རྟ་ནག་སྐལ་བཟང་ལུང་རིགས།
“རང་ཉིད་ཀྱི་འཚོ་བའི་ཐད་ཀྱི་ཁ་རྗེ་དབང་ཐང་ལ་དམིགས་ཏེ་བྲིས་པའི་བརྩམས་ཆོས་དག་ལ་རྩོམ་རིག་གི་རིན་ཐང་དང་བསམ་གཞིག་གི་རིན་ཐང་ཟེར་བ་ཞིག་གང་ན་ཡོད་དེ་གཞར་ནས་མེད་དོ།།” _______རྒྱ་ནག་གི་ན་གཞོན་རྩོམ་པ་བོ་ཡེས་ཅེས་ནས།
བྱེས་ཡུལ་གྱི་བོད་ཡིག་དྲ་ཚིགས་ཁག་ལས་བདག་ཉིད་ཆེས་མོས་སའི་དྲ་བྱང་གཉིས་ཤིག་ཡོད་དེ། <དུས་བབ>དང་
<ཁ་བརྡ>གཉིས་ཡིན་ནོ།། རྒྱུ་མཚན་ནི་དུས་བབ་ཀྱིས་གསར་འགྱུར་ལས་གནད་དོན་འགངས་ཆེན་དུ་བཟུང་བས་ཡིན་ལ། ཁ་བརྡ་ཡིས་ཅི་དང་གང་ཡང་བསྙད་ཆོག་པའི་གླེང་སྟེགས་ཀྱི་ཤོག་ལྷེ་ཞིག་ཁ་ཕྱེ་ནས་ཡོད་པས་ཡིན། དེ་ལྟ་ནའང་། ཉིན་འགའི་སྔ་ནུབ་ཏུ<ཁ་བརྡ>ཚང་གི་བདག་པོ་ངོ་མ་ནི་ཀླུ་སྨྱོན་འབའ་ཞིག་ཏུ་གྱུར་ཅིང་། ཀླུ་སྨྱོན་ཁོ་ན་མངོན་བསྒྲགས་བྱ་ཡུལ་གྱི་ཤོག་ལྷེ་འབའ་ཞིག་ཏུ་གྲུབ་སོང་། <ཁ་བརྡ>ཚང་གི་དྲ་བྱང་རྡེག་ཐེངས་རེ་རེར “ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”ཞེས་པའི་ཡིག་རྡོག་འགས་ཁ་བརྡ་ཚང་ལེབ་ཀྱིས་མནན་འདུག་པ་མཐོང་ལ། འགྲན་རྩོམ་དུ་བསྙད་པའི“ཡི་གེའི་སྙིགས་རོ”དེ་དག་གིས་བཙན་བྱོལ་རྩོམ་རིག་གི་ཁོར་ཡུག་ཧྲིལ་གྱིས་བརྫད་འདུག་པ་མཐོང་ངོ་།།
ཉེ་བའི་ཆར་ཀླུ་སྨྱོན་གྱིས་“ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”གྱི་མཇུག་མཐའི་གསལ་བསྒྲགས་བགྱིས་པ་དང་དུས་མཚུངས་སུ་བཙན་བྱོལ་གྱི་རྩོམ་མཁན་དུ་བསྙད་པ་དག་རྟབ་རྟབ་པོར་གྱུར་ཏེ། སྙན་ངག་མ་ཡིན་པ་གང་ཞིག ལྷུག་རྩོམ་མ་ཡིན་པ་གང་ཞིག འབོལ་རྩོམ་མ་ཡིན་པ་གང་ཞིག ཐ་ན་ཚིག་གྲུབ་འབའ་ཞིག་ཏུ་ཡང་འགྲོ་ཁག་སེ་ཡིན་པ་མང་བོ་ཞིག་ཀླུ་སྨྱོན་གྱི་མྱུར་འཕྲིན་དུ་བསྐུར་ནས་འབྱོར་ཡོད་ཚོད། དེ་ལྟ་ནའང་། རྩོམ་པ་བོ་ཁོང་གིས་འདི་རྩོམ་ཡིན་པ་དང་། དེ་རྩོམ་མ་ཡིན་པའི་ས་མཚམས་ཆུ་མཚམས་ལ་སྐྱ་ཐིག་གཅིག་ཀྱང་གདབ་ཏུ་མ་ཡོད་པར། ཀུན་པོར་“ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”གྱི་མིང་དུ་བསྙད་དེ་<ཁ་བརྡ>ཚང་ཡུག་གཅིག་གིས་གླེབས་པར་བྱས་པ་འདིས། བཙན་བྱོལ་རྩོམ་མཁན་དག་ནི་དངུལ་དངོས་ཀྱི་རིན་ཐང་སླད་དུ་རིག་གནས་སྒྱུ་རྩལ་ལ་ཡང་གསོག་གསོབ་དང་གཞོགས་སློང་། བསླུ་བྲིད་དང་སྣོག་ལས་བགྱིད་ནུས་པའི“སྒྱུ་རྩལ་གྱི་ཇག་ཚོགས”སྐོར་ཞིག་ཡིན་པ་མཚོན་གྱི་གཞན་ཅི་ཡང་མ་རེད་དོ།།
ལར་“ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”དུ་འབོད་པ་འདི་མ་བྱས་ཐུ་མེད་ཀྱི་ལས་ཤིག་ཏུ་གྱུར་ཡོད་ཚེ། གཞིས་བྱེས་ཧྲིལ་བོའི་རྩོམ་མཁན་གྱི་དཔུང་སྡེ་ལ་གཟབ་ནན་བབ་བརླིང་གིས་དཔྱད་དེ། རྩོམ་རིག་གི་གཙང་ཆེན་གྲུ་ཡིས་གཤགས་པའི་རྩོམ་མཁན་ཁ་སྟབས་ཅན་རེར་དཔའ་བོ་སྟག་བསྟོད་ཀྱི་ཟོལ་གྱིས་བསྟབ་ན་འོས་སུ་ཆེ་བ་ལས། དངུལ་དངོས་དང་བྱ་དགའ་འབའ་ཞིག་ལ་རེ་བ་ཨ་འཐས་སུ་འཛིན་པའི་<ཁ་བརྡ>དྲ་ངོས་ཀྱི “ཡིག་སྙིགས”བདག་པོ་ཚོའི“གད་སྙིགས”ལ་“འགྲན་རྩོམ”གྱི་ཆོ་ལོ་ཙམ་སྤྲད་པ་ཡིས་ཀྱང་། “ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”གྱི་ངོ་སོ་རྡོ་ལ་བརྡབས་ཤིང་། ས་ལ་གླན་པ་རེད་པས། བཙན་བྱོལ་རྩོམ་རིག་གི་གདགས་གཞི་ཟེར་བ་གང་དུ་འཚོལ་ཏེ་བཙལ་དུ་ཡེ་མེད་དོ།།
“འགྲན་རྩོམ”འདི་འབོད་པ་འདི་ཉིད་འདི་མུར་ཕྱིན་ཚེ་ཟོག་གསོབ་དང་ཚུལ་འཆོས་ཀྱི་ཆ་རུ་གྱུར་པ་གང་ཞིག སྣོག་ལས་དང་གཡོ་སྒྱུ་ཡི་ཆ་རུ་གྱུར་པ་གང་ཞིག ཧམ་སེམས་དང་འདོད་རྔམ་གྱི་ཆ་རུ་གྱུར་པ་གང་ཞིག་སྟེ། རྩོམ་རིག་རེད་ཅེ་ན་རྩོམ་རིག་མ་ཡིན་པ་དང་། རྩོམ་རིག་མ་རེད་ཅེ་ན་རྩོམ་རིག་ཡིན་པ་སོགས་ཀྱིས་ཡུལ་གང་ཞིག་དང་། རིག་གནས་གང་ཞིག་ནི་ཐུར་ནས་ཐུར་དང་། མར་ནས་མར་དུ་མི་འགྲིབ་པ་དང་མི་ཕྱོགས་པའི་ངེས་པ་གཞར་ནས་མེད་པས་གཟབ་དགོས་པ་ཞིག་དང་བསམ་དགོས་པ་ཞིག་ངེས་པར་འདུག་སྙམ་པ་ཞིག་བྱུང་ངོ་།།
