས་འཛིན་པའི་ཆེད་དུ་གཏི་མིག་བདེན་འཛིན་ངོས་འཛིན་པ་གལ་ཆེ་གསུངས་ཡོད། འཁོར་བར་འཁོར་བྱེད་ཀྱི་རྩ་བ་གང་ཡིན་དཔྱོད་པ་ན་བློ་གང་ཡིན་བདེན་འཛིན་ལ་མི་བྱེད་པར་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་ཅན་གྱི་རྩ་བ་ངོས་འཛིན་དགོས། དེ་ནི་འཇུག་འགྲེལ་ལས། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་པོ།།ཞེས་དང་། འཇུག་པ་ལས། གཏི་མིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ཏེ།།ཞེས་པ་ལྟར་རོ། འདིའི་ཐད་ལ་བློ་གང་ཚད་མ་དང་ཚད་མིན་ཡིན་མིན་གྱི་རྣམ་བཞག་ཤེས་དགོས་པ་གལ་ཆེ་སྙམ།
གངས་ཅན་གྲུབ་མཐའ་ཀུན་གྱི་གནད། །
མཁས་པའི་འགྲེལ་སྟངས་མི་གཅིག་ཡང་། །
དོན་ལ་ཐུག་ས་གཅིག་ཉིད་དུ། །
སོང་བར་ཁས་ལེན་གཟུར་གནས་ལུགས། །
ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་མགུར་མ།
གར་མཁན་དཔའ་བོ་གར་སྟབས་བསྒྱུར་བས་སྲིད་པ་གསུམ་གྱི་གར་འདི་བྱས།།
གར་ཡང་མ་ཕྱིན་ཕྱོགས་བཅུར་ཕྱིན་པས་གང་ཡང་མ་མཐོང་ཐམས་ཅད་མཐོང་།།
ག་ལེར་བྱས་ནས་རྒྱུགས་ཏེ་ཕྱིན་པས་གོམ་པ་གཅིག་གིས་ས་གསུམ་བགྲོད།།
མི་འགྲོ་བྱས་པས་ཐམས་ཅད་འགྲོ་ཟེར་བསྡོངས་ནས་ཕྱིན་པས་གཅིག་བུ་ཐར།།
མི་བྱེད་བྱས་པས་བྱེད་དོ་ཟེར་ནས་བྱེད་རང་བྱེད་ན་བྱེད་རྒྱུ་ཟད།།
ཟབ་པོ་ཟེར་ཡང་ཟབ་རྒྱུ་མི་འདུག་མི་ཟབ་པ་ཡང་ཟབ་པར་སོང་།།
སྤྲོས་པ་བྱས་པས་སྤྲོས་མེད་བརྙེད་དེ་སྤྲོས་བྲལ་རང་ཡང་བརྗེད་ནས་ཐལ།།
ཉམས་དགའ་གླུ་ལ་ཟད་པ་མི་འདུག་སེམས་ཀྱི་རང་རྩལ་ལྷོད་ལྷོད་ལྷོད།།
དོན་གྱི་དབྱིངས་ལ་སྨྲ་རྒྱུ་མི་འདུག་སྨྲ་བ་ཐམས་ཅད་དོན་ལས་བྱུང་།།
ཞེས་ཚིག་རྐང་དགུ་ཅན་གྱི་ཀུན་ལེགས་རང་གི་ལྟ་དགོངས་འདི་ལ་དགེ་བཤེས་ཤེར་རྒྱམ་གྱིས་བསྔགས་བརྗོད་ཚད་མེད་གནང་འདུག་ལ། རྡོ་རྗེའི་མགུར་ཚིག་འདིའི་ནང་དུ་བཀའ་བསྟན་ཡོངས་རྫོགས་ཧུབ་གཅིག་གིས་བསྡུས་ཡོད་འདུག་ལ། དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་བྱ།
སེམས་ཐག་ཆོད་པས་བཤད་ཐུབ་པ་ནི་གོང་གི་མགུར་ཚིག་དེའི་གར་མཁན་དཔའ་བོ་ཟེར་བ་ནི་༼ སེམས ༽་རེད། དེ་མིན་མི་ཤེས།
དགེ་བཤེས་ཤེར་རྒྱམ་ཚང་མཁས་པ་ཡིན་པ་ཡོངས་གྲགས་ཡིན་པར་མ་ཟད་བློ་ཁོག་ཀྱང་ཆེན་པོ་འདུག་ཟེར།སྔར་ཟི་ལང་ནས་དགག་རྒྱག་ཚོགས་འདུ་ཞིག་ཏུ་དགེ་བཤེས་ཚང་ལ་སྐྱོན་བརྗོད་དང་འདྲི་བརྩད་བྱེད་སྐབས།ཚོགས་འདུའི་འགོ་འཛིན་པས་ཁྱོད་ཕྱི་རྒྱལ་གྱི་གསར་འགྱུར་འགོད་མཁན་དག་དང་ཐུག་འཕྲད་ སྐབས་ཅི་ཞིག་དྲིས་སོང་།ལན་ཇི་ལྟར་བཏབ་པ་ཡིན་དྲང་མོར་ཤོད་ཟེར་བ་ན། ལན་དུ། སྤྱི་ཚོགས་རང་ལུགས་དེ་གང་འདྲ་འདུག་ཅེས་དྲིས་བྱུང་།ལན་དུ་སྤྱི་ཚོགས་རང་ལུགས་ནི་ཁང་པ་སྟོང་པ་ལྟ་བུ་རེད། བསྡད་ཀྱིན་བསྡད་ཀྱིན་ཇེ་འཁྱག་རེད་ལབ་པ་ཡིན། ཏང་གི་སྲིད་ཇུས་གང་འདྲ་འདུག་ཅེས་དྲིས་བྱུང་།ལན་དུ་ཏང་གི་སྲིད་ཇུས་ནི་ཀོ་བ་རློན་པའི་ཞྭ་མོ་ལྟ་བུ་རེད། གྱོན་གྱིན་གྱོན་གྱིན་ཇེ་དམ་རེད་ལབ་པ་ཡིན། ཆོས་ལུགས་དད་མོས་རང་དབང་ཨེ་རེད་ཟེར། ཆོས་ལུགས་དད་མོས་རང་དབང་རེད། རྟ་རྒྱུགས་ཐལ་མེ་ཏོག་བཅོམ་ཐལ་ལབ་པ་ཡིན། ཞེས་གསུངས། ཡང་དྲི་བརྩད་པས། རྟ་རྒྱུགས་ཐལ་མེ་ཏོག་བཅོམ་ཐལ་ལབ་ན་ཅི་རེད་ཟེར་བར། ལན་དུ་ཁ་ཙམ་ལ་ཆོས་ལུགས་དད་མོས་ཡིན་ཟེར་དོན་དུ་དགོན་པ་གཏོར་ཐལ་བླ་མ་བཟུང་ཐལ་ཟེར་བའི་དོན་ཡིན་གསུངས། སྐབས་དེའི་ཚོགས་འདུར་ཞུགས་མྱོང་བའི་ངའི་ཕ་ཡུལ་གྱི་རྒད་པོ་ཞིག་དགེ་བཤེས་ཚང་གི་སྙིང་སྟོབས་དེ་ཟེར་ནས་ཧ་ལས་འདུག དེར་མ་ཟད་ཁོང་ཐུགས་རྒྱུད་དྲང་མོ་ཡིན་ཚུལ་ནི་སྔར་ལྷ་སར་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་མཇལ་འཕྲད་གནང་ནས་ཉིན་འགར་ནང་ཆོས་བགྲོ་གླེང་བྱས་རྗེས། སློབ་མ་ཞིག་གིས་ཁམས་ཀྱི་བླ་མ་དེ་དང་ཁྱེད་གཉིས་སུ་མཁས་ཞེས་དྲིས་པ་ན་ཐོས་རྒྱ་ཁོང་ཆེ།ཁ་ང་རྣོ་ཞེས་གསུངས་སྐད།
མཐའ་བརྒྱད་བྲལ་བའི་སྤྲོས་བྲལ་གཤིས་ལ།
མིག་བརྒྱད་པ་ཡིས་མཐའ་བརྒྱད་འཛིན་ནས།
ཞེ་འདོད་ངར་འཛིན་ཞེ་ནས་ལྷང་ལྷང།
མ་འདོད་རྣམ་འགྱུར་མཁས་འདོད་མ་གནང་།
མཐའ་བརྒྱད་བྲལ་བའི་སྤྲོས་བྲལ་གཤིས་ལ།
མིག་བརྒྱད་པ་ཡིས་མཐའ་བྲལ་བཟུང་ནས།
ཞེ་འདོད་ངར་འཛིན་ཡོངས་སུ་དོར་ནས།
རྣམ་འགྱུར་མཁས་པའི་རྗེས་སུ་འབྲངས་ཡོད།
རྒྱ་བོད་མཁས་པའི་ཚིག་འབྲུ་ཕབ་བཤུ་དང་།།
གྲོང་གི་རྒན་པོའི་རྗེས་ཟློས་ནེ་ཙོའི་ངག།
ཐན་ཐུན་བསྒྲིགས་ཏེ་མཁས་པར་རློམ་མཁན་ནི།།
ཀྱེ་མ་དུས་ཀྱི་མཐའ་འདིར་མང་ལ་ལྟོས།།
དབུ་མའི་ལྟ་བ་མཐའ་བཞི་སྤྲོས་བྲལ་ལ།།
ཐ་སྙད་ཚད་གྲུབ་ཡིན་ཅེས་སྨྲ་ནས་ནི།།
ལྟ་བའི་དྲྭ་རྒྱར་ཚུད་པའི་རྗེས་འབྲང་ལ།།
ཐུགས་རྗེ་བཟུང་ཞིག་འཇམ་མགོན་བླ་མ་ལགས།།
མཐའ་བྲལ་གྱི་བགྲོ་གླེང་འདི་ན།
མཐའ་བྲལ་བཤད་ཁུལ་བྱས་ཀྱང།
མཐར་འཛིན་ཨ་འཐས་ཀྱི་ལྟ་བ།
མཐའ་ཡས་རི་བོ་བཞིན་དུ་བརྟན།
ལུང་གི་རྒྱབ་རྟེན་རིགས་པའི་སྒྲུབ་བྱེད་ཀྱིས།།
ཟབ་མོ་དབུ་མའི་ལྟ་བར་འཇུག་པ་ལ།།
བར་ཆད་བྱེད་པ་བདུད་ལྷའི་བུ་ཡིན་པས།།
རང་སྐྱོན་རང་གིས་ངོས་འཛིན་ཐུབ་པར་འཚལ།།
མཁས་པ་ཡོན་ཏན་དཔག་མེད་ཀྱང་།།
གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།
ས་སྐྱ་ལེགས་བཤད་ཡག་པོར་སློབས།།
དབུ་མའི་གཞུང་ལ་ད་དུང་རིང་།།
ལུང་གི་རྒྱན་རྟེན་མེད་པའི་རིགས་འཆལ་དང་།།
རིགས་པས་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།
གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།
ལུང་རིགས་གཉིས་མཛོད་མཁའ་ལྡིང་དབང་པོར་མཛོད།།
གཉིས་མེད་སེངྒེ་ལ་མོལ་བ།
ཡ་རབས་རྣམས་དང་ཕྲད་ན་ལེགས་སྐྱེས་ཡིན།།
མ་རབས་རྣམས་དང་ཕྲད་ན་ནེ་ཙོའི་ངག།
ཡ་རབས་ལས་སུ་བདག་གིས་བསམ་མོད་ཀྱང་།།
མ་རབས་དག་ལ་སེམས་པ་ན་བའི་རྒྱུ།།
གྲོང་བ་རྒན་པོའི་སྤྱོད་ཡུལ་མ་གྱུར་བའི།།
མཁས་པའི་གཞུང་ལུགས་རྡུལ་གྱིས་ཁེབས་པ་ན།།
བྱི་དོར་བྱེད་པ་ཡ་རབས་ལུགས་ཡིན་པས།།
འདི་ལ་རྒོལ་བ་མ་རབས་ལུགས་ཡིན་ནོ།།
ngaris ses1དང་རི་རྒྱལ་ཏི་སེ་ཐུན་མོང་ལ་མོལ་བ།
སྲིན་འབུ་དབུགས་ཐོབ་ཙམ་གྱི་མི་བུ་ལ།།
ཚེ་གཅིག་འཚོ་བ་མ་གཏོགས་མི་བྱེད་པས།།
ལུང་གི་རྩེད་ར་མཁས་པའི་གཟིགས་མོ་ཆེ།།
འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན་ཡིན།།
ལུང་མང་བློ་ནས་ཐོན་པའི་གྲྭ་རྐྱང་ང་།།
གོ་རིགས་ཟུང་དུ་འབྲེལ་བའི་གྲྭ་རྐྱང་ང་།།
ལེགས་བཤད་འཚོལ་བའི་མིག་བརྒྱད་ལྡན་པ་ང་།།
ངར་འཛིན་དེ་ཡིས་བདག་ལ་ཕན་པར་ངེས།།
མིག་བརྒྱད་པའི་མཆན་༡༡༣ འདི་གུང་ཐང་ཚང་གི་རིགས་ལམ་འཕྲུལ་ལྡེའི་མཇུག་རྩོམ་འདྲ་བོ་འདུག ལུང་རིགས་གཉིས་འཛོམས གངས་ཀྱི་སེང་གེ་མཛོད།། ཅེས་པའི་ཚིག་དེ་ངའི་བློ་ན་འདུག
རིན་དར་ལགས། འོ་ན་བདེ་ཆེན་གསེར་ཁྲི་ཚང་དང་ཁོང་གཉིས་ལ་དཀོན་མཆོག་གསུམ་མེད་ཅེས་ཤོད་ཟེར་ནས་དམར་སྲུང་དམག་ཚོས་འཐབ་རྩོད་བྱེད་དུས། གསེར་ཁྲི་ཚང་གིས་གཅར་རྡུང་ཅི་ཙམ་བྱས་ཀྱང་དེ་ལྟར་མ་གསུངས་པས། དགེ་བཤེས་ཚང་ཨུ་ཐུག་ནས་ཚིག་ཙམ་དུ་ལབ་རོགས་ཟེར་བར། གསེར་ཁྲི་ཚང་གིས། ར་མ་འདྲ་བོ་ཁྱོས་དེ་ལྟར་ལབ་ན་ལོབས། ངས་དཀོན་མཆོག་ཚིག་ཙམ་གྱི་ཕྱིར་ཡང་མི་འདོར་གསུངས་ནས་རང་གི་མགུལ་བ་རང་གིས་བཅད་ནས་གྲོངས་པའི་སྐོར་དེ་ཐོས་སམ།
རིན་ཁ་ཏི་གསུམ་ལ་དྲི་བར་བྱ་བ་འདི་ཡོད་དེ། ཚིག་གསལ་ལས། རྟེན་ཅིང་འབྲེལ་བ་འབྱུང་བ་ཀུན་རྫོབ་དེ་ཉིད་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱི་ཕྱིར་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་འདི་ལ་འགག་པ་ཡོད་པ་མ་ཡིན་པ་
ནས། ཞེས་གསུངས་པ་དང་། ཡང་ཚིག་གསལ་ལས། འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་འབྱུང་བས་ན། མེད་པར་དགག་པ་བརྗོད་པར་འདོད་པའི་
ཕྱིར་དངོས་པོ་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ནོ། །ཞེས་གསུངས་པ་འདིས་འགག་སོགས་བརྒྱད་
འཕགས་པའི་མཉམ་གཞག་ཡེ་ཤེས་ལ་ལྟོས་ནས་ཡོད་པ་མ་ཡིན་པར་གསུངས་པ་ལས་སྤྱིར་ཡོད་པ་མ་ཡིན་པར་
མ་གསུངས་པའི་གནད་གང་ལ་ཐུག་པ་དང་། དབུ་མའི་སྐབས་ཀྱི་དངོས་པ་མེད་པ་དང་རང་བཞིན་མེད་པའི་
དོན་མེད་དགག་ཡིན་པ་གསལ་བར་བསྟན་སྙམ་ན་ཇི་ལྟར་ལགས།
རི་རྒྱལ་ཏི་སེ་ལགས། ཀརྨ་བཀའ་བརྒྱུད་པས་རྗེ་ཡི་ལྟ་བ་ལ་དེ་ལྟ་བུ་ཇུས་གཏོགས་མི་དགོས་ཀྱི། དེ་ལས་ཀརྨ་
