རྩོམ་པ་པོ། དགུ་རོང་སྤུན་གྲོལ། འོས་སྦྱོར་བ་ལུང་རྟོགས།
༼རང་གྲོལ་སྨྱུག་གསར་དྲྭ་བ་ནས་འདྲེན་བཀོད་ཞུས།༽
__སྤོབས་པ་མཐའ་ཡས་ཟེར་པ་དག་གིས་དབྱིན་ཡིག་ཤེས་མདོག་གིས་སྒྲ་རྒྱག་གི་ཚུགས་ཀ་བཏོལ་སྟངས་ལ་ཡིད་འཐད་རང་མ་བྱུང་།
ཀུན་གྱིས་མཁྱེན་གསལ་ལྟར་སྒོ་ཤེར་གྱིས་ཀླུ་སྨྱོན་གྱི་འགྲམ་པའི་སྒང་ལ་གཟུགས་མེད་ཀྱི་ཐལ་ལྕག་ཚ་པོ་གཞུ་སྟངས་འདི་ནི་བརྩེ་སེམས་ཀྱིས་ཁེངས་པའི་ཡབ་ཆེན་ཞིག་གིས་རང་གི་བྱིས་པ་པྲ་ཚགས་ཤིག་ལ་སེར་སྣའི་ངང་ནས་འགྲམ་ལྕག་གཞུ་བའི་ཉམས་སྣང་དང་གཉིས་སུ་མ་མཆིས་སོ།།
ཡེ་ཟླ10 པའི་ཚེས15 ཉིན་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དཔྱད་འདེམས་ཚོགས་ཆུང་ཟེར་པ་ཞིག་གིས་‘ཐེངས་གསུམ་པའི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དེ་དཔྱད་པ་མང་མོས་ཀྱི་ལམ་ནས་མཐའ་མའི་ཐག་གཅོད་བྱས་ཏེ་བོད་ནང་གི་བཞུགས་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས“ང་ཚོ་སན་རན”ཞེས་པའི་པའི་དཔེ་དེབ་སྤྱི་ཚོགས་དང་སློབ་གསོའི་ཁ་ཕྱོགས་གསལ་སྟོན་བྱེད་པར་བོད་ཕྱི་ནང་གི་གངས་ཅན་པའི་ཁྲོད་དུ་གཡོ་འགུལ་ཆེན་པོ་ཞིག་བསླངས་པ་དེར་ཐོབ་སོང་ལ། ཁོང་གི་རྣམ་དཔྱོད་ལས་ཐོན་པའི་རྩོམ་དེབ་གྲགས་ཅན་དེའི་འཕྲིན་ལས་སྔར་ལས་ལྷག་པར་རྒྱས་པར་སྨོན། ཀླུ་སྨྱོན་རྩོམ་རིག་བྱ་དགའི་དཔྱད་འདེམ་ཚོགས་ཆུང་གིས། སྤྱི་ལོ་༢༠༡༣ ཟླ་༡༠ ཚེས་༡༥ ལ།’ ཞེས་གསལ་བསྒྲགས་བྱས་པས་རྒྱ་ནག་གི་གཙང་སྤྱོད་དྲ་ལམ་དུ་གྲག་པའི་སྐད་འཕྲིན་ཟེར་བ་དེའི་སྒང་ལ“བརྒྱུད་སྐོར”(forward)སྣ་ཚོགས་ཀྱིས་སྒོ་ཤེར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཚུལ་བསྟན་སོང་། དེ་དང་བསྟུན་སྒོ་ཤེར་གྱིས‘བྱ་དགའ་དེ་ནི་ངས་དང་ལེན་བྱ་གཏན་ནས་མི་འོས་སོ།།’ཟེར་པ་ཞིག་བྲིས་ནས་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཟེར་བའི་ཤོག་བུའི་བུམ་པ་དེ་མེ་རུ་བསྲེགས་སོང་ལ་དེ་དང་ཆབས་ཅིག་ཏུ་རྩོམ་པ་པོ་གྲགས་ཅན་ཡིན་ཟེར་བའི་ཀླུ་སྨྱོན་གྱི་གདགས་མིང་གྲུབ་པའི་བྱིས་པ་པྲ་ཚགས་དེའི་འགྲམ་པའི་སྒང་ལ་ཐལ་ལྕག་ཚ་ཐག་ཆོད་ཅིག་གཞུས་ནས་ཀླུ་སྨྱོན་གྱི་ངོ་གདོང་ཡང་དམར་པོར་གྱུར་ནས་སྤྲེའུ་རྐུབ་མདོག་ལྟར་གྱུར་ཡོད་པ་དེ་སུ་ལ་གསང་ཐུབ།
ད་རེབ་ཀྱི་སྣང་ཚུལ་འདིས་ཀླུ་སྨྱོན་དང་སྒོ་ཤེར་གཉིས་ཀྱི་རྩོམ་རིག་གི་རིན་ཐང་ལྟ་ཚུལ་གཅིག་མིན་ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་ཀྱི་རྩོམ་རིག་གི་ངོས་འཛིན་གསལ་མིན་དང་རྩོམ་རིག་གི་རིན་ཐང་ལ་གོང་བཀུར་ཅི་ཙམ་ཡོད་མེད་ཀྱི་བསྡུར་ཚད་ཅིག་མཚོན་གྱིན་འདུག མ་གཞི་ནས་ཕྱི་སྡོད(ཕྱི་ན་ཡོད་པའི་ངེས་དོན་གྱི་རྩོམ་རིག་བརྩམས་ཆོས་རྩོམ་མཁན་ནི་འཇམ་ནོར་གཙོས་མི་བུ་རེ་འགའ་ཙམ་ཞིག་མ་གཏོགས་མེད།)བོད་མའིི་ཁྲོད་ཀྱི་གསར་འབྱོར་རྩོམ་འབྲི་མཁན་དག་ནི་ཅུང་མཚར་པོ་ཞིག་འདུག གང་ལ་ཞེ་ན། ཁོ་པ་ཚོའི་སྣང་ངོར་ལ་བོད་ཀྱི་རིག་གནས་དང་སློབ་གསོའི་སྐོར་ནས་ལྗགས་རྩོམ་མཛད་མཁན་དང་། བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པ་དང་ཕན་འདོགས་པའི་རྩོམ་འབྲི་མཁན་མཐའ་དག་རྩོམ་པ་པོ་ཡིན་ཏེ། དཔེར་ན། བོད་ཀྱི་བསམ་བློ་པ་གྲགས་ཅན་ཞོགས་དུང་དང་། མཚོ་སྔོན་གྱི་སྨན་པ་གྲགས་ཅན་རྒྱ་ཡེ་ཉི་མ། མཁན་པོ་ཚུལ་བློ་ལ་སོགས་པར་རྩོམ་པ་པོའི་གདགས་མིང་སྦྱར་མྱོང་བས་སོ།། རྩོམ་པ་པོ(Writer)ནི་བརྩམས་ཆོས་ཀྱི་ངོས་ནས་འཇོག་དགོས་ལ། དེ་ཡང་རྩོམ་རིག་བརྩམས་ཆོས་ཅིས་ཀྱང་ཡིན་དགོས། ལྷག་དོན། སྙན་དག་དང་བརྩམས་སྒྲུང་། འཁྲབ་གཞུང(ཟློས་གར་ཡང་ཚུད)བཅས་ཀྱི་ངོས་ནས་འཇོག་གིན་འདུག གང་ལ་ཞེ་ན། འགྲོ་བ་མིའི་རིགས་ཀྱི་ལམ་ནི་ལེགས་ལམ་དང་ལོག་ལམ་གཉིས་ཀྱིས་གྲུབ་ཡོད་སྟབས། མང་ཤོས་ཤིག་ལེགས་ལམ་དུ་དཀྲི་བར་བྱ་བ་ནི། རྩོམ་པ་པོ་དག་གི་འོས་འགན་ཉག་གཅིག་ཏུ་གྲུབ་ཡོད་པས། འཛམ་གླིང་ནོར་པེལ་རྩོམ་རིག་གཟེངས་རྟགས་ཀྱི་ཁ་ཕྱོགས་ཀྱང་འདི་ལ་གཏད་ཡོད། རྩོམ་པ་པོ་དག་ནི་རླབས་ཆེ་བའི་ཡི་གེའི་སྒྱུ་འཕྲུལ་པ་ཞིག་ཏུ་སྤྲུལ་ཏེ་སྤྱི་ཚོགས་ཀྱི་ཁ་ཕྱོགས་དྲང་པོར་བསྒྱུར་གྱིན་ཡོད།