བཀའ་བརྒྱུད་ཀྱིས་ཀརྨ་པ་གཉིས་ཆགས་པ་དེ་ཇི་ལྟར་བཟོ་དགོས་མིན་དང་། ཕར་ཕྱིན་རྗེ་བཙུན་ངལ་གསོའི་
གཞན་སྟོང་དང་དྭགས་བརྒྱུད་གྲུབ་ཤིང་གི་རང་སྟོང་གཉིས་རང་རྗེས་འཛིན་དང་གཞན་རྗེས་འཛིན་གང་ཡིན་
མིན་དང་། རྗེ་རང་བྱུང་རྡོ་རྗེས་གཞན་སྟོང་གཙོ་བོར་བཞེད་པ་དང་ཀུན་མཁྱེན་མི་བསྐྱོད་ཞབས་རང་སྟོང་གཙོ་
བོར་བཞེད་ཟེར་བ་སོགས་ལ་དབྱེན་ཇི་ལྟར་བསྡུམ་པར་བྱ་དགོས་མིན་སྐོར་ལ་གཅིག་གསུངས་དང་།
རྒྱལ་ཀུན་ཕྲིན་ལས་རང་གཟུགས་ཀརྨ་པ།
ཕྱོགས་དུས་ཀུན་ཏུ་ཕྲིན་ལས་བསམ་ཡས་ཀྱིས།
ཞིང་ཁམས་རྒྱ་མཚོར་རྣམ་འཕྲུལ་བསམ་ལས་འདས།
དེ་ཉིད་ཤེས་ན་ཀུན་བཟང་འགལ་འདུ་མེད།
དེ་ལྟར་ལགས་མོད་འོན་ཀྱང་ཞྭ་དམར་བས། །
མཐའ་ཡས་རྡོ་རྗེ་ཁོ་ནར་ངོས་འཛིན་བྱས། །
འཕྲིན་ལས་རྡོ་རྗེར་རྙོག་དྲ་ཇི་ཙམ་བཟོས། །
རྒྱ་གར་གཞུང་ལ་ཕུང་དཀྲུག་བྱས་རྐྱེན་གྱིས། །
སི་ཏུ་ཤེས་རབ་གླིང་དུ་བཀག་བསྐྱིལ་བྱས། །
ཨོ་རྒྱན་རྡོ་རྗེ་ཕེབས་བཞུགས་རང་དབང་བྲལ། །
རང་རང་འཁོར་གྱི་གྲྭ་བས་ཕན་ཚུན་ལ། །
ཁ་བཏང་ངན་སོང་སྒྲུབ་པ་མང་དུ་མཐོང་། །
གཅིག་གིས་བདག་གི་ཞལ་ཆེམས་དངོས་ཡིན་ཟེར། །
གཅིག་གིས་བདག་གི་ཆེམས་རྫུན་མ་ཟེར། །
ཀླུ་སྒྲུབ་དགོངས་རྒྱན་དགེ་འདུན་ཆོས་འཕེལ་མཆོག་གི་རྩོམ་ཡིན་མིན་ཁོང་གི་སློབ་མ་ཧོར་ཁང་བསོད་ནམས་དཔལ་འབར་དང་རག་ར་སྤུལ་སྐུ་གཉིས་ཀར་ཤོད་རྒྱུ་མིན་འདུག། རྒྱུན་དུ་ཡིན་ན། རྩོམ་ཐུང་ཐུང་ཞིག་ལྗགས་རྩོམ་གནང་ཡོད་ནའང་། དེ་ཧོར་ཁང་ལ་མིག་བསྟན་ནས་ཁོང་གི་ལྟ་ཚུལ་གཟིགས་པར་མཛད། ཀླུ་དགོངས་རྩོམ་འདི་འདྲ་རིང་པོ་ཞིག་དང་བརྗོད་བྱ་གཏིང་ཟབ་པོ་ཞིག་ཧོར་ཁང་གིས་ཀྱང་དེབ་དཔར་ལ་མ་བཀོད་བར་དུ་མ་མཁྱེན་པ་དེས། རྩོམ་འདི་དགེ་ཆོས་ཀྱི་ཡིན་མིང་དྭོགས་གཞིར་གྱུར་འདུག
རྩོམ་འདི་འདྲ་ཞིག་ལྟོ་ཐུན་གཅིག་ལ་བྲིས་ག་པར་འཚར། ཉུང་མཐར་ཡང་ཉིན་ཤས་འགོར་སྟབས། དགེ་ཆོས་མཆོག་གིས་འདི་འདྲ་ཞིག་བྲིས་པ། ཟླ་བ་བཟང་པོ་ཕར་ཕུད་པའི་སུ་གཅིག་ལ་ཤོད་ཡས་མེད་པ་འདི་ཇི་འདྲ་རས།
ཉམ་རྒྱུན་དགེ་ཆོས་ལྗགས་རྩོམ་འདྲ་རྒྱག་དགོས་ན། ཕྱག་དཔེ་གཟིགས་པ་དང་དེ་དག་གི་ཞབས་ཕྱི་ཞུ་མཁན་ཧོར་ཁང་དང་རག་ར་གཉིས་རེད། ཁོང་གཉིས་ཀྱི་དེའི་སྐོར་ཙམ་ཡང་མ་ཁྱེན་པ་དེ་ཡ་མཚན་མ་རེད་པས།
ངས་བལྟས་ན། དགེ་ཆོས་རིག་གསར་རམ་ཚན་རིག་ལ་དོ་སྣང་དང་དེའི་ནུས་པར་ཁས་ལེན་མཛད་མཁན་ཞིག་གིས། ཐ་སྙད་ཚད་མར་འཛིན་གྱི་མེད་ཟེར་ན། ཁོང་གིས་འཚོལ་བའི་སྙིང་སྟོབས་དེ་གང་རས། ཁོང་གིས་སྲོག་བློས་བཏང་ནས་སྙེག་པའི་ལམ་དེ་གཞི་མེད་རྩ་མེད་ཀྱི་སྟོང་པ་བན་བུན་ཞིག་རེད་དམ། ཁོང་གིས་རྩད་གཅོད་དང་ཡང་འདེད་ཕུ་འདེད་བྱེད་པའི་བདེན་པའི་དངོས་པོ་དེ་སྟོང་པ་ཁྱད་ཆོས་ཅི་ཡང་མེད་པའི་དངོས་པོ་ཞིག་རེད་དམ། དེ་ཡིན་སྲིད་ཀྱི་མ་རེད། ལ། གསུངས་དང་།
ཀླུ་སྨྱོན་ལགས།
གུང་ཐང་བློ་གྲོས་ཀྱིས།
ཐལ་འགྱུར་དྲུག་སྒྲ་སོགས་ཀྱི་རིགས་ལམ་ནི།།
གནས་སྐབས་རིགས་པ་བྱང་བའི་ཐབས་ཙམ་ལས།།
མདོ་སྔགས་གཞུང་དོན་འབྱེད་ལ་མི་ཕན་ཞེས།།
བླུན་པོའི་རང་མཚང་སྒྲོག་རྣམས་བག་ཡོད་ཀྱིས།།
དགེ་བཤེས་ཤེར་རྒྱམ་གྱིས།
ལུང་གི་རྒྱན་རྟེན་མེད་པའི་རིགས་འཆལ་དང་།།
རིགས་པས་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།
གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།
ལུང་རིགས་གཉིས་མཛོད་མཁའ་ལྡིང་དབང་པོར་མཛོད།།
ཚ་བ་མདའ་སྨྱུག་གིས་དགེ་ལུགས་པ་རྒྱུ་གཉིས་སྨྲ་བ་དང་འདྲ་ཁུལ་བཤད་པ་ནི་ཧ་ཅང་མ་བརྟགས་པ་སྟེ།
རྒྱུ་གཉིས་སྨྲ་བས་ནི་གཟུགས་ཤེས་གཉིས་རང་ངོས་ནས་གྲུབ་པར་འདོད་པ་མ་ཟད། རྟོག་པས་བཏགས་ཙམ་ཡིན་
པར་ཁས་མི་ལེན་ལ། དགེ་ལུགས་པས་ནི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་མི་འདོད་པའི་ཁྱད་པར་གནམ་ས་ལྟ་བུ་ཡོད་པ་ཡང་མི་ཤེས་བཞིན་དུ། དགེ་ལུགས་པའི་རང་ལུགས་བཞག་ཡོད་ཚུལ་བཤད་པ་ནི་
ཧམ་པ་ནམ་མཁར་མི་ཤོང་བ་རང་རེད། ཡང་ཁོས་གཞི་གྲུབ་ན་བདེན་པ་ཡིན་པས་ཁྱབ་ཟེར་བའི་བསམ་དོན་ལ་
བརྟགས་ན་བདེན་གྲུབ་ཡིན་པས་ཁྱབ་ཟེར་བ་འདུག་སྟེ། བདེན་གྲུབ་ནི་རང་བཞིན་གྱིས་གྲུབ་པ་ལ་གོ་དགོས་ན།