ཡིན་ནའང་། ཁོང་ཚོའི་སྣང་ངོར་ལ་སྤྱི་ཚོགས་ཟེར་པ་ནི་དྲང་ཕྱོགས་ནས་ཟད་མི་ཤེས་པའི་རིན་ཆེན་ནོར་མཛོད་ལྟ་བུ་དང་ལྡོག་ཕྱོགས་ནས་བློས་མི་བཟོད་པའི་གད་སྙིགས་ཀྱི་ཕུང་ཚོགས་ལྟ་བུ་ཞིག་ཏུ་གྲུབ་ཡོད། དེར་བརྟེན། ཁོང་ཅག་གི་སེམས་རྒྱུད་ནི་ནམ་ཞར་སྐྱོ་ཤེས་ཀྱིས་ཁེངས་ཤིང་སྐྱོ་ཤེས་དེ་ནི་ཁོང་ཚོའི་རྩོམ་རིག་གི་སྒྱུ་འཕྲུལ་སྟོན་པའི་བླ་སྲོག་ཏུ་གྲུབ་ཡོད་ལ། ཡང་གཅིག་བཤད་ན། སྐྱོ་ཤེས་ནི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཀྱང་རེད་འདུག རྩོམ་པ་པོ་དེའི་རྒྱུད་ན་སྐྱོ་ཤེས་དྲག་པོ་ཞིག་མེད་ཚེ་གང་དེས་བྲིས་པའི་བརྩམས་ཆོས་ནི་ཚོན་སྐེག་བྱུག་པའི་བུད་མེད་ཀྱི་གདོང་ལྟ་བུ་ཞིག་ཡིན། འོ་ན། སྐྱོ་ཤེས་དེ་གང་ལས་སྐྱེས་པ་ཡིན་ནམ་ཞེ་ན། དེ་ནི་འཚོ་བའི་ཁྲོད་ནས་སྐྱེས་ཤིང་འཚོ་བའི་ཁྲོད་ནས་དྲག་ཏུ་འཕྱུར། དེར་བརྟེན། ནུབ་ཕྱོགས་ཀྱི་རྩོམ་རིག་གཞུང་ལུགས་སྨྲ་པ་མང་པོ་ཞིག་གིས‘རྩོམ་རིག་ནི་དངོས་ཀྱི་མྱོང་འབྲས་ཡིན’(literature is the consequence of experience)ཟེར་བ་རེད།
གང་ལྟར། རྩོམ་པ་པོ་ནི་རྩོམ་རིག་བརྩམས་ཆོས་སམ་ཡང་ན་སྒྱུ་རྩལ་བརྩམས་ཆོས་དང་བདག་ཉིད་གཅིག་ཏུ་འདྲེས་ཙ་ན། རྩོམ་ལུས་དེ་འདྲ་བྲིས་མ་མྱོང་བའི་དཔེ་དེབ་རྩོམ་མཁན(Author)ཞིག་ལ་རྩོམ་རིག་བྱ་དགའ་ཞེས་པ་ཞིག་སྤྲད་བཞག་ཚེ། དོན་གྱིས་རྩོམ་རིག་གི་རིན་ཐང་ལ་དམའ་ཕབ་པ་ལས་གཞན་ཅི་ཡང་མ་ཡིན། ཁྱེད་ཀྱིས་རྩོམ་རིག་བརྩམས་ཆོས་གྲལ་དག་ཅིག་འབྲི་མ་ཤེས་རུང་དེ་ནི་སྐྱོན་ཅན་དུ་ག་ལ་བརྩིས་མོད། འོན་ཀྱང་། ཁྱེད་ཀྱིས་རྩོམ་རིག་ངག་ལ་འཁྱེར་ནས་རྩོམ་རིག་གི་རྩིས་ཐང་ལ་རྡོག་བརྫིས་གཏོང་བ་ནི་ཡེ་གེ་པའི་ནག་ཉེས་ཀྱི་རིགས་ཤིག་ཏུ་ཅིས་ཀྱང་བརྩི་དགོས། དེར་བརྟེན། ཀླུ་སྨྱོན་སོགས་ཀྱིས་ད་ཕྱིན་ནག་ཉེས་འདི་འདྲ་གསོག་པར་མཚམས་འཇོག་གནང་རོགས་ཞུ། གཞན་ཡང་དམངས་གཙོའི་སྲིད་ལུགས་ཀྱི་གྲོས་གཞི་ཐག་གཅོད་ཀྱི་གྲུབ་ཆ་གཙོ་བོར་གྱུར་པའི་མང་མོས་ཞེས་པ་འདི་ལའང་གོང་བཀུར་ཨེན་ཙམ་གནང་རོགས། ཁྱེད་ཅག་དཔྱད་འདེམས་པའི་མང་མོས་ཟེར་བ་ནི་ཏག་ཏག་གང་དྲན་དྲན་ཞིག་རེད། དམངས་གཙོའི་སྲིད་ལུགས་ཁྲོད་ཀྱི་མང་མོས་ཀྱི་འབབ་སྟེགས་དངོས་ནི། དྲང་དཔྱོད་དང་རུང་བསྟུན་གཉིས་རེད་འདུག
ད་རེབ་ཀླུ་སྨྱོན་སོགས་ཀྱིས་དེ་ལས་འགོངས་ཏེ་འཁྱོག་དཔྱོད་བགྱིས་འདུག ཇི་ལྟར་འཁྱོག་འདུག་ཟེར་ན། ཚད་ཤིང་གི་རྩ་དོན་ངོས་ལས་འཁྱོག་འདུག་སྟེ། ཁོང་ཚོའི་ཚད་ཤིང་དེ་ནི་སྤྱི་ཚོགས་ཀྱི་ཚད་ཤིང་ཞིག་ལས་རྩོམ་རིག་རང་ལྡོག་གི་ཚད་ཤིང་ཞིག་ཡེ་ནས་མིན་པ་རེད། ཇི་ལྟར་ཤེས་ཐུབ་ཅེ་ན། སྒོ་ཤེར་གྱི་ང་ཚོ་སད་རན་ཞེས་པར་རྩོམ་ལུས་དང་། བརྗོད་དོན་གྱི་ངོས་ནས་མ་དཔྱད་པར་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་མིན་གྱི་ངོས་ནས་བལྟས་འདུག་སྟེ། ཁོང་ཚོས“བོད་ནང(དུ)གི(ཡིག་ནོར་ཡིན་ས་རེད)བཞུགས་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས“ང་ཚོ་སན་རན”ཞེས་པའི་པའི་དཔེ་དེབ་སྤྱི་ཚོགས་དང་སློབ་གསོའི་ཁ་ཕྱོགས་གསལ་སྟོན་བྱེད་པར་བོད་ཕྱི་ནང་གི་གངས་ཅན་པའི་ཁྲོད་དུ་གཡོ་འགུལ་ཆེན་པོ་ཞིག་བསླངས་པ་དེར་ཐོབ་སོང་ལ”ཞེས་བསྒྲགས་འདུག འདི་ནི་རྩོམ་རིག་ལ་ལྟ་བའི་ཁོང་ཚོའི་མིག་དབང་རེད་ལ། ཁོང་ཚོའི་རྩོམ་རིག་བྱ་དགའ་ཟེར་བའི་ཚད་ཤིང་ཡང་རེད་འདུག དེར་བརྟེན། སྒོ་ཤེར་གྱིས་ཁོང་ཚོར་བརྡ་ལན་གསལ་པོ་ཞིག་སྤྲད་འདུག སྒོ་ཤེར་ན་རེ། “སྤྱིར་བཏང་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་པ་དེ་ཐོག་མར་ཇི་ལྟར་ཚུགས་པ་དང་། བར་དུ་ཇི་ལྟར་འདེམ་གྱི་ཡོད་པ། ཐ་མར་ཇི་ལྟར་གནང་གི་ཡོད་པ་སོགས་ཕྲན་གྱིས་རྩ་བ་ནས་ཤེས་ཀྱི་མེད་ལ། བྱ་དགའ་དེ་རྩོམ་ཡིག་གང་འདྲ་ཞིག་ལ། ཆ་རྐྱེན་ཅི་འདྲ་ཞིག་ཚང་མིན་གྱི་ཐོག་ནས་སྤྲོད་ཀྱི་ཡོད་མེད་སོགས་ཀྱང་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་མོད། དེ་ཉིད”རྩོམ་རིག་བྱ་དགའ”ཞིག་ཡིན་ཕྱིན། དེ་ལེན་པའི་འོས་ཐོབ་ཁོ་བོར་རྩ་བ་ནས་མེད་པའི་ཚུལ་གསལ་བཤད་མདོར་བསྡུས་ཤིག་མ་ཞུས་ཐུ་མེད་དུ་མཐོང་།’’ ཞེས་དང་། སྐོར་ཞིག་གིས་ད་རེབ་ཀྱི་བྱ་དགའ་དེ་མ་བླངས་པ་ནི། ཁོང་གིས་ཁེངས་སྐྱུངས་བྱས་ཚུལ་ཡང་ཟེར་གྱིན་འདུག་མོད། དོན་ལ་དེ་ནི་ཁོ་པ་ཚོའི་ཤོད་སྟངས་ཤིག་རེད། སྒོ་ཤེར་གྱི་བརྡ་ལན་ཁྲོད་ཀྱི་གཙོ་ཤོས་ནི་གོང་དུ་དྲངས་པ་དག་རེད། ཞིབ་ཏུ་སོམས་དང་གོ་རྒྱུ་ཆེན་པོ་ཞིག་བསྙད་འདུག
གལ་སྲིད། ཀླུ་སྨྱོན་སོགས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་མིན་གྱི་ཐད་ནས་བྱ་དགའ་ཞིག་སྤྲོད་འདོད་ན“རྩོམ་རིག”ཅེས་པའི་ཡིག་རྡོག་དེ་གཉིས་བླངས་ཏེ། རྒྱ་ནག་གིས་ནོར་པེལ་གཟེངས་རྟགས་ལ་ཁ་གཏད་བཅག་ནས“ཁུང་ཙི་གཟེངས་རྟགས”ཤིག་ད་ལྟའི་ཨུ་རུ་སུའི་སྲིད་འཛིན་གཏུམ་གཅོད་པ་ཕུའུ་ཐྲིན་ལ་སྤྲད་པ་ལྟར། “ཀླུ་སྨྱོན་བྱ་དགའ”ཟེར་བ་ཞིག་ཀྱང་གང་འདོད་ཀྱིས་སྤྲད་བཞག་ན་སུ་ལའང་བསམ་འཆར་ཡོད་རྒྱུ་མ་རེད་འདོད། གང་ལ་ཞེ་ན། རྒྱ་ནག་གི་ཁུང་ཙི་གཟེངས་རྟགས་ཟེར་བ་དེ་ལ་དྲང་པོ་བྱུང་མ་ཐལ་ཟེར་ནས་སྐད་རྒྱག་མཁན་སུ་གཅིག་མེད་པ་དེའོ།། གང་ལྟར་ཡང་། དེ་རེབ་ཀྱི་སྣང་ཚུལ་འདི་ནི་ཀླུ་སྨྱོན་ཟེར་བ་དེས་སྒོ་ཤེར་གྱི་ལག་ནས་འགྲམ་ལྕག་ཚ་ཐག་ཆོད་ཅིག་ཉོས་པ་ལས་གཞན་མིན། ཡིན་ནའང་། ཕྱི་སྡོད་པ་རེ་འགས་སྒོ་ཤེར་གྱིས་དབྱིན་ཇིའི་ཡིག་སྐད་དུ་གྱུར་པའི(literatures)ཞེས་པའི་དོན་གོ་མེད་ཚུལ་དང་ནོར་པེལ་རྩོམ་རིག་གཟེངས་རྟགས་བཞེས་མྱོང་བའི་སྐུ་ཞབས་མོམ་སན་(Christian Matthias Theodor Mommsen (1817 – 1903)དྲངས་ནས་སྒྲུབ་ཁུལ་བྱེད་ཀྱི་འདུག མ་གཞི་ནས་སྤོབས་པ་མཐའ་ཡས་ཟེར་པ་ཞིག་གིས་ཝེ་ཁེའི་རིག་མཛོད་དུ་འཁོད་པའི་དབྱིན་སྐད་དུ་གྱུར་པའི(literatures)ཞེས་པའི་ལྡོག་པ་རང་ངོས་ཀྱི་དོན་ཙམ་མ་གཏོགས་རིག་པའི་གཞུང་ལུགས་ཀྱི་ངོས་ནས་གླེང་མི་འདུག མ་ཟད། ཁོང་གིས་ཝེ་ཁེའི་རིག་མཛོད་དུ་འཁོད་པའི་རྩོམ་རིག་གི་མཚན་གཞི་གཙོ་བོ་དེ་དག་ཀྱང་སྦས་འདུག
ཏག་ཏག་ཝེ་ཁེའི་རིག་མཛོད་དུ་འདི་ལྟ་སྟེ། (Literature (from Latin litterae (plural); letter) is the art of written work. The word literature literally means: “things made from letters”. Literature is commonly classified as having two major forms—fiction and non-fiction—and two major techniques—poetry and prose)“རྩོམ་རིག་ནི(ལ་ཏིན་གྱི་སྐད་ལས་བྱུང་ཞིང་ཕྱིས་སུ) རྩོམ་ཆོས་ཀྱི་སྒྱུ་རྩལ་དུ་གྱུར། རྩོམ་རིག་གི་ཚིག་དོན་ནི“ཡིིག་འབེབ་ལ་བརྟེན་ནས་བཟོས་པའི་མཁོ་ཆོས”ཏེ། སྤྱི་ཡོངས་ཀྱིས་རྩོམ་རིག་ལ་རྣམ་པ་རྟོག་སྤྲོས་ཅན་དང་དངོས་བྱུང་ཅན་གཉིས་དང་གཞན་ད་དུང་ཐབས་རྩལ་སྙན་ངག་ཅན་དང་ལྷུག་རྩོམ་ཅན་གཉིས་སུ་དབྱེ་ནས་མང་ཤོས་ཀྱིས་སྡེ་ཚན་དེ་ལྟར་བགར་འདུག’’(ཞེས་འཁོད་པ་དག་ཐད་བསྒྱུར་བྱས་ཡོད།) གལ་སྲིད། གཞན་གྱི་ཚིག་ཅིག་འདྲེན་འདོད་ཚེ་མགོ་སྔ་ཚང་ནི་ཞིག་འདྲེན་རྒྱུ་ནི་སྙུག་ཐོག་པ་ཞིག་གི་གཟུར་མེད་ཀྱི་འགན་འཁྲི་ཉག་ཅིག་རེད། དེ་མིན་སྒྲ་རྒྱག་གི་སྐད་ཚིག་དེའི་རྐུབ་རྡོལ་འོང་ནི་རེད།
གཞན་ད་དུང་ཡེ་ལོ1902ལོར་ནོར་པེལ་རྩོམ་རིག་གཟེངས་རྟགས་བཞེས་པའི་སྐུ་ཞབས་མོམ་སན་ནི་ལོ་རྒྱུས་སྨྲ་པ་ཞིག་ཡིན་ཀྱང་ཁོང་ལ་ནོར་པེལ་རྩོམ་རིག་གཟེངས་རྟགས་སྤྲད་ཚུལ་གྱི་གྱ་ཚོམ་བཤད་འདུག་མོད། ཆེར་མི་སྐྱོན་ཏེ་དེའི་ཐད་ནས་ངས་ཁྱོད་ལ་བློ་འབྱེད་ཕྲན་ཙམ་བྱེད།
ནོར་པེལ་གཟེངས་རྟགས་དྲ་ངོས(http://www.nobelprize.org/nobel_prizes/literature/laureates/1902/index.html)སུ་སྐུ་ཞབས་མོམ་སན་ལགས་ལ་གཟེངས་རྟགས་འབུལ་དགོས་པའི་མཚམས་སྦྱོར་གྱི་ནང་དུ(the Nobel Prize in Literature 1902 was awarded to Theodor Mommsen “the greatest living master of the art of historical writing, with special reference to his monumental work, A history of Rome”) “1902ལོའི་ནོར་པེལ་རྩོམ་རིག་གཟེངས་རྟགས་འདི་ནི་རླབས་ཆེ་བའི་ལོ་རྒྱུས་རྩོམ་ཆོས་ཀྱི་སྒྱུ་རྩལ་གྱི་མཚོན་ཐབས་ཕུལ་བྱུང་སྤྱད་ཅིང་། དམིགས་བསལ་གྱིས་ཁོང་གི་སེམས་རྟེན་དུ་གྱུར་ཡོད་པའི་དཔེ་དེབ་སྟེ<<རོམ་གྱི་ལོ་རྒྱུས>>རྩོམ་མཁན་ཐེས་འོ་ཏྲོར་མོམ་སན་ལགས་སུ་སྩལ་ཡོད།”ཅེས་འཁོད་འདུག སོམས་དང་འདི་པ་ཚང་གིས་ཀླུ་སྨྱོན་ཚང་གིས་བསྒྲགས་པ་ལྟར་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས“ང་ཚོ་སན་རན”ཞེས་པའི་པའི་དཔེ་དེབ་སྤྱི་ཚོགས་དང་སློབ་གསོའི་ཁ་ཕྱོགས་གསལ་སྟོན་བྱེད་པར་བོད་ཕྱི་ནང་གི་གངས་ཅན་པའི་ཁྲོད་དུ་གཡོ་འགུལ་ཆེན་པོ་ཞིག་བསླངས་པ་དེར་ཐོབ་སོང་ལ་ཞེས་གང་དྲན་གྱིས་ཀི་རིང་ཞིག་བཏབ་མི་འདུག་སྟེ། ལྡོག་སྟེ“རླབས་ཆེ་བའི་ལོ་རྒྱུས་རྩོམ་ཆོས་ཀྱི་སྒྱུ་རྩལ་གྱི་མཚོན་ཐབས་ཕུལ་བྱུང་སྤྱད་ཅིང་་་་་།ཞེས་གང་དེའི་སྒྱུ་རྩལ་གྱི་སྟེང་ལ་བབས་ཡོད་པ་མ་ཡིན་ནམ། ནོར་པེལ་རྩོམ་རིག་དཔྱད་འདེམ་ལྷན་ཚོགས་ནི་ཀླུ་སྨྱོན་རྩོམ་རིག་དཔྱད་འདེམས་ཚོགས་ཆུང་ལྟར་ཕྱི་བླ་སྐོར་ཞིག་དང་ཟ་ལེ་རྒྱ་སྐོར་ཞིག་གིས་རང་སྣང་གང་དྲན་གྱིས་མང་མོས་ཐག་གཅོད་བྱེད་ཀྱིན་མེད་པ་ཁོ་ཚང་གིས་བདམས་པའི་བརྩམས་ཆོས་དག་ལ་བལྟས་ན་ཏག་སེ་བློ་ངོར་འཕྲོད་ཡོང་བས། དེ་གཉིས་མཚུངས་རྟགས་འགོད་མི་རུང་པ་ནི་མ་མཐའི་རྒྱུན་ཤེས་ཤིག་རེད།