རང་བཞིན་ནམ་རང་གི་ངང་གིས་གྲུབ་པ་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཆོས་ཉིད་ལ་རྒོལ་འདུག་པ་ནི་ཕ་མེད་མ་མེད་
ལྟ་བ་རང་རེད། ཡང་སྤྱིར་བདེན་པ་ཙམ་ལ་གོ་བ་ཡིན་ཟེར་ན། ཤེས་བྱ་ཆོས་ཅན། འཇིག་རྟེན་ན་མཐོང་བ་རྗུན་པ་མེད་པར་ཐལ།མཐོང་བ་གཞི་གྲུབ་པའི་གྲུབ་པའི་ཕྱིར། དེར་ཐལ། མཐོང་བའི་བྱ་བ་ཡོད་པའི་ཕྱིར།
མིག་བརྒྱད་པ་ལགས། རྨོངས་པའི་ཡང་བྲན་ཞིག་ཡིན་པས། ཕྲན་གྱིས་འཕེན་ཁུལ་བྱས་རིགས་པ་ཆུང་ཆུང་འདི་
དག་མདའ་སྤྱུག་ལ་འགྲོ་མིན་དང་། ཁྱེད་ཀྱིས་མདའ་སྨྱུག་ལ་རིགས་ལམ་གྱི་རྩེད་མོ་ཞིག་རྩེས་དང་།
རྫ་ཚེའི་ལགས་ཀྱི་སྤྱི་བཤད་ལྟ་བུའི་མཆན་བུ་དེས་སེམས་ལ་ཕན་པོ་བྱུང་། རིན་ཆེན་དར་རྒྱས་དང་འདྲེ་ནག་མགོ་དགུ་པ་ལགས་གཉིས་ནི་གཞུང་མང་སྦྱངས་པའི་ཐོས་པ་འཛིན་པ་ཞིག་ཡིན་པར་ངེས། རྣམ་པ་གཉིས་ཕེབས་ནས་བློ་སྐྱེད་གང་མང་ཞིག་རེག་སོང་། སྤྱང་ཤོག་གིས་ལོག་རྟོག་སྙིང་སྟོབས་ལུང་འདྲེན་བྱས་པའི་ཚིག་དེ་ཚོ་དོན་ལ་རེག་མིན་ཇི་ལྟར་ཡང་གཽ་རམས་པའི་ཚིག་བསྐྱར་ཟློས་བྱས་པ་འདྲ་ཞིག །སྐྱོན་ཡོན་ལེགས་པར་ཕྱེ་ནས་ཡར་རྒྱས་དང་རང་གི་སེམས་ན་གང་ཡོད་བརྗོད་ཆོག་པའི་གླེང་སྟེགས་ཤིག་ཡོད་པ་ནི་ཁ་བརྡ་འདི་རེད། དེང་སང་ཁ་པར་ཐོག་དང་དྲ་ཁང་དུ་ལྟ་ཀློག་བྱེད་མཁན་མང་། གཟབ་གཟབ་བྱས་ནས་མིག་ལྟོས་ངན་པ་ཞིག་མི་འཇོག་པའི་རེ་བ་ཡོད།
ཚ་བ་འདམ་སྨྱུག་གི་དེབ་དེ་བལྟས་མྱོང་། མ་གཞི་ཁོ་རང་གྲྭ་བ་ཞིག་ཡིན་ཚོད། རྣམ་དཔྱོད་ཡོད་རབས་འདུག །རྣམ་དཔྱོད་གང་འདྲ་བེད་སྤྱོད་གཏོང་མིན་རང་ལག་ཡིན་པས། དེབ་དེའི་མགོ་མཇུག་ཀུན་དོན་བསྡུས་ན་རང་གིས་རང་ལ་ཡིད་ཆེས་དང་གཞན་གྱིས་བཤད་པ་ལ་ཡིད་མི་ཆེས་ཟེར་པ་འདྲ་བོ་ཞིག་རེད། དེའི་ཐོག་མེད་རབས་དང་མེད་ལུགས་མང་པོ་ཞིག་བཤད་སྟངས་ལ་བལྟས་ན་ཆད་ལྟ་བ་ཞིག་ལོས་ཡིན་བསམ། ཁོས་ཚན་རིག་གི་སྐོར་ཅིག་ཅིག་མུག་མུག་བཤད་འདུག་མོད། ཟླ་བ་སྐར་མ་ཡིན་པར་བཤད་པ་དེ་གཅིག་པོས་ཀྱང་ཁོ་རང་གིས་ཚན་རིག་གི་སྐོར་མི་ཤེས་པའི་རྟགས་བསྟན་པ་རེད །བདེན་གཉིས་བདེན་བཞི་སྐོར་ལ་གཞུང་དང་མཐུན་པ་སྤངས་ནས་རང་གིས་རྟོག་བཟོའི་བཤད་པ་མང་། ངས་དེབ་དེ་ལ་དམིགས་བསལ་ཁྱད་པར་བ་ཞིག་གང་ཡང་མཐོང་མ་སོང་།
མིག་བརྒྱད་པ་ལགས། གཞུང་ལུགས་ཀྱི་བཤད་པ་ཧ་ཅང་ཞིབ་པས་ཁྱེད་ཀྱིས་གང་ཞིག་བཤད་ཀྱི་ཡོད་མེད་ཤེས་དཀའ་ཙམ་སྣང་། ད་ཁ་ནང་ལ་སྐོར་ནས་གཅིག་འདྲི།
ངའི་བརྒྱུད་ཀྱི་བློ་རྟོག་བཅས་རྟོག་མེད་ཡོངས་རྫོགས་བདེན་འཛིན་ནམ། མཚན་འཛིན། ཉོན་སྒྲིབ་སོགས་རེད་དམ། སུ་དང་གང་གིས་མ་བསླབ་པར་ཤེས་པའི་ངའོ་སྙམ་པའི་བློ་འདི་ལ་བདེན་འཛིན་ཟེར་རམ། ང་བོད་པའོ།། ༧གོང་ས་མཆོག་དམ་པའོ།། དམ་པའི་ཆོས་ལ་བསླབ་བོ་སྙམ་པའི་བློ་དེ་ཚོ་ལེགས་ཉེེས་གང་། དེ་བཞིན་བུམ་འཛིན་མིག་ཤེས་ལ་མིང་གང་འདོགས། ཁ་བཀག་པའི་ལན་མིན་པར་ལན་བཟང་ཞིག་ཞུའོ།།
མེ་དཀར་ལགས།
ངའི་བརྒྱུད་ཀྱི་བློ་རྟོག་བཅས་རྟོག་མེད་ཡོངས་རྫོགས་བདེན་འཛིན་ནམ། མཚན་འཛིན། ཉོན་སྒྲིབ་སོགས་རེད་དམ།
རྟོག་བཅས་ལ་བདེན་འཛིན་ནམ། མཚན་འཛིན། ཉོན་སྒྲིབ་ཡིན་པ་ཡོད། རང་ལྡོག་ནས་གང་ཡང་མ་རེད། རྟོག་མེད་ལ་བདེན་འཛིན་སོགས་མེད། ང་བོད་པའོ།། ༧གོང་ས་མཆོག་དམ་པའོ།། དམ་པའི་ཆོས་ལ་བསླབ་བོ་སྙམ་པའི་བློ་དེ་ཚོ་བློ་དོན་མཐུན་ཡིན་པས་ལམ་གྱི་སྤང་བྱ་མ་ཡིན་ཏེ། འཁོར་བ་འཁོར་བྱེད་ཀྱི་རྒྱུའམ་རྩ་བ་མ་ཡིན་པའི་ཕྱིར། དེས་ཕྱིར་དབུ་མའི་གཞུང་དུ་གཏི་མིག་བདེན་འཛིན་ངོས་འཛིན་པ་གལ་ཆེ་བར་གསུངས་པས། བློ་གང་ཡིན་བདེན་འཛིན་ལ་མི་བྱེད་པར་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་ཅན་གྱི་རྩ་བ་ངོས་འཛིན་དགོས། དེ་ནི་འཇུག་འགྲེལ་ལས། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་པོ།།ཞེས་དང་། འཇུག་པ་ལས། གཏི་མིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ཏེ།།ཞེས་པ་ལྟར་རོ། འདིའི་ཐད་ལ་བློ་གང་ཚད་མ་དང་ཚད་མིན་ཡིན་མིན་གྱི་རྣམ་བཞག་ཤེས་དགོས་པ་གལ་ཆེ་སྙམ། བུམ་འཛིན་མིག་ཤེས་ལྟ་བུ་ཐ་སྙད་པའི་ཚད་མ་ཡིན། །
ཨ་ཁ་ཁ་ཁ། ཀླུ་སྨྱོན་གྱིས་བཤད་པར་གཞིགས་ན། གསེར་ཁྲི་ཚང་གིས་དགེ་བཤེས་ཤེར་རྒྱམ་ལ་ ར་མ་འདྲ་བོ་ཁྱོད། ཞེས་ངན་སྨྲས་ཀྱི་སྡིག་པ་བསགས་འདུག
མིག་བརྒྱད་པ་ལགས། མདོ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། མངོན་རྟོགས་རྒྱན་ལས། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་དང་། རྒྱུད་བླ་མ་ལས། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཞེས་དང་། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་འགྱི། །ཞེས་དང་། མདོ་ལས། ཆོས་རྣམས་ཀྱང་སྤངས་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས། ཞེས་པ་དང་མི་འགལ་ལམ།
མེ་དཀར་ལགས། མདོ་སྡུད་པ་དང་མངོན་རྟོགས་སྦྱར་ནས་བཤད་ན། བྱང་ཆུབ་སེམས་དཔའ་སྦྱོར་ལམ་བཟོད་པའི་གནས་སྐབས་སུ་གཟུགས་རུང་ལ་གཟུགས་སུ་འདུ་ཤེས་པ་སོགས་གཉིས་སྣང་ཡོད་ལ། ཕུང་པོ་འདི་དག་བདེན་གྲུབ་ཀྱིས་སྟོང་ངོ་ཞེས་རྣམ་པར་རྟོག་ནའང་བྱང་ཆུས་སེམས་དཔའ་དེ་ནི་རང་མཚན་དང་སྤྱི་མཚན་དུ་སྣང་བའི་མཚན་མ་ལ་སྤྱོད་ཀྱི་མཐོང་ལམ་སོགས་སྐྱེད་པའི་སྐྱེ་མེད་གནས་ཏེ་ཤེར་ཕྱིན་རྣལ་མ་ལ་དད་པ་མ་ཡིན་ནོ། །བདེན་འཛིན་མཚན་འཛིན་དུ་འདོད་པ་དང་གཉིས་སྣང་མཚན་མར་འདོད་པ་གཉིས་ཁྱད་ཕྱེ་དགོས། མངོན་རྒྱན་གྱི། སྐབས་གསུམ་པའི་གཞི་ཤེས་སྐབས། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། ཞེས་སོགས་ནི་འཁོར་གསུམ་མི་དམིགས་པས་སྦྱིན་པ་བཏང་བ་སོགས་ནི་ལམ་ཡང་དག་པ་ལ་ཞུགས་པ་དང་དེ་བཞིན་གཤེགས་པ་ལ་དམིགས་ནས་ཕྱག་འཚལ་བ་སོགས་བསོད་ནམས་ཀྱི་ཚོགས་ཡིན་མོད་ཀྱང་ཆགས་པ་ཕྲ་མོ་སྟེ་འཁོར་བ་བདེན་པར་འཛིན་པའི་མཚན་འཛིན་གྱིས་ཀུན་ནས་བསླངས་ཏེ་ཕྱག་འཚལ་བ་སོགས་ནི་དེའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་རོ།། ཐལ་འགྱུར་བས་བདེན་འཛིན་ལ་འཇིག་རྟ་འཇོག་ལ། དེའི་མན་ཆད་ཀྱིས་མི་འཇོག་གོ ། སྲིད་མཐའ་འགོག་བྱེད་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར་རོ།།སྲིད་མཐའ་ལ་མི་གནས་ཚུལ་ནི། ལས་ཉོན་གྱིས་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པ་དེ་ཡིན་ནོ།།རྒྱུད་བླ་མ་ལས། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། ཞེས་པ་ནི། རྒྱུད་བླ་མའི་བརྗོད་བྱ་གནས་བདུན་གྱི་སྐབས་སངས་རྒྱས་ཉག་གཅིག་དོན་དམ་པའི་སྐྱབས་སུ་བཤད་དེ། ལུང་གི་ཆོས་མིང་ཚིག་ཡི་གེའི་ཚོགས་རྣམས་རང་རྒྱུད་ལ་འཐོབ་བྱ་མཐར་ཐུག་མ་ཡིན་ཏེ། བདེན་པ་མངོན་སུམ་དུ་མཐོང་ཚེ་དོར་བར་བྱ་བ་ཡིན་པའི་ཕྱིར། སངས་རྒྱས་ཐོབ་ནས་ལུང་ཚིག་དགོས་དོན་མེད་པའི་ཕྱིར་རོ།།སྒྲུབ་བྱེད་ཕྱི་མ་གཉིས་ཀྱིས་དགེ་འདུན་ཡང་བགྲོད་པ་མཐར་ཐུག་པའི་སྐྱབས་གནས་མ་ཡིན་ཏེ་ཉན་རང་དགྲ་བཅོམ་པ་ལྟ་བུའོ།
མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་པ་དབང་ཤེས་ཚད་མ་དེ་དག་སྟོང་ཉིད་ལ་ཚད་མ་མིན་པར་བསྟན་ཏེ། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་འགྱི། །ཞེས་པས་སོ།།། མདོ་ལས། ཆོས་རྣམས་ཀྱང་སྤངས་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས། །བདག་འཛིན་གྱི་ཀུན་སློང་གི་དགེ་མི་དགེ་ཐམས་ཅད་སྤང་བྱ་ཡིན་པས་སོ།།
ར་མ་ཁ་ཟེར་བ་ཨ་ར་རིང་པོ་ཡོད་པ་ལ་གོ །གོ་ཐོས་ལྟར་ན་སྐབས་དེ་དུས་ཟི་ལིང་བཙོན་ཁང་དུ་བོད་ཀྱི་གནད་ཡོད་མི་སྣ་བླ་སྤྲུལ་སུམ་བརྒྱ་ལྷག་ཡོད་རབས་འདུག །ཕལ་ཆེ་བ་བཙོན་ཁང་དུ་གཤེགས་པ་རེད།
ཁ་བཤད་དང་ལག་ལེན་མི་མཚུངས་པའི་སྲིད་དོན་པའི་སྡེར་མོ་ཤ་གསེང་ནས་ཐོན་པ་ལྟར་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་སྟོར་གཏོང་འཆར་གྱི་ཚོགས་ཆེན་ཞིག་གི་སྟེང་དུ་དགེ་བཤེས་རིན་པོ་ཆེས་མངོན་སུམ་འཛེམས་མེད་ཀྱིས་མོའུ་ལ་སྐྱོན་བརྗོད་དང་ཁ་བརྡུང་དྲག་པོ་བཏང་། གནས་ཚུལ་འདི་དག་པཎ་ཆེན་རིན་པོ་ཆེའི་ལོ་རྒྱུས་ན་གསལ་བོ་རེད། མོའུ་ལ་མཛུབ་མོ་བཙུགས་ནས་དངོས་སུ་ཁ་བརྡུང་གཏོང་ནུས་མཁན་ཧ་ལམ་བོད་མི་རིགས་ཁྲོད་ན་ཁོང་གཅིག་བུ་ཡིན་རྒྱུ་རེད། གོང་གི་བསྟོད་པ་དང་འོག་གི་སྐྱོན་བརྗོད་འདི་གཉིས་བར་ནས་དགེ་བཤེས་ཚང་གིས་ཆབ་སྲིད་པའི་ཁ་བཤད་ལག་ལེན་མི་མཚུངས་པའི་རྣམ་འགྱུར་གསལ་བོར་བསྟན་འདུག