སྐུ་ཞབས་ལགས། རྣམ་པ་རྟོག་སྤྲོས་ཅན་གྱི་བརྩམས་སྒྲུང་ལ་དངོས་ཡོད་སྤྲོས་སྒྲུང(Realist fiction)དང་ལོ་རྒྱུས་སྤྲོས་སྒྲུང་།(History fiction) རྩི་ཤིང་སྲོག་ཆགས་རིག་པའི་སྤྲོས་སྒྲུང་།(naturalistic fiction) དཔྱད་བརྗོད་སྤྲོས་སྒྲུང་།(commentary fiction) ཚན་རིག་སྤྲོས་སྒྲུང(Science fiction)བཅས་ཡོད་མང་པོ་ཞིག་ཡོད་པས་སྐུ་ཞབས་མོམ་སན་ལགས་ཀྱི<<རོམ་གྱི་ལོ་རྒྱུས>>ཀྱི་རྩོམ་ཐབས་ནི་ལོ་རྒྱུས་སྤྲོས་སྒྲུང་གི་རྩོམ་ཐབས་སུ་གཏོགས་པ་སྨྲ་ཅི་ལ་དགོས། འོ་ན། སྒོ་ཤེར་གྱི་ང་ཚོ་སད་རན་ཞེས་པའི་དཔེ་དེབ་དེ་ལ་རྩོམ་རིག་གི་ཆ་གང་ཞིག་འདུས་ཡོད་དམ། གནའ་བོའི་ཀེ་རི་སིའི་སྒྲུབ་རབས་པ་ཆེན་པོ་ཨོ་མར་ཡང་(Homer)དཔའ་བོའི་མཛད་རྗེས་སྙན་ངག་ཏུ་བྲིས་པའི་ལོ་རྒྱུས(Epic poetry)རྩོམ་མཁན་ཞིག་ཡིན་པས་ལོ་རྒྱུས་ཡིན་ན་རྩོམ་རིག་ཏུ་མི་གཏོགས་ཚུལ་སྨྲ་བ་ནི་མ་གཞི་ནས་ལུས་པོ་ནུབ་ཕྱོགས་སུ་ཡོད་ཀྱང་བློ་མིག་ནུབ་ཕྱོགས་སུ་ལྡོང་བ་རང་ལས་གཞན་ཅི་མིན། དེ་མིན་རང་རེའི་བོད་ཀྱི་གེ་སར་གྱི་སྒྲུང་ཡང་དཔའ་བོའི་མཛད་རྗེས་སྙན་ངག་ཏུ་བྲིས་པའི་ལོ་རྒྱུས་ཤིག་ཡིན་པ་རེད། དེ་དང་དེའི་ཕྱིར་ན་མང་པོ་ཞིག་བཤད་མི་དགོས་ཏེ། གལ་སྲིད། དབྱིན་སྐད་དུ་གྱུར་པའི་རྩོམ་རིག་གི་ཕྱི་ཤུན་དང་ནང་ཤུན་དང་བཅས་བཤུས་བསམ་ན་དེའི་སྐོར་གྱི་དཔེ་ཀློག་དང་རྒྱུས་ལོན་ཞིབ་ཚགས་བྱེད་དགོས་ནི་རེད། དེ་མིན། སྒོ་ཤེར་གྱི་དབྱིན་སྐད་དུ་གྱུར་པའི་རྩོམ་རིག་གི་དོན་གོ་ཡི་མེད་ཚུལ་ཙམ་བཤད་ན་དོན་གྱིས་རང་གིས་རང་མཚང་བསྟན་བཞག་པ་ལས་གཞན་གང་ཞིག་ལ་ཕོག་ཡོད་དམ།
__དེ་རིང་ཉིན་གུང་གི་ངལ་གསོའི་སྐབས་ཐོལ་གྱིས་བྲིས་པས་གཏག་ནོར་ཤོར་པ་དང་ཆ་མ་ཚང་བའི་རིགས་སྣང་དུ་ཡོད་ཚེ་དགོངས་དྭངས་ཞུ།
དེང་སྐབས་མང་པོ་བཤད་རུང་མ་བཤད་ཀྱང་ཨ་ཀོང་ལ་དྲིན་ལན་ལོག་མཇལ་དང་། ཀླུ་སྨྱོན་གྱི་ལྷག་བསམ་གནང་སྦྱིན་གཉིས་ཀར་གཟུགས་དང་གཟུགས་མེད་ལས་གནོད་པ་ལ་ཆེ་ཆུང་ཡེ་མི་འདུག་བསམ་སོང་།
སྤྱིར་བཏང་ངས་སྒོ་ཤེར་ཟེར་པ་རྙོག་གཞི་ཞིག་མཉམ་དུ་གོ་མྱོང་བ་ལས་སྔོན་ཆད་གོ་ཡང་མ་མྱོང་། ཀླུ་སྨྱོན་ཡང་དྲ་ལམ་ནས་ངོ་ཤེས་བ་ཙམ་ཡིན། དེ་རིང་འདི་ན་འདི་འདྲ་ཞིག་བྲིས་འདུག ཕྱོགས་གཅིག་ནས་ཀླུ་སྨྱོན་སོགས་ཀྱིས་ཡིག་ནོར་༼སན་རན༽དང་བོད་ནང་༼གི༽ སོགས་བྲིས་འདུག་ཞེས་སྐད་རྒྱག་བཞིན་འདུག ཕྱོགས་གཞན་ཞིག་ནས་ཁོ་རང་གིས་༼ཏག་སེ་༽ དང་༼སྙན་དག༽ སོགས་ཡིག་ནོར་དང་གཏགས་ནོར། ཡུལ་སྐད་སོགས་མང་པོ་ཞིག་དང་ལྷན་དུ་མགོ་རྙོག་ལུང་བ་གང་བྲིས་འདུག འཚམས་རེར་ལོ་རྒྱུས་རྩོམ་རིག་གི་ཁུངས་སུ་མི་འདུ་རབས་དང་ལན་རེར་༼རོམ་གྱི་ལོ་རྒྱུས་༽འབྲི་བ་པོར་ནོར་ལྦེ་རྩོམ་རིག་བྱ་དགའ་ཐོབ་ཡོད་རབས་སོགས་འགོ་རྔ་མི་མཚུངས་བའི་ཡིག་ཉོག་མང་པོ་ཞིག་སྤུངས་འདུག ད་དུང་དབྱིན་ཚིག་༼literature༽གི་གོ་དོན་ལ་ཡང་རྩོམ་རིག་ཡིན་མིན་སོགས་འགལ་འགྲེལ་མང་བོ་ཉན་ས་རྙེད་དཀའ་བ་གོང་མཚུངས་ལྟར་བྲིས་འདུག གཞན་ཞིག་ནི་བོད་ཕྱི་ནང་གཉིས་ཀའི་རྩོམ་པ་ཚོས་བར་ལའང་མི་མཁོ་པའི་ཕྱོགས་རེས་འཐེན་འཁྱེར་རྫོབ་ཉོག་ཞིག་ཀྱང་ཞོར་དུ་དྲུད་ཡོང་འདུག
གང་ལྟར་སྒོ་ཤེར་ཟེར་བ་དེ་སྣང་མཐོ། ཅོལ་ཆུང་ཁ་མཆུ་རྩོད་རྒྱུར་དགའ་མཁན་ཞིག་ཡིན་པ་འདྲ།
འདི་ན་ལྟད་མོ་བལྟ་རྒྱུ་འདུག ངས་རྫ་ཚེ་རིང་བཀྲ་ཤིས་ལ་སོགས་པ་རྣམས་གཟིགས་མོའི་ཆེད་འདི་རུ་མགྲོན་འབོད་བྱེད་འདོད་འདུག ཧཧཧཧཧཧཧཧཧ
སྒོ་ཤེར་ལགས་ཀྱིས་ཀླུ་སྨྱོན་བྱ་དགའ་མ་བླངས་པར་ཡང་རྒྱུ་མཚན་འདུག ཀླུ་སྨྱོན་བྱ་དགའི་ཚོགས་ཆུང་ཟེར་ཀྱང་དོན་ལ་ཚོགས་མི་སུ་ཡིན་གསལ་བོ་ཞིག་མི་འདུག་པ་དེ་ནི་སྐྱོན་ཆ་ཞིག་རེད་སྙམ། དེ་མིན་ཚོགས་ཆུང་གི་དཔྱད་འདེམ་པ་ཚོ་སུ་དང་སུ་ཡིན་ཁ་གསལ་ཞིག་ཡོད་ན་སྒོ་ཤེར་ནས་ཀྱང་བརྩིས་མཐོང་ཆེར་འཇོག་སྲིད། དཔྱད་འདེམ་པ་ཚོ་རིག་པའི་གནས་ལ་ནང་བྱན་ཚུད་ཅིང་ཉམས་མྱོང་དང་ལྡན་པ་ཞིག་ངེས་པར་དུ་ཡིན་དགོས། ཀླུ་སྨྱོན་ཚོགས་ཆུང་ཟེར་ཀྱང་དོན་ལ་དཔྱད་འདེམ་པ་ཀླུ་སྨྱོན་གཅིག་པུ་ལས་མེད་ན་སུ་ཞིག་གིས་ཤེས་ཐུབ། དེའི་ཕྱིར་ཚོགས་ཆུང་གི་དཔྱད་འདེམ་པ་ཚོའི་མིང་གསལ་བོ་བྱེད་རྒྱུ་ཅིས་ཀྱང་གལ་ཆེ་བར་མངོན། དེ་ནི་ངའི་བསམ་ཚུལ་ཙམ་ཡིན།།
ཕྱི་ལོག་གི་འཇིག་རྟེན་མཐོང་མྱོང་མེད་པའི་མི་འདི་ཚོ་ག་དུས་ཡིན་ཡང་གླན་རྟགས་ཤིག་འདུག དེ་ནི་རྩོད་དོན་མེད་ཅིང་ཕྱི་རོལ་གྱི་གནས་སྟངས་ལ་སྦྱོང་བ་ཙུང་་བྱོས་དང་། རྟོགས་ངེས་རེད། ཀླུ་སྨྱོན་གྱིས་ཞེན་ཁོག་སྐམ་པོ་ཞིག་དང་། ལྟ་མཐུན་་རྣལ་མ་ཞིག་འགོག་ཏུ་མ་ནུས་བས་སྒོ་ཤེར་ལ་སྤྲད་པ་ལས། དོན་དངོས་སྒོ་དེབ་ལྷག་པའི་དེབ་མང་པོ་བོད་ཕྱི་ནང་གཉིས་ཀར་འདུག ཀླུ་སྨྱོན་གྱིས་སྒོ་ཤེར་གྱི་རང་གཤིས་མ་ཤེས་བ་ནི་བློ་ཕམ་རེད།
མདོར་ན་སྒོ་ཤེར་གྱིས་ཀླུ་སྨྱོན་ཟེར་བ་ནི་རྩོམ་ཡིག་གི་གོ་དོན་ཡག་པོ་མི་ཤེས་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག་པས། ཁོས་སེམས་ནས་ཀླུ་སྨྱོན་ལ་རིན་ཐང་ག་ཚོད་ཡོད་མེད་ཤེས་གསལ་རེད། ཕར་ལ་སེམས་བསྟན་ན། ཚུར་ལ་གློ་བསྟན་པའི་དཔེ་ལས་མ་འདས་སོ།
དབྱིན་ཡིག་གི་གོ་དོན་ལེགས་པོ་མ་རྟོགས་ཤིང་རྟོགས་ཁུལ་གྱིས་སྒྱུར་བ་ནི་རང་ཚང་སྟོན་པའི་རྒྱུ་ལས་མ་འདས།
ཀླུ་སྨྱོན་གྱིས་དཔྱད་འདེམ་ཚོགས་ཆུང་སུ་དང་སུ་ཞིག་གིས་གྲུབ་ཡོད་པའི་ངོ་སྤྲོད་ཙམ་ཡང་མི་གནང་བའི་དབང་དང་ཤུགས་ཚད་ཡོང་ན་སྒོ་ཤེར་ལགས་ཀྱིས་བྱ་དགའ་མ་བླངས་བ་ནི་ཁོང་རང་ཉིད་ཀྱི་ཁེ་དབང་ཙམ་ཡིན་པས་དེ་ལ་ཉ་ཉོག་རྫོགས་རྒྱུ་མེད་པ་ཞིག་ཤོད་པའི་དགོས་བ་མཐོང་མ་སོང་། མཆན་འབྲི་མཁན་ཚོས་གོང་གི་རྩོམ་འདི་ཡག་པོ་ཞིག་བཀླགས་པའི་རྗེས་ད་གཟོད་མཆན་ཐོབས། ཁ་ཤས་ཤིག་མགོ་ཉོག་ཡོད་ས་རེད།
ད་ལྟད་མོ་ཡོད་ཁི། ཅི་སྟེ་སྒོ་ཤེར་ལགས་ཀྱི་གནས་ལུགས་རྒྱུ་མཚན་ལྡན་པའི་གནང་སྟངས་དེ་འདྲ་མ་བྱས་ཏེ། ཨ་མ་ཡིན་ཤར་ཤར་དང་ནུ་མ་ནུ་ཤར་ཤར་གྱིས་ཀླུ་སྨྱོན་རག་ཕོར་གཟེངས་རྟགས་སློམ་པ་དེ་བླང་བ་ཡིན་ན། ཀླུ་སྨྱོན་ཁོ་པར་ཆེས་རྩོམ་པོའི་རྒྱལ་པོ་ལྟ་བུ་སྣང་བའི་ཞོར་དུ་ཁོ་པའི་སྨྱོ་རྩོམ་ཚང་མ་མཁས་རྩོམ་ལྟ་བུར་ཆགས་འགྲོ་བས་ད་ལན་སྒོ་ཤེས་རབ་ལགས་ཀྱིས་གནང་འགག་དང་རྒྱུ་མཚན་མང་པོ་ཞིག་ཏུ་གཟིགས་པ་གནང་བ་མ་ཟད། སླད་འདི་ལྟའི་བྱེད་སྟངས་བརྒྱུད་རང་ཉིད་ལ་རྣམ་པ་མི་མངོན་པའི་འབུར་འདོན་བྱེད་ཡག་གི་ཐབས་ལམ་ལས་གཞན་ཅི་ཡང་མིན། དཔེར་ན་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་མིང་གྲགས་མེད་པ་དང་རིན་ཐང་རྩ་ནས་མེད་པའི་གཟེངས་རྟགས་སུ་སྒྲོ་བཏགས་ཏེ་རྒྱུ་ལམ་ཀུན་ལ་ཁྱབ་སྒྲགས་བྱེད་པ་འདིས། བོད་ཀྱི་མིང་གྲགས་ཆེ་བའི་རྩོམ་པ་ཇི་སྙེད་ཅིག་ལ་སྣང་མེད་ཀྱིས་ཆེད་གསོད་ལྟ་བུར་ཡོང་རྒྱུ་སོགས་མངོན་རྟགས་ཆེས་གསལ་བས་སྒོ་ཤེས་རབ་ཀྱིས་ད་རས་གཟེངས་རྟགས་རྫུན་མ་མི་བཞེས་པའི་རྒྱུ་མཚན་དེ་ཚོར་ཐུག་པར་སེམས།
ཨ་ཁུ་སྨྱོན་པས་ཚོད་མ་ཟིན་ནས་སོ་སོའི་མགོ་ལ་བཞུས་སོང་བ། སྒོ་ཤེར་ཟེར་བའི་མི་དེར་རྒྱུས་དེ་ཙམ་མེད་ཀྱང་གོ་ཐོས་ལ། ཁོང་ནི་རྣམ་དཔྱོད་ཀྱི་རྒྱ་ཡངས་ཤིང་ཤེས་ཡོན་གྱིས་རབ་ཏུ་ཕྱུག་པའི་ཨ་མའི་བུ་ཞིག་ཡིན་པ་མ་ཚད་ད་དུང་དྲང་པོ་དང་ཁ་ཐུག ཐུགས་སྟོབས་ལྡན་པའི་ཕོ་རྒོད་ཅིག་ཡིན་པ་ཐོས་མྱོང་། ཨ་ཁུ་སྨྱོན་པས་དེ་མ་དཔོག་པ་མ་ཟད། ཁོང་གི་རྩོམ་རིག་དཔྱད་འདེམ་པ་སྐྱ་མིན་སེར་མིན། ཕྱི་རྫིག་ནང་སྟོང་། བོད་རིགས་དང་ཆོས་ལུགས་ནང་ཁུལ་དུ་འཕུང་དཀྲུག་བཟོ་མཁན་གྱི་གཏེ་བོ་ཁ་བརྡའི་ནང་གི་ཨ་ཕྱི་ཆོས་སྒྲོན་ཟེར་བའི་དཔལ་དགྱེས་སྡོམ་ཤོར་དང་གཅིག སྤྲུལ་སྐུ་དབང་ཆེན་ཟེར་བའི་ཡེ་ཤེས་རྒྱ་མཚོའི་ཐུགས་སྤྲུལ་དང་གཉིས། ཨོ་རྒྱན་ཉི་མ་ཟེར་བའི་ཕུང་གསུམ་གྱི་འགོ་གཙོ་དང་གསུམ་གྱིས་ཀྱང་སྒོ་ཤེར་གྱིས་འདི་ལྟར་གནང་ཡོང་བསམ་པ་མ་ཤེས་ནས་བྱབ་ཆུང་ལས་ཀའི་བྱུང་འབྲས་འདི་ཡོང་བ་རེད་སྙམ།
དགུ་སྤུན་ཡང་ཐལ་ཆ་ཅན་ཞིག་མཐོང་སོང་། འགྲམ་པ་དང་འགྲམ་ལྕག་ལྟ་བུའི་ཚིག་བཀོལ་དུས་ནས། ཆགས་སྡང་འོག་ལ་ཤོར་བསྡད་པ་ལྟ་བུ་འདུག
ཀླུ་སྨྱོན་ཟེར་བ་དང་ཨ་ཕྱིའི་མིང་རྒྱབ་ཏུ་འཁུར་བ་དཔལ་ཆེན་དགྱེས་རྡོར་གཉིས་ཀ་གཅིག་པ་རེད་འདུག། ཀླུ་སྨྱོན་གྱིས་དོན་རྩོམ་རིག་བྱ་དགའ་དེ་བོད་སྤྱི་པའི་ཁེ་ཕན་གྱི་མིང་ཐོག་ནས་ཁོ་རང་མི་སྒེར་གྱི་ཁེ་ཕན་ཆད་དུ་བྱ་བ་འཇུག་ཡག་ཕྱིར་ཡིན་པ་སྒོ་ཤེས་རབ་ཀྱིས་ཧ་་གོ་ནས་དེ་ལྟར་གནང་བ་ལས་གཞན་དམིགས་གསལ་གྱིས་བྱ་དགའ་དེ་མི་ལེན་པ་ཅི་སྲིད།
ཀླུ་སྨྱོན་གྱི་ལྷག་བསམ་རྣམ་དག་གིས་གངས་ཅན་བསྟན་སྲིད་སྤྱི་ཕན་གྱི་མཛད་པ་ལ་ཡིད་སྨོན་ཤོར་ནས་ངས་བྲིས་པ་ལས་མཁས་དབང་སྙན་ངག་གི་རྒྱལ་པོ་དམ་པ་ཁོང་དང་གཅིག་མིན་པར་ཤེས་དགོས། གཞན་ཡང་དངོས་མིང་ཚོ་དོན་མེད་འདིར་བེད་སྤྱོད་པ་ནི་སྒེར་འཁོན་གྱིས་དང་སྒོ་ཤེར་དྲི་ངན་གྱིས་འབགས་པ་ལས་གཞན་ཅི་ཡང་མ་མཐོང་ངོ་། མདོར་ན་བཟང་ལན་ངན་གྱིས་མཇལ་ཟེར་བ་དེ་ད་ཐེངས་སྒོ་ཤེར་དང་ཐུབ་གསལ་གྱི་ལས་ཀ་འདིས་ཁོ་རང་མ་གཏོགས་གཞན་སེམས་མི་སྲུང་བ་འདིས་གསལ་བོར་མཚོན་ནུས་པ་རེད། ང་ཚོ་བོད་མིའི་སྤྱི་ཚོགས་ཀྱི་སྐྱོན་མིན་པར་ཤེས་དགོས་རེད།
དགྱེས་རྡོར་རང་ཆོས་བྱེད་ཅིག་ཡིན་པ་ཆ་ནས་སོ་སོའི་དངོས་མིང་སྦས་ནས་སྤྱི་ཚོགས་ནང་དུ་དཀྲུགས་ཤིང་དང་དབྱིན་སྦྱོར་ཅིག་མ་བྱས་ན་བསམ་གྱིན། རང་གིས་དགོན་པའི་ནང་མི་བདེ་བ་བཟོས། མི་ཡི་སྤྱི་ཚོགས་ནང་ཕུང་དཀྲུགས་བྱས་ན་ཕན་ཐོག་ག་རེ་འདུག་ད་ཞི་དྲག་མ་ལ་་དགའ་ཡོང་། རང་དང་པོ་སྤྲུལ་མིང་ཞིག་འཁུར་བས་དེ་འདྲ་ཞིག་གནང་ན་ཕན་ཅི་ཡོད།
ད་རེབ་ཀྱི་སྣང་ཚུལ་འདིས་ཀླུ་སྨྱོན་དང་སྒོ་ཤེར་གཉིས་ཀྱི་རྩོམ་རིག་གི་རིན་ཐང་ལྟ་ཚུལ་གཅིག་མིན་ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་ཀྱི་རྩོམ་རིག་གི་ངོས་འཛིན་གསལ་མིན་དང་རྩོམ་རིག་གི་རིན་ཐང་ལ་གོང་བཀུར་ཅི་ཙམ་ཡོད་མེད་ཀྱི་བསྡུར་ཚད་ཅིག་མཚོན་གྱིན་འདུག