མཐའ་མར་དགེ་བཤེས་རིན་པོ་ཁོང་ལ་མ་ཉེས་ཁག་གཡོགས་དང་པཎ་ཆེན་ཕྱོགས་ཁག་གི་ཡིག་འབྲུ་ཁྲི་བདུན་གྱི་ཞུ་དག་པ་དང་ས་བོན་འདེབས་མཁན་གྱི་གཏེ་དཔོན་དུ་ངོས་འཛིན་བྱས་ཏེ་དགུང་གྲངས་བརྒྱད་ཅུ་ལྷག་ཟིན་པའི་དགེ་བཤེས་ལགས་གྲལ་རིམ་འཐབ་རྩོད་ཀྱི་ནང་དུ་ལྷུང་སྟེ་སྐུ་ངལ་ཚད་མེད་མྱངས། ཕྱོགས་མང་པོ་ཞིག་ནས་ཞིབ་འཇུག་བྱས་ན་མཐའ་མར་དགེ་བཤེས་ཚང་བཙོན་ཁང་དུ་ལྷག་དགོས་པའི་གནད་དོན་ནི་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ལས།༼༡༩༦༡་ལོར་ང་རང་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་དང་།རང་གི་ཕ་ཡུལ་མཚོ་སྔོན་དུ་ཡོང་བ་ན་ཡུལ་མི་རྣམས་ཀྱིས་སྡོང་ཤུན་དང་ལྡུམ་བུ་སོགས་ཟོས་བས། ཁ་ངོ་སྐྲང་བ་སོགས་ཀྱི་གནས་ཚུལ་མང་པོ་དངོས་སུ་མཐོང་རྗེས་ངས་སྙིང་ནས་མ་བཟོད་པར་ཕྱིར་པེ་ཅིན་དུ་སོང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་ཨེན་ལེ་ལ་ཕུལ་བའི་སྙན་ཞུ་ཞེས་པ་ཞིག་བྲིས་ཏེ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་ཆབ་སྲིད་ཇུས་སོགས་རྒྱ་ཁྱོན་ཆུང་ངུ་ཞིག་ལ་ཕུལ་བ་ཡིན། ཏང་གི་སྒྲིག་ཡིག་ནང་དུའང་བསམ་འཆར་མི་འདྲ་བ་ཅི་ཡོད་ན་བཤད་ཆོག་ཅེས་བཀོད་ཡོད་པས། ང་རང་གིས་བྲིས་པའི་བསམ་འཆར་དེའང་ཏང་གི་སྒྲིག་ཡིག་གི་དགོངས་དོན་ལྟར་བྲིས་པ་ཡིན། སྙན་ཞུ་དེའི་ནང་གཙོ་བོ་བོད་ལྗོངས་དང་བོད་ཁུལ་གྱི་ང་བརྒྱད་ལོའི་དམངས་གཙོ་བཅོས་བསྒྱུར་བྱེད་སྐབས་ཀྱི་གནས་ཚུལ་མང་པོ་བྲིས་ཡོད།ངས་འབྲི་བའི་སྐབས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ལ་བསྟན་མ་མྱོང་། བྲིས་ཚར་ནས་དཔར་བསྐྲུན་བྱས་རྗེས་ཁོང་བ་ཕུལ་བ་མ་གཏོགས་ངེད་གཉིས་ཁ་མཐུན་མཉམ་བགྲོས་གཏན་ནས་བྱས་མ་མྱོང་མོད། འོན་ཀྱང་རིག་གནས་གསར་བརྗེ་ཡི་སྐབས་སུ་པཎ་ཆེན་ཕྱོགས་ཁག་ཅེས་པའི་མི་མང་པོར་བརྡུང་རྡེག་བྱས་ཏེ་མཐར་མི་ཉུང་བ་ཞིག་ཤི་སོང་བ་རེད། དགེ་བཤེས་ཚང་ཡང་འདི་ལས་མ་ཐར་བར་དགོངས་པ་རྫོགས་པ་འདི་རང་རེའི་ཏང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད།༽ཅེས་གསུངས་ཡོད། གང་ལྟར་གོང་མོལ་འདི་དག་གིས་རང་ཅག་གི་མིག་མདུན་ཐམས་ཅད་མུན་པས་བསྒྲིབས་ཡོད་པ་དང་ཧ་ཅང་རྙོག་འཛིངས་ཚ་བའི་དུས་སྐབས་དེ་དང་དེའི་གནས་ཚུལ་ཇི་མ་ཇི་བཞིན་བཤད་ཚོད་མི་ཐུབ་གི གང་ལྟར་རང་རློམ་རང་ཤེད་ཀྱི་མཆོང་རྒྱུག་མི་བྱེད་པར་ད་དུང་བརྟག་གཞིག་ནན་མོ་བྱེད་དགོས་པའི་ཚོད་དུ་སྣང་ངོ།།
ཀླུ་སྨྱོན་ལགས། བདེ་ཆེན་གསེར་ཁྲི་ཚང་དང་འབྲེལ་བའི་གནས་ཚུལ་དེ་ཐོས་མ་མྱོང་།གང་ལྟར་ཡང་གསེར་ཁྲི་ཚང་སྟེ་རྒྱལ་སྲས་སེམས་དཔའ་ཆེན་པོ་འདིས་སྲོག་གི་ཕྱིར་ཡང་མཆོག་གསུམ་མི་སྤོངས་པའི་རྣམ་ཐར་གྱི་ཆ་ཤས་འདི་ཙམ་ཐོས་པ་ཙམ་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཆར་དུ་སྙིལ་བའི་གནས་དེ་འདི་འདྲ་བ་མིན་ན་སུ་ཡིན་སྙམ་དུ་དད་པ་བླ་ལྷག་ཏུ་སྐྱེས་སོ། ཕྱག་འཚལ་ལོ་སྐྱབས་སུ་མཆིའོ། །
༧རྗེ་ཙོང་ཁ་ཆེན་པོའི་གསུང་་་་་ལམ་གཙོ་རྣམ་གསུམ་ལས།
གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །
དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །
ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །
ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །
ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །
འདིར་ཙོང་ཁ་པ་དང་མི་ཕམ་གྱི་ལྟ་བའི་སྐོར་མང་པོ་ཞིག་རྩོད་ཀྱི་འདུག སོ་སོའི་རིག་པ་འཕེལ་བའི་ཆེད་དུ་ཡིན་ན་ནི་མ་འགྲིགས་པ་མེད་མོད། དེ་མིན་པར་ཕྱོགས་བཟུང་ནས་དགེ་ལུགས་པ་དག་གིས་ཙོང་ཁ་བ་བདེན་པ་དང་། རྙིང་མ་པས་མི་ཕམ་བདེན་ཞེས་རྩོད་ན་ནི་གཞུང་ལུགས་ཀྱི་གོ་བ་ཕྱོགས་ཙམ་ཡང་མ་རྟོགས་པའི་སྐྱོན་རེད་བསམ། འོ་ན་ཇི་ལྟར་ཡིན་སྙམ་ན་མི་ཕམ་དང་ཙོང་ཁ་བ་སུ་ཡིན་རུང་ལྟ་བའི་སྐོར་བཤད་ཚུལ་མ་འདྲ་བ་འབྱུང་ས་གཙོ་བོ་དོན་དམ་གཏན་ལ་འབེབས་ཚུལ་ནས་བྱུང་བ་ཡིན་ངེས། དེ་ལྟར་ན་དོན་དམ་བདེན་པ་ནི་སྨྲ་བསམ་བརྗོད་མེད་ཡིན་པས་ཁོང་གིས་གང་རྟོགས་པའི་དོན་དངོས་རྗེན་པར་སྟོན་མི་ནུས་ཤིང་། དེའི་རྐྱེན་གྱིས་ཁོང་གཉིས་ཀས་དོན་དམ་ཕྱོགས་རེ་ཙམ་ལས་མ་སྟོན་ཞེ་ན་འགྲིག་སྙམ། དེ་ཡིན་དུས་ཁོང་གཉིས་སུའི་ལུགས་བཟུང་ན་ཡང་ཁོང་གཉིས་ཀྱིས་སྟོན་པའི་ལམ་སྟོན་གཞིར་བཟུང་ནས་སྒོམ་རྒྱག་ན་ནི་དོན་དམ་བདེན་པ་རྟོགས་ངེས་ལ། དེ་ལྟར་མ་ཡིན་པར་རྩོད་པ་རང་རྒྱག་སྡོད་ན་ནི་དོན་དམ་རྟོགས་པའི་དུས་ཤིག་སུ་ལ་ཡང་མེད་ངེས།