སྤྱིར་བྱ་དགའ་ལ་མི་དགའ་མཁན་གྱི་མི་བུ་ཞིག་ཡོད་མི་སྲིད་ལ་དེའི་དོན་དུ་འབད་བརྩོན་བྱེད་མཁན་ཡང་ཉུང་ཉུང་ག་ལ་ཡིན། ཡིན་ཡང་དེ་རིང་སྒོ་ཤེར་གྱིས་ཀླུ་སྨྱོན་བྱ་དགའ་ལ་ལྟ་ཚུལ་འདི་ནི་ཕྱོགས་ཀའི་རང་གཤིས་མངོན་པ་བྱས་འདུག དང་པོ་སྒོ་ཤེར་རང་ཉིད་བྱ་བྱེད་ཐལ་ཆེ་བ་དང་། གཉིས་པར་ཀླུ་སྙོན་རྩོམ་རིགས་བྱ་དགའ་ཞེས་པ་འདིར་ལོ་རྒྱུས་དང་ངོ་བོའི་ཆ་ནས་རིན་ཐང་གང་ཡང་མེད་པ་གསལ་སྟོན་བྱས་ཡོད་པ་རེད།
ངོ་མ་བཤད་ན་དགེ་རབ་གསལ་དང། དོན་གྲུབ་བཀྲ་ཤིས་དང་། སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་དང་། སྤྲུལ་སྐུ་ཨོ་རྒྱན་ཉི་མ་དང། ལ་དྭགས་འཇམ་དཔལ། རྫ་ཚེ་རིང་བཀྲ་ཤིས་ལས་མི་གསོན་པོ་ཞིག་ཁ་བརྡའི་དྲ་ཐོག་འདིར་དཀོན་པོ་རེད། དེ་ཚོ་གཅིག་རེད་ཟེར་ན་གླང་རྒན་གྱི་ངུར་ཤང་ལས་མ་འདས་སོ། ། ངས་ད་རིས་གོང་དུ་ཞུས་པ་བཞིན་བྱ་དགའ་དེ་ཉིད་དངོས་སྟོབས་རིགས་པས་གཏན་ལ་ཕབས་པའི་རྩོམ་ཆོས་མཁན་ཆེན་རྫ་ཚེ་རིང་བཀྲ་ཤིས་ཀྱི་བྱིས་པའི་ལྷ་སྒྲུང་ལ་ཕུལ་ཡོད་ན་རིས་མེད་མཁས་དབང་དེས་ཐུགས་དགྱེས་ཚུལ་གྱིས་དུང་དུ་བླངས་ནས་ཁྲག་འཐུང་གླིང་པར་གྱོད་དང་ཁ་མཆུ་བཟོས་མེད་པར་མ་ཚད་ཁོས་ལེགས་སྐྱེས་ཚིག་བཅད་རེ་ཁོང་ལ་འབུལ་ཡོད་ངེས་རེད་སྙམ། དེ་ཡང་མི་དང་མིའི་བར་གྱི་མཐུན་ལམ་ཆིག་སྒྲིལ་ཅིག་རེད་དོ།། བོད་དང་གཞན་དག་མི་རིགས། འགྲོ་བ་མི་དང་སྐྱེ་འགྲོ་ཡོངས་ལ་ཆིག་སྒྲིལ་དང་མཐུན་ལམ་ཁོ་ན་ཞལ་ནས་གསུང་ཕྱག་ལེན་ལ་འབད་མཁན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་། བཅུ་ཕྲག་རིག་གནས་མཁས་པའི་དབང་ཕྱུག་དམ་པ་ཡུལ་ཟླ་རྒྱུད་ཀྱི་མཁན་ཆེན་རྫ་ཚེ་རིང་བཀྲ་ཤིས་འདྲ་བར་དཀོན་པོ་རེད་འདུག་དྲན་སོང་། གཞན་དག་མིང་ཆེ་ཁོག་ནག་ཚོ་ལ་ཟུར་བརྡ་ཞིག་བསྟན་ཡོད་དོ། །
མདོར་བསྡུས་ན་སྒོ་ཤེར་གྱིས་ཀླུ་སྨྱོན་རྩོམ་རིག་བྱ་དགའའི་ཚོགས་ཆུང་ལ། “ཁྱོད་ཚོས་རྩོམ་རིག་ངོས་ཟིན་མི་འདུག”ཟེར་བ་རེད། ཧ་ཧ་ཧ
ཕུར་པ་སྐྱབས་ལགས། དེ་ནི་འཇམ་མགོན་ས་པན་གྱིས་ཁྭ་ཏས་མི་གཙང་ཟོས་པའི་དཔེ་དེ་སྒོ་ཤེར་ལ་མཛའ་འོ།།
དགུ་རོང་སྤུན་གྲོལ་ལགས་དངོས་གནས་ཡག་པོ་བཤད་འདུག ཐུགས་རྗེ་ཆེ། ཁྱོད་ཀྱིས་སྤོབས་པ་མཐའ་ཡས་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་གནང་འདུག ཏག་ཏག་རེད། ཡང་བསྐྱར་ཐུགས་རྗེ་ཆེ།
མ་གཞི་ངས་སྔར་ནས་ཞུས་ཡོད། སྒོ་ཤེར་ཟེར་བ་དེས་ད་ལན་དངོས་གནས་སད་བཅུག་སོང་། ངོ་སོ་བསྟོད་སྤྱི་ཚོགས་ནས་འབུར་ཡོང་མཁན་ཞིག་རེད། ཨ་མའི་བུ། མ་ཟད་ད་ལན་ཁྱོད་ཀྱིས་རྙིང་སྤྲུལ་འཇིགས་བློའི་ཆགས་སྲེད་ཀྱི་ཉོག་གཏམ་དེ་དང་། ཡང་རྙིང་སྤྲུལ་ཚུལ་བློའི་དེབ་དེ་གཉིས་ལ་ཡང་བརྡ་ལན་ཚ་ཐག་ཆོད་ཅིག་སྤྲད་སོང་།
རྙིང་སྤྲུལ་རྫ་ཚེ་ལགས་ད་ལན་སྟབས་མ་བྱུང་ནས་ཞོར་དུ་ལྷག་སོང་བས། རྒྱུ་མཚན་འདི་བྱུང་བ་རེད། རྙིང་སྤྲུལ་ཀླུ་སྨྱོན་རིན་པོ་ཆེ་ལགས། འོ་བརྒྱལ་བཟོས་སོང་། ད་ལྷོད་ལྷོད་བཞུགས་ཨ་་་་་་་་་་་་་
ད་ཐེངས་ཀླུ་སྨྱོན་གྱིས་༼ང་ཚོ་སད་རན་འདུག༽ཟེར་བའི་རྩོམ་ཡིག་ལ་བྱ་དགའ་སྤྲད་ནས་སྒོ་ཤེར་དང་དགུ་རོང་སྤུན་གྲོལ་གྱིས་ཀླུ་སྨྱོན་སད་དུ་འཇུག་པའི་ཅོང་བརྡ་དཀྲོགས་སོང་མོད།ཀླུ་སྨྱོན་སད་ཐུབ་པར་དཀའ།
ཀླུ་སྨྱོན་ཆགས་རྩོམ་གྱི་ནང་ནས་ཕྱིར་འབུད་མ་ཐུབ་ན་སད་ཐུབ་ཀི་མ་རེད།
གཡག་ལ་དེ་འདྲ་དགའ་ཚོར་བྱུང་ཡོད་ན་གཡག་རང་རེད། ཤེས་ཡོན་ཅན་གྱིས་བྱ་བ་གང་ཞིག་སྒྲུབ་པ་ལ་གཞན་གྱིའ་སྣ་རྡོ་ངན་པ་བཞག་ནས་ལམ་སློང་མ་སོང་བར་ཡི་རང་བྱས་ན་མི་དེའི་སེམས་པ་དཀར་ནག་གང་ཡིན་ཤེས་ཀྱིན་རེད་དོ། མདོར་ན་གཡག་ངེད་གཉིས་ཀྱི་འདོད་ཐོག་མ་སོང་ཡང་སེམས་དཔའ་ཆེན་པོ་དག་ལ་སྒྲོ་བཀུར་འདེབས་པ་དང་ཀླུ་སྨྱོན་ཕྱོགས་ལ་སྨད་པ་ནི་གཡག་སོགས་ལ་ཤེས་རབ་ཀྱི་མིག་ལོང་ཞིང་མ་རིག་པའི་མུན་པ་བརྟས་ཡོད་པའི་བརྡ་རྟགས་ཤིག་ཏག་ཏག་བསྟན་སོང་། གཡག་རྙིང་མ་ལ་སྡང་བ་དང་ཁོས་ཟེར་བ་ལྟར་ན་(ཡིན་ན་ཡང་ཁོས་ནུབ་བྱང་དུ་བཤད་པའི་གྲུབ་མཐའི་ཕྱོགས་ཞེན་གྱི་སྐད་ཆ་དེས་ང་ཁོ་ལ་སྐྱུགས་ལོགས་སོང་། ཡིད་ཆད་ཡོད་་སྒོ་ཤེར་ལ་ཆོས་ལུགས་ཕྱོགས་ཞེན་ཆགས་སྐྱུག་ནད་དྲོ་བ་ཡིན་པར་བཤད་པ་ཡང་སྒོ་ཤེར་ལ་མཚོན་ན་གངས་ཅན་བོད་ཀྱི་རྩོམ་རིག་པའི་ལོ་རྒྱུས་ཀྱི་སྟེང་གི་ཞབས་འདྲེན་ཞུས་ཟིན་པ་རེད། ཀླུ་སྨྱོན་ཧེ་རུ་ཀ་ལ་གང་ཡང་མི་གནོད་ཀྱང་ད་ལོར་ཚོགས་ཆུང་དེས་ཀྱང་དཀའ་ལས་དང་རེ་བ་ཆུད་ཟོས་སུ་བཏངས་པ་རེད། ཚོགས་ཆུང་གི་ཚོགས་མི་ཚོས་མིང་དངོས་མ་བརྗོད་རུང་གསལ་བཤད་ཅིག་ངེས་གནང་རོགས་ཞུ་བ་དེ་ཡིན།
ཨ་ཕྱི་ཆོས་སྒྲོན་དཔལ་དགྱེས་ལགས། དང་པོ་བན་བོན་དབྱེན་དཀྲུགས་བྱས།། བར་དུ་ནང་བསྟན་དཀྲུངས་ཤིང་བླངས།། ད་ལྟ་རྩོམ་པོར་དབྱིན་དཀྲུགས་བྱེད།། ཁྱོད་ནི་མ་དག་ལུས་ཤིག་སྣང་།། ས་མ་ཡ།
ཀླུ་སྨྱོན་སྒོ་ཤེར་གཉིས་ཀ
ཨ་ན་མ་ན་གཉིས་རེད།
རྒྱ་ཁར་ཡང་ལྕི་མེད་ཀི
ཡིན་ཡང་མཆན་འདེབས་པ་ཚོ།
གཡས་ཕྱོགས་གཡོན་ཕྱོགས་མང་གི
དྲང་བདེན་ཐག་གཅོད་དཀའ་གི