གོང་དུ་འགའ་ཞིག་གིས་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེ་བར་རྟོགས་ན་བདག་མེད་རྟོགས་པ་ཡིན་གསུངས། དེ་ལྟར་ན་ཕྱུགས་རྫིས་ཀྱང་བདག་མེད་རྟོགས་པར་ཐལ་ཏེ། དཔེར་ན་ཕྱུགས་རྫིས་བ་ལས་འོ་མ་འབྱུང་དགོས་ན་རྩྭ་དང་ཆུ་སྦྱིན་དགོས་པར་རྟོགས་ཤིང་། དེ་བཞིན་ཞིང་པས་ཞིང་ལས་ལོ་ཐོག་ཡག་པོ་སྐྱེ་དགོས་ན་ས་ལུད་དྲོད་གཤེར་ཡག་པོ་དགོས་པ་ཡང་རྟོགས་པས་སོ༎ ལྷག་པར་དུ་ཡང་དེང་སང་གི་ཚན་རིག་པ་ཚང་མས་བདག་མེད་རྟོགས་པར་ཐལ་ཏེ། ཆོས་ཐམས་ཅད་རྒྱུ་ལས་སྐྱེས་པར་རྟོགས་པའི་ཕྱིར་རོ༎
མིག་བརྒྱད་པ་ལགས་ཀྱིས་ང་བོད་པའོ་སྙམ་པ་དང་རྒྱལ་བ་རིན་པོ་ཆེ་དམ་པའོ་སྙམ་པའི་བློ་བདག་འཛིན་མིན་གསུངས། དེ་ལྟར་ན་ངའོ་སྙམ་པའི་བློ་ཡང་བདག་འཛིན་མིན་པར་འགྱུར་ལ། འོ་ན་བདག་འཛིན་ལྷན་སྐྱེས་བདག་འཛིན་མིན་པར་འདོད་དགོས་པར་འགྱུར་སྙམ། མ་ཟད་རྒྱལ་བ་རིན་པོ་ཆེ་དམ་པའོ་སྙམ་པའི་བློ་ཡང་གཉིས་འཛིན་གྱི་མཐའ་རུ་ལྷུང་བས་སྤང་བྱ་ཅི་ལ་མིན་སྙམ་ཡང་ཁོ་བོ་ནི་ས་དགེ་བཀའ་རྙིང་གང་གི་ལུགས་ཀྱི་གཞུང་ལ་ཡང་སྦྱངས་པ་མཐིལ་ཕྱིན་ཞིག་བྱས་པ་མེད་གཤིས་འདིར་གང་བཀོད་ཐམས་ཅད་གོང་གི་མཆན་བུ་དག་བཀླགས་པ་ལས་སེམས་ལ་གང་ཤར་བ་ཤར་མར་སྤེལ་བ་ལགས་པས་ངའི་མཆན་བུ་ཀློག་མཁན་རྣམས་དུས་ཚོད་ཆུད་ཟོས་སུ་སོང་ན་དགོངས་འགའ་མེད་པར་ཞུ་ཞུ།
དགེ་ཆོས་ཀྱིས། ཁས་ལེན་མེད་པའི་ལྟ་བ་འདི་རྟོག་གེའི་རིགས་པའི་ནང་དུ་ཤོང་བའི་གནས་མེད་ཅེས་བ་དང་། དབུ་མ་པ་ལ་ཁས་ལེན་མེད་ཟེར་མཁན་དག་ལ། དགེ་བཤེས་ཤེར་རྒྱམ་གྱིས། མཉམ་བཞག་པས་ཁས་ལེན་མེད་པའི་ལུགས་འཛིན་པ་དང་། རྗེས་ཐོབ་པས་ཁས་ལེན་ཡོད་པའི་ལུགས་འཛིན་པ་ཡིན་ལ། ཁ་མི་གྲག་པ་ཁས་ལེན་མེད་པ་དང་། ཁ་གྲག་པ་ཁས་ལེན་ཡོད་པ་ཡིན་ན། མཉམ་བཞག་པ་ཡིན་ན་ཐལ་འགྱུར་བ་མ་ཡིན་པས་ཁྱབ་པ་དང་། དབུ་མ་པ་ཡང་མ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་ཐལ་འགྱུར་བའི་གྲུབ་མཐའ་ཁས་མི་ལེན་པས་ཁྱབ་པའི་ཕྱིར། ཟེར་བ་ལ། དབུ་མ་པ་ལ་ཁས་ལེན་མེད་ཟེར་བ་རྣམས་ཀྱིས་ལན་ཇི་ལྟར་འདེབས། སྔོན་གྱི་ཆེན་པོ་རྣམས་ཀྱིས་ཁས་ལེན་མེད་གསུངས་པ་དང་ཕྱིས་ཀྱི་དབུ་མ་བས་ཁས་ལེན་ཡོད་གསུངས་པ་གཉིས་ངས་བལྟས་ན་དེ་གཉིས་ལ་འགལ་བ་གང་ཡང་མཐོང་གི་མི་འདུག །ཚིག་གིས་སྦྱོར་སྟངས་ཙམ་ཞིག་རེད།
གཡུ་འབྲུག་དཀར་པོ་ལགས།
དགོངས་རྒྱན་དུ། རང་ཅག་གི་ནམ་རྒྱུན་གྱི་བློ་འདིའི་ཁྲོད་ན་ཡང་དག་པའི་རིགས་པ་ཞིག་ཡོད་ཚེ་འཁོར་བ་ཐོག་མེད་པ་ནས་བསྐལ་བ་གྲངས་མེད་ཀྱི་བར་དུ་གོམས་ཀྱང་ད་དུང་ཡར་སྐྱེད་འདི་ཙམ་ལས་མེད་པ་ངོ་མཚར། ཞེས་པ་རང་ཅག་གི་རྒྱུད་ལ་ཤེས་ཡོན་གྱི་ཡར་རྒྱས་མེད་པ་མ་ཡིན་མོད། ངར་འཛིན་ལྷན་སྐྱེས་ལ་གོམས་པའི་དབང་གིས་ཡར་འཕགས་པའི་སར་མ་འགྲོ་བ་ཅི་ཞིག་གིས་ལན། འཇུག་པ། གང་དག་དུད་འགྲོ་བསྐལ་མང་བསྐྱལ་གྱུར་བ།།དེས་ཀྱང་མ་སྐྱེས་རྟགས་འདི་མ་མཐོང་ལ།།ཞེས་སོགས་ལྟར་དང་། གང་ལ་བདག་ཏུ་འཛིན་པའི་དམིགས་གཏད་པའི།།བདག་དེ་འཆིང་གྲོལ་ཀུན་གྱི་བྱེད་པོར་སྨྲ།།ཞེས་པ་ལྟར་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་ཡུལ་བདག་གམ་ང་ཞེས་པ་དེ་ནི་འཁོར་འདས་ཀྱི་གཞི་ཡིན་པས་མེད་མི་ཟེར། དེའི་བདག་ལྟའི་ཞེན་ཡུལ་གྱི་ང་དེ་ང་རང་ངོས་ནས་གྲུབ་པ་ཞིག་འཇོག་དགོས་པས་དེ་མེད་ཟེར་བ་ཡིན། ངའོ་སྙམ་པའི་བློ་བདག་འཛིན་ཡིན་ན་ཧ་ཅང་ཐལ། ང་མིའོ་སྙམ་པ་དང་། ང་དགེ་སློང་ངོ་སྙམ་པ་ཐམས་ཅད་བདག་འཛིན་དུ་ཐལ་བས་ལམ་གྱི་སྤང་བྱ་ཡིན་པར་འགྱུར། མངོན་སུམ་མ་ཡིན་པའི་རྟོག་བཅས་ཚད་མ་ཐམས་ཅད་ལ་ཡུལ་དེ་དང་དེའོ་སྙམ་པ་མི་བསླུ་བར་འཛིན་པ་ཡོད་པས་བདག་འཛིན་མིན། གཞན་ཡང་བྱང་སེམས་འཕགས་པའི་རྒྱུད་ན་ང་འཕགས་པའོ་སྙམ་པའི་བློ་མེད་པར་ཐལ། དེ་མེད་ན་དེའི་གདགས་གཞི་མེད་པར་ཐལ་བའི་སྐྱོན་འབྱུང་ངོ།།