གཟེངས་རྟགས་གནང་མཁན་ཁོང་གིས།
མུ་མཐུད་གནང་ན་དེ་རེད།
ལེན་འདོད་ཡོད་མེད་གཉིས་ཀ
དེ་ཡང་སོ་སོའི་རང་དབང།
མ་གཞི་བྱ་དགའ་ཐོབ་ས།
དེ་ལ་འབྲེལ་བ་གནང་ནས།
དེ་ནས་གསལ་བརྡ་སྤེལ་ན།
གོ་འཛོལ་འདི་རིགས་མི་འབྱུང།
དེང་སང་འགན་མེད་ཁུར་འཁྱེར་བ་འུ་ཅག་ཁྱུ་གཅིག་གིས་ཁ་ན་སྙན་མོ་རེ་འདོན་རྒྱུ་མེད་ནའང། ས་བཤད་རྡོ་བཤད་ཀྱིས་རང་རང་གི་གློ་སྙིང་ཕྱི་ལ་སྟོན་ཀྱིན་འདུག ཡིན་ནའང་། ད་དུང་གྲགས་འགུལ་དངོས་སུ་དགོས་པ་ཚོ་གཉིད་མཐུག་པོས་ནན་ཡོད་པ་འདྲ། སྒོ་ཤེར་གྱིས་ཐོལ་བྱུང་གི་ཚིག་དུམ་འགའ་བཀྲམས་ནས་གླེང་གཞི་སློང་ཐུབ་པ་ཙམ་ལས་གཞན་ཕྱི་ནང་གསང་གསུམ་གྱི་ཁ་དོག་ཅི་ཡང་སྟོན་མཚམས་གཏན་འཇོག་བྱས་ཡོད་པ་འདྲ། དཔྱད་འདེམས་པ་ཚོ་གཉིད་ས་དང་འདུག་ས། ཡིབ་ས་བསྐུང་ས་ཡེ་ནས་མེད་ཀྱང་གྲགས་འགུལ་མེད་པར་ལས་འགན་ལྐོག་སྒྲུབ་དང་། འགལ་ཟླ་གསང་འདུམ་བྱེད་ཀྱི་ཡོད་པ་འདྲ། ཡོངས་ཁྱབ་ཀྱིས་ཐོས་ཆོག་པའི་ཚིག་དུམ་གཅིག་ཀྱང་མི་འདུག གལ་སྲིད་བོད་ཕྱི་ནང་གི་སྤྱི་ཚོགས་ཀྱི་ཚོགས་མི་ཡོངས་དང་། དགོས་སུ་འདས་མ་ད་གསུམ་གྱི་བྱ་དགའ་གནང་དང་གནང་གིན་པ། གནང་འགྱུར་གྱི་ཡུལ་ཅན་དག་གི་སེམས་ལ་བྱ་དགའ་འདིའི་ཕྱི་ནང་གི་གནས་ཚུལ་དོན་དངོས་དག་གིས་བག་ཆགས་ལེགས་ཉེས་གང་རུང་རེ་གསལ་ཐེང་ཐེང་གི་འཇོག་དགོས་པ་སྐབས་སུ་བབས་པའི་ལས་བྱའོ།། གལ་ཏེ་ད་དུང་ཕྱོགས་གཉིས་ཀ་ངག་བཅད་དུ་ཅི་ཙམ་བསྡད་ན་དེ་ཙམ་གྱིས་སྐབས་འཚོལ་རིང་ལུགས་པ་ཚོར་རྨི་ལམ་མངོན་གྱུར་བྱེད་པའི་སྐབས་གླགས་བསྩལ་བ་དང་འདྲ་བར་མ་ཟད། ཀླུ་སྨྱོན་ལགས་ཀྱི་ལྷག་བསམ་ཀྱི་མེ་ཏོག་མེ་བསྲེགས་བྱས་པ་དང་འདྲ།
དེས་ན་ཕྱོགས་གཉིས་ནས་ཁ་གསལ་སྒོ་ནས་རྩོམ་རིག་བྱ་དགའ་འདིའི་རིན་ཐང་གི་མཐོ་དམའ་ཐག་གཅོད་བྱེད་དུ་འཇུག་དགོས། དཔྱད་འདེམས་པར་སྐད་ཆ་ཞིག་ངེས་པར་དུ་དགོས་ཀྱང་མེད་དོན་ཅི་ཡིན་ནམ། ད་ཁ་མ་གྲགས་ན་བྱ་དགའ་འདི་འདི་ལྟར་གླེང་གཞིར་གྱུར་བའི་མཇུག་འབྲས་ལ་འགན་ལེན་བྱེད་དགོས། སྒོ་ཤེར་ཡང་དེ་བཞིན་རེད། ཁ་ནས་ཐོན་པའི་སྐད་སྒྲ་དེ་དག་གིས་བོད་སྤྱི་ཚོགས་ལ་དགེ་མཚན་སྐྲུན་རྒྱུ་ལས་ཉེས་པ་བསགས་ན་རང་བྱས་ཉེས་པ་རང་གིས་ཁུར་ཏེ་གསོ་སྦྱོང་བྱེད་དགོས། བྱ་དགའ་འདི་ཕུལ་ནས་མ་བླངས་པ་འདི་གླེང་གཞི་ཡིན་པ་ལས་དོན་གནད་མ་རེད། ད་སྐབས་ཕུལ་མཁན་དང་ལེན་མཁན་གྱི་བསམ་པའི་ཁ་དོག་དེ་གཟུར་གནས་མི་ཚོགས་ཀྱི་སེམས་མདུན་དུ་བཤམས་དགོས་པ་གལ་ཆེ། ལེན་མི་ལེན་དང་། ཕུལ་མི་ཕུལ་བསྐྱར་བཅོས་བྱེད་མཁན་གྱི་དབང་ཆ་དེ། སྐབས་འདིར་སླེབས་ཚེ་ཕུལ་ལེན་མཁན་དག་ལ་གཏན་ནས་མེད། འདི་ནི་གཟུར་གནས་མི་ཚོགས་ཀྱི་ཡེ་ཤེས་ཀྱི་སྤྱན་ལ་ཅིས་ཀྱང་དབང་དགོས། དེ་འདྲ་བྱས་ན་བྱ་དགའ་འདིའི་མདས་མ་ད་གསུམ་ལ་ཕན་རླབས་ཆེའོ།།
སྤྱིར་ན་རྩོམ་འདི་ལ་ལྟ་ཉན་ཞིག་མི་འདུག ནང་དོན་འཐོར་སོང་བ་ཁྱིས་གཅིན་བཏང་བ་ལྟ་བུ། དམིགས་གཏད་གསལ་པོ་མེད་པ་ལོང་བས་འཁར་བ་བཙུགས་པ་ལྟ་བུ། དོན་འདི་འདྲ་ཉུང་ངུ་ཞིག་ལ་ཚིག་འདི་འདྲ་མང་པོ་ཞིག་ག་འདྲ་བྱས་ནས་དགོས་པ་ཡིན་ནམ་སྙམ་པ་ཞིག་འདུག དབྱིན་བོད་ཤན་སྦྱར་དུ་བཀོད་པ་དག་གི་སྒྲ་གདངས་ཀྱང་ནོར་འདུག དཔེར་ན། Greek རྒི་རིག་ལ་ཀེ་རེ་སི་དང་། Homer ཧོ་མུར་ལ་ཨོ་མར་སོགས་ཀློག་སྟངས་ཀྱང་ཡ་མཚན་པོ་ཡོད་འདུག ཧཧཧ Literature ཟེར་བའི་མིང་ཚིག་དེ་གང་ལ་འཇུག་མིན་དེ་ངས་སྔོན་དུ་བཤད་པ་དེ་ཡིན། དེ་ལ་མཚན་ཉིད་དང་དབྱེ་བ་མ་བཤད་གོང་དུ་དེའི་འཇུག་ཡུལ་གང་ཡིན་ཤེས་དགོས་པ་རེད། དེ་ནི་ཚིག་མཛོད་ཞིག་ཀློག་པ་ལས་ལྷག་པའི་དཔེ་ཀློག་སོགས་རྒྱ་ཆེན་པོ་གང་ཡང་མི་དགོས་པར་སུ་ཡིན་ཡང་ཤེས་ངེས་རེད། རྒྱ་ནག་གུང་ཁྲན་ཏང་གི་རྩོམ་རིག་གང་ཡིན་ཟེར་ན་གཙོ་འཛིན་མའོ་ཙེ་ཏུང་གི་དེབ་དམར་ཆུང་སེམས་ལ་མི་ཤར་མཁན་ཞིག་ཡོད་ཀྱི་མ་རེད། མདོར་ན་ཡི་གེ་ལས་གྲུབ་པའི་ཤུལ་བཞག་ཚང་མ་རྩོམ་རིག་རེད།
ཡིན་ན་ཡང་རྩོམ་པ་པོ་འདིས་རྩོམ་རིགliteratureའབྲི་བ་ལ་སྐྱོ་ཤས་དགོས་ཚུལ་སོགས་གུ་དོག་པའི་དགོངས་ཚུལ་ཡ་མཚན་པོ་དང་། བོད་ཕྱི་ནང་གི་མིའི་མཁས་ཞན་ཟེར་བ་ལྟ་བུ་ནི་དགོས་པ་མེད་པའི་རྩོད་གླེང་རེད། མཁས་པ་སུ་ཡིན་མིན་ནི་རང་རང་གིས་འབད་བརྩོན་ལ་རག་ལས་པ་མ་གཏོགས་བོད་ཕྱི་ནང་གི་ས་ཆུའི་ཁྱད་པར་ག་ལ་ཡོད། སུས་དབྱིན་སྐད་ཤེས་མིན་གྱི་འགྲན་བསྡུར་སོགས་བཤད་ཡོང་ན་ང་ནི་དབྱིན་ཡིག་ཤེས་མཁན་ཞིག་མིན། དབྱིན་ཡིག་མ་ཤེས་པ་དེ་ལ་ངས་ངོ་ཡང་གནོང་གི་མེད། ངའི་རེ་སྨོན་གཙོ་བོ་ནི་རི་བོའི་གཏོས་དང་མཉམ་པའི་བོད་གངས་ཅན་གྱི་སྔོན་བྱོན་མཁས་པའི་རྩོམ་རིག་ཤེས་ན་ཅི་མ་རུང་སྙམ་པ་དེ་ཡིན། གསར་འབྱོར་དང་རྙིང་འབྱོར་བཟང་ངན་སོགས་ནི་སློབ་སྦྱོང་ཡོད་མཁན་ཞིག་གི་ཁ་ནས་དེ་རིང་མ་གཏོགས་ཐོས་ཀྱང་མ་མྱོང་། ཕྱི་བླ་དང་གསལ་ལེ་རྒྱལ་ཟེར་བ་ལྟ་བུའི་མིང་བྱང་སྦྱར་ནས་རང་རེའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ཚོགས་པ་དང་སྡེ་རིས་མང་པོར་དབྱེ་ནས་རྒོལ་རྡུང་བྱེད་པའི་ཅོལ་ཆུང་གི་གླེང་མོལ་ལ་ངས་འདི་ལ་ལན་འདྲ་བྲིས་མ་བྲིས་མི་འདུག་སྙམ། ཀླུ་སྨྱོན་ལ་འགྲམ་ལྕག་ཅིག་རྒྱག་ཐུབ་རྒྱུ་དེ་རྩོམ་པ་པོ་འདིའི་བདེ་སྐྱིད་བླ་ན་མེད་པ་དེ་ཡིན་དུས་ངས་གནས་སྐབས་རིང་བསྒུགས་ན་ལྟད་མོ་ཡོད་དམ་སྙམ། དེ་ནི་ཀླུ་སྨྱོན་གྱི་འགན་རེད་མ་གཏོགས་ངའི་འགན་མ་རེད། འདི་ལ་ལན་ཟེར་ནས་བྲིས་མ་བྲིས་མི་འདུག་མོད་དབྱིན་སྐད་ཀྱི་སྟེང་གི་literature ཞེས་པའི་མིང་ཚིག་གི་འཇུག་ཡུལ་གོ་དོན་ངོ་སྤྲོད་ལྟ་བུ་རེ་བྲིས་ན་ཕན་ཐོགས་འདུག་བསམ་ན་རྗེས་སུ་སྤེལ་ཆོག
དབྱིན་ཡིག་”ཤེས་ཁུལ་”དང་”ཤེས་པ་”གང་ཡིན་ཡང་རྒྱ་ཡིག་དབྱིན་ཡིག་གི་སྟེང་གི་གོ་དོན་དང་སྦྱར་ནས་ཡིག་རིགས་འདྲ་མིན་བསྲེས་ནས་ཁོང་གིས་བྲིས་པ་དེ་ནི་literature སྟེ་རྩོམ་རིག་མ་རེད་ཟེར་མཁན་ནི་སྒོ་ཤེས་རབ་ཟེར་བ་ཁོང་རེད་མ་གཏོགས་ང་ནི་དང་པོ་མིན། དེ་ནི་རང་རེ་མདོ་ཁམས་པའི་གཏམ་དཔེར་ཡོད་པའི་ ‘རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་མིའི་མགོར་གཡོག་’ཟེར་བ་དེ་རེད་འདུག
སྐུ་ཞབས་ཀླུ་སྨྱོན་ནི་སྐུ་ངོས་ནས་ཤེས་ཡོན་ཆེན་པོ་ཡོད་མཁན་ཞིག་དང་། གྲུབ་མཐའ་རིས་མེད་ལ་དག་སྣང་གནང་མཁན་གྱི་ཆོས་པ་ཡག་པོ་ཞིག་ཀྱང་རེད། ཁོང་གིས་ལྷག་བསམ་དཀར་བོའི་སྒོ་ནས་རྩོམ་རིག་བྱ་དགའ་ཞིག་གཞི་འཛུགས་གནང་བར་དགའ་བསུ་ཞུ་འོས། གང་ལགས་ཤེ་ན། དེ་སང་ཉམ་གྲབས་ཆེ་བའི་བོད་ཀྱི་རྩོམ་རིག་ལ་རྩ་ཆེ་བའི་དོ་སྣང་གནང་བའི་མཚོན་རྟགས་སུ་སོང་བས། བོད་ཀྱི་རྩོམ་རིག་མུ་མཐུད་དུ་མི་ཉམ་གོང་འཕེལ་དང་། ན་གཞོན་རྣམས་ལ་བོད་སྐད་ཐོག་ཏུ་རྩོམ་ཡིག་སྤེལ་བར་སྐུལ་མ་ཤུགས་ཆེན་ཐེབས་ཡོད།
སྤྱིར་བོད་ཕྱི་ནང་གཉིས་ཀར་རྩོམ་རིག་བྱ་དགའ་དུ་མ་མཐོང་རྒྱུ་འདུག་མོད། མང་ཆེ་ཤོས་ལ་ཆོས་ལུགས་དང་ཆབ་སྲིད་གང་རུང་གི་ཤུགས་རྐྱེན་ཐེབས་ནས། བྱ་དགའ་དངོས་མར་མི་འགྲོ་བ་མ་ཟད། ཐོབ་མཁན་མང་ཆེ་ཤོས་ཤིག་་བླ་མ་ཆེན་པོའམ། རྒྱ་གཞུང་ལ་སྤྲེལ་ལད་འཁྲབ་མཁན་ཚོར་གྱུར། དེས་ན་གཡོ་རྒྱུ་དང་ཀུན་སློང་སྐྱོན་ཅན་གྱིས་སྦགས་སོང་སྟབས། བློ་གཟུ་བོར་གནས་པའི་དཔྱོད་ལྡན་སུས་ཀྱང་གདེང་འཇོག་བྱེད་མི་ནུས།
དེ་ལས་ལྡོག་སྟེ། ཀླུ་སྨྱོན་བྱ་དགའ་ནི་གཞུང་གང་དང་མ་འབྲེལ་ཞིང་། དབུ་འཁྲིད་གཙོ་བོའང་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་དང་། རྗེས་ལུས་ཀྱི་འཆིང་རྒྱ་ལས་གྲོལ་ཟིན་པའི་མི་སྙིང་སྟོབས་བློ་གྲོས་ལྡན་པ་ཞིག་རེད། བདག་ལ་མཚོན་ན། བོད་ཀྱི་རྩོམ་རིག་བྱ་དགའ་ཚང་མའི་ཁྲོད་དུ་ཀླུ་སྨྱོན་བྱ་དགའ་གཅིག་པོ་ཚད་ལྡན་དུ་འཛིན་བཞིན་ཡོད།
བོད་ཀྱི་མཛངས་མའི་འགྲན་བསྡུར་དང་། ཀླུ་སྨྱོན་རྩོམ་རིག་བྱ་དགའ་གཉིས་པོ་ནི། བོད་ཀྱི་སྤྱི་ཚོགས་ནང་གི་བྱ་སྤྱོད་ཚང་མའི་ནང་ཁུལ་ནས་ངས་དགའ་བོ་བྱེད་ཡུལ་གཙོ་བ་ཡིན་སྟབས། འདི་གཉིས་ཀྱི་དུས་སྐབས་སླེབས་ཚེ། ལོ་སར་སླེབས་ཁར་ཕྲུ་གུ་ཚོས་དགའ་སྤྲོ་སྐྱེས་དྲགས་པས་སྒུག་བཟོད་མེད་པ་ནང་བཞིན། ང་ཉིད་དགའ་ཚོར་གྱི་སྣང་བ་དྲག་པོའི་རྦ་རླབས་ཀྱིས་བཏུམས་བས་མཆོང་ལྡིང་བྱེད་སྙམ་ཐལ།
སྤོབས་པ་མཐའ་ཡས་ཀྱི་ཁྱད་པར་བརྗོད་ཚིག་ ༼བོད་ཕྱི་ནང་གི་མིའི་མཁས་ཞན་ཟེར་བ་ལྟ་བུ་ནི་དགོས་པ་མེད་པའི་རྩོད་གླེང་རེད། མཁས་པ་སུ་ཡིན་མིན་ནི་རང་རང་གིས་འབད་བརྩོན་ལ་རག་ལས་པ་མ་གཏོགས་བོད་ཕྱི་ནང་གི་ས་ཆུའི་ཁྱད་པར་ག་ལ་ཡོད། སུས་དབྱིན་སྐད་ཤེས་མིན་གྱི་འགྲན་བསྡུར་སོགས་བཤད་ཡོང་ན་ང་ནི་དབྱིན་ཡིག་ཤེས་མཁན་ཞིག་མིན། དབྱིན་ཡིག་མ་ཤེས་པ་དེ་ལ་ངས་ངོ་ཡང་གནོང་གི་མེད། ངའི་རེ་སྨོན་གཙོ་བོ་ནི་རི་བོའི་གཏོས་དང་མཉམ་པའི་བོད་གངས་ཅན་གྱི་སྔོན་བྱོན་མཁས་པའི་རྩོམ་རིག་ཤེས་ན་ཅི་མ་རུང་སྙམ་པ་དེ་ཡིན།༽ འདི་ཚོ་ལ་དངོས་གནས་བརྗིད་ཉམས་ཤིག་འདུག
ཀླུ་སྨྱོན་ཟེར་བའི་མི་འདིའི་གོམ་པ་རེ་རེ་ཡང་སོ་སོའི་སྙན་གྲགས་དང་ཁེ་ཕན་གྱི་ཆེད་དུ་སྤོ་བ་ཡིན།
དངོས་གནས་གནད་ལ་ཁེལ་བ་ཞིག་འགྲེལ་འདུག ཧ་ཅང་ཡག་བྱུང་། བྱེས་སྡོད་ཀྱི་རྩོམ་ཉོག་འབྲི་མཁན་ལ་ཤས་ཀྱིས་དབྱིན་ཇི་ཤེས་མདོག་གིས་ཚིག་གི་གོ་བ་ཇི་བཞིན་ལེན་པ་ལས་སྤྱི་ཡོངས་རྩོམ་རིག་སྒྱུ་རྩལ་ལྟ་བུའི་ཚིག་ལ་གོམས་ལབས་མེད་པས་དོན་ཆ་ཚང་ཞིག་མི་ཤེས། ལྷག་ཏུ་བོད་ཡིག་འཁྱར་འཁྱོར་འབྲི་ཤེས་པའི་རྐྱེན་གྱིས་བོད་མཁས་པ་དག་ལ་དགག་སྒྲུབ་བྱ་རྒྱུར་ཚོད་མེད་དགའ། བོད་མཁས་པ་དགག་ན་མཁས་པའི་ཡང་རྩེར་འཛིན་པའི་མཚན་སྙན་ཐོབ་འགྲོ་སྙམ་པ་ཙམ་ལས་གནད་ལ་ཕུགས་པ་ཞིག་ནི་དགག་མི་ཤེས། ཧ་ཅང་མཚར་པོ་རེད།