ཉོན་མོངས་ལམ་གྱི་དགག་བྱ་ཡིན་མིན་ལ་དོན་དམ་པའི་ཁྱད་པར་སྦྱོར་མི་དགོས་ཏེ། དེ་ཐ་སྙད་དུ་ལམ་གྱི་དགག་བྱ་ཡིན་པའི་ཕྱིར། དགེ་ཆོས་ཀྱིས། རི་བོང་རྭ་དགག་པ་ན་དོན་དམ་པའི་ཁྱད་པར་སྦྱར་ག་ལ་དགོས། ཞེས་པའི་གནད་ལེགས་པོར་གོ་ན། རི་བོང་རྭ་དོན་དམ་དུ་མེད་པ་རྟོགས་ན་སྟོང་ཉིད་རྟོགས་མི་དགོས་པའི་ཕྱིར། དེ་ལྟར་མ་ཡིན་པར་རི་བོང་རྭ་དོན་དམ་དུ་མེད་པར་རྟོགས་པའི་བློ་ཡིན་ན་སྟོང་ཉིད་རྟོགས་པའི་བློ་ཡིན་དགོས་ན། གྲུབ་མཐའ་སྨྲ་བ་བཞི་ག་སྟོང་ཉིད་རྟོགས་པའི་གང་ཟག་དང་དབུ་མ་བ་ཡིན་དགོས།
རྒན་མིག་བརྒྱད་པ་ལགས། ངའི་རྒྱུད་ལ་བདག་འཛིན་མི་སྐྱེས་པའི་ཉིན་ཞིག་སྲིད་དམ། ངས་དལ་གྱིས་བསམ་དུས་ངའི་རྒྱུད་ཀྱི་བློ་ཞིག་ནང་ལ་བུམ་པའོ་སྙམ་པ་དང་། ངའོ་སྙམ་པ། ནང་པའོ་སྙམ་པ། ང་སྐྱིད་དོ།། སྡུག་གོ ། སྙམ་པ་ལས་བུམ་པ་རིལ་བུའོ།། ལྟོས་མེད་དོ། ། རྒྱུ་རྐྱེན་ལ་མ་ལྟོས་ཞེས་པའི་ཁྱད་པར་ཅན་གྱི་་བློ་གཏན་ནས་མ་སྐྱེས། དེ་འདྲའི་བློ་ཞིག་སྐྱེ་དགོས་ན་ཁྱེད་ཀྱི་སློབ་སྦྱོང་གནང་བའི་སློབ་ཚབ་དག་ལ་ཉུང་མཐར་མི་ལོ་བཅུ་ཙམ་སྦྱངས་པ་སྔོན་སོང་དགོས་ངེས་སྙམ།
གང་ལྟར་ཡང་རྣམ་པ་ཚོས་ཕྲན་གྱིས་གོང་དུ་མཆན་༤༧ དང་༦༡ དང་ ༦༢ པར་ལུང་རིགས་གཉིས་ལྡན་གྱི་སྒོ་
ནས་དྲི་བ་ཞུས་ཁུལ་ཡང་། དེ་ལ་ཡ་ལན་གང་ཡང་གནང་མ་སོང་བས། ད་ཕྲན་དགོངས་པ་ཞུ་གི་ཡིན།
མིག་བརྒྱད་པར་སྤྲིངས་པ།
ཡ་རབས་མ་རབས་ཡུལ་ཕྱོགས་ཆོས་ལུགས་དང་། །
བསམ་དང་སྤྱོད་པ་སོགས་ལས་འཇོག་ལུགས་ཀྱིས། །
ཁྱོད་ཀྱི་དམ་པ་ང་ཡིས་དམན་པར་མཐོང་། །
མདོ་དོན་ཀུན་གྱིས་རང་ལྟ་མཆོག་ཏུ་འཛིན། །
ཁྱོད་ཀྱི་ཐོས་བསམ་ང་ཡིས་ག་ལ་འགོག །
ལུང་དང་རིགས་པས་བརྡར་ཆོད་ལ་ཞོག །
ཆོས་ཀྱི་གནས་ལུགས་ཇི་བཞིན་ཤེས་མཁན་དཀོན། །
གང་ཤེས་ཉམས་སུ་ལེན་མཁན་དེ་བས་དཀོན། །
མདོ་རྒྱུད་ཚིག་ཕྲེང་ངག་ཏུ་བསྐྱར་བསྐྱར་བ། །
རྙེད་དམ་མིང་སྐམ་དོན་དུ་ཡིན་པ་མང་། །
ཆོས་བརྒྱད་བདུད་ཀྱི་བྲན་དུ་མ་གྱུར་པའི། །
ཆོས་པ་རྣམ་དག་ཉིན་མོའི་སྐར་མ་ཙམ། །
དེ་འདྲ་ཨེ་རེད་དྲ་གྲོགས་མིག་བརྒྱད་པ། །
གཉིས་མེད་སེངྒེ་ལ་མོལ་བ།
ཡ་རབས་རྣམས་ཀྱིས་ཉམ་ཆུང་དམན་ས་འཛིན།།
མ་རབས་རྣམས་ཀྱིས་རང་ཉིད་མཐོ་བར་འཛིན།།
ཡ་རབས་མ་རབས་སྤྱོད་པས་འབྱེད་དགོས་པ།།
མ་རབས་རྣམས་ཀྱི་སྤྱོད་ཚུལ་དེ་ལས་ཤེས།།
བདག་གི་དམ་པ་ཁྱོད་ཀྱིས་དམན་པར་མཐོང་།།
ཁྱོད་ཀྱི་རང་ལྟ་བདག་གིས་དམན་པར་མཐོང་།།
མདོ་རྒྱུད་ལུང་ཚིག་ངག་ནས་སྐྱོར་བ་ལ།།
བར་ཆད་བྱེད་པ་འདོད་ལྷའི་འཕྲུལ་ཡིན་ནོ།།
རང་སྐྱོན་རི་རབ་ཙམ་ཡང་མི་མཐོང་ཞིང་།།
གཞན་སྐྱོན་རྡུལ་ཕྲན་ཙམ་ལ་ཡང་དག་འཇུག།
མགོ་ནག་མ་རབས་ཚང་གི་གཤིས་སྤྱོད་ལ།།
ཆོས་ཀྱི་གནས་ལུགས་མཐོང་བའི་རེ་བ་བྲལ།།
རང་སྐྱོན་ཤེས་ན་སྐྱེས་བུ་དམ་པར་བརྩི།།
རང་སྐྱོན་མི་ཤེས་སྐྱེས་བུ་གླེན་པར་བརྩི།།
རང་སྐྱོན་ཤེས་ན་ཀུན་ཏུ་བདེ་མོད་ཀྱང་།།
རང་སྐྱོན་ཤེས་མཁན་གསེར་ལས་དཀོན་པར་གདའ།།
གཞན་སྐྱོན་སྨྲ་ལ་དགའ་བའི་འཛུམ་དམུལ་བ།།
གཞན་གྱི་ཡོན་ཏན་མཐོང་བའི་བློ་མིག་བྲལ།།
གཞན་སྐྱོན་རྐྱང་པ་འཚོལ་བའི་ངག་སྒོ་ན།།
གཞན་ལས་ལྷག་པའི་ཡོན་ཏན་གང་ཡང་མེད།།
མིག་བརྒྱད་པ་ལ་ད་རྨི་ལམ་ཡག་དུས་མཚམས་བཞག་ན་མ་རེད་པས། ད་ཕྱོགས་རིས་ལ་འགྲོ་ས་རེད་
དོ། །དེ་ལས་ཁོང་ཚོས་ག་རེ་གསུངས་ན་གསུང་དུ་ཆུག
དགེ་ཆོས་ཀྱིས། ལ་རེ་རྒྱབ་ན་མི་མཐུན་ཆོས་ལུགས་རེ། །དེ་ཡི་རྒྱབ་རྟེན་རྡོ་རྗེའི་བཀའ་ལུང་རེ། །དེ་ཡི་རྗེས་འབྲང་མཁས་བླུན་སྟོང་རེ། །ཞེས་གསུངས་པ་ནང་བཞིན་རེད། ཁྱོད་ཀྱི་གྲུབ་མཐར་ང་ཡིས་ཇུས་གཏོགས་མེད། །ང་ཡི་གྲུབ་མཐར་ཁྱེད་ཀྱིས་ཇུས་གཏོགས་མེད། །རང་རང་ངོ་ལ་རང་གི་གྲུབ་མཐའ་བདེན། །ཐམས་ཅད་སྟོན་པ་གཅིག་གི་རྗེས་འཇུག་རེད། །བྱམས་དང་བརྩེ་བ་ཀུན་ཀྱི་ཉམས་ལེན་རེད། །སྐྱབས་འགྲོ་སེམས་བསྐྱེད་ཀུན་ཀྱིས་ཕྱག་ལེན་རེད། །ཚད་མེད་རྣམ་བཞི་ཀུན་ཀྱིས་ཞལ་འདོན་རེད། །