“སེམས་ཁམས་མཚོན་པའི་བརྩེ་བ་འབའ་ཞིག་ལས། བདེན་དོན་གླེང་བའི་སྨྲ་ལྕེ་རྦད་ཀྱིས་དབེན་པའི”(ཡེས་ཅེ་ཡི་སྐད་ཆ)བཙན་བྱོལ་རྩོམ་མཁན་དག་ལ་བདག་སྔ་ས་ནས་སྐྱུག་བྲོ་བྲོ་དང་ཞེ་མེར་མེར་གྱིས་ཡི་ག་རྦད་ཀྱིས་འགག་ཏེ་ཡོད་ལ། “ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”དུ་བཏགས་པའི་“ཡིག་སྙིགས”དག་ཁངས་སྐྱ་རླུང་འདེད་ཀྱི་ཟོལ་གྱིས་<ཁ་བརྡ>ཚང་ཅིག་ཆར་གྱིས་མནན་སོང་བ་དང་བཀབ་སོང་བའི་སྐབས་འདི་ཉིད་དུ། ད་ནི་རང་ཉིད་ཀྱིས་ཀྱང་རྟ་ཁ་བསྒགས་ནས་ངལ་གསོ་ཅུང་ཙམ་བགྱིས་ན་ཨེ་མི་དྲག་བསམས་ཏེ། བཙན་བྱོལ་རྩོམ་རིག་གི་འདས་མཆོད་ལ་རེ་བས་བསྒུག་རྒྱུ་ལས་ཐུ་མེད་ཆགས་སོང་ཐལ།
བདག་གིས་བག་ཙམ་གཟབ་ནན་བབ་བརླིང་གིས་བྲིས་པའི་འབོལ་རྩོམ་དང་སྙན་ངག་གི་དག་གི་ཡ་མཐའ་ནས་གཞལ་ནའང་འདྲ། ཅུང་ཙམ་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་བོད་འགྱུར་མ་དག་གི་མ་མཐའ་ནས་བརྩིས་ནའང་ཆོག གསེར་ལས་དཀོན་པའི་དུས་ཚོད་མང་དག་ཅིག་ལ་གྲུམ་ཆག་མང་དུ་བཟོས་ཏེ། བཙན་བྱོལ་རྩོམ་རིག་འདི་རླུང་རྟ་ཡར་འགྲོ་ཞིག་ཡིན་ན་ཨེ་མི་དགའ་སྙམ་ནའང་། ད་ནི་མཛོ་སྦྲེལ་གཡང་ལྷུང་དུ་འགྱུར་བའི་ཉེན་ཁ་ཏན་ཏན་འདུག་པས། རང་ཉིད་ཀྱི་གསེར་སྨྱུག་ཟུར་དུ་གཡུག་ན་དགའ་མི་འོང་སྙམ་པའི་སེམས་ཁྲལ་དེས་ཀྱང་ཤུགས་ཀྱིས་མནན་སོང་།
ཞར་དང་ཞོར་དུ་<ཁ་བརྡའི་>དྲ་དཔོན་དག་ལའང་དྲི་བ་འདི་གདོན་པར་བྱ་སྟེ། ཁྱེད་ཅག་གིས་ <ཁ་བརྡའི་>དམིགས་ཡུལ་ཐད་དུ། “གཞུང་ལུགས་སྐམ་བཤད་ལས་གནས་ཚུལ་རློན་བཤད་ལ་དགའ།བསམ་ཚུལ་རྒྱས་བཤད་ལས་དོན་དངོས་བགྲང་བཤད་ལ་དགའ།”(<ཁ་བརྡའི་>དམིགས་ཡུལ་ཞེས་པ་ལས་དྲངས)ཞེས་སུ་བྲིས་འདུག་པ་གང་ཞིག་སྟེ། “ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”དུ་འབོད་པ་འདི་དག་ནི། སྐམ་བཤད་ཀྱི་གྲས་སུ་ཐེའམ། རློན་བཤད་ཀྱི་ཁོངས་སུ་འཇོག རྒྱས་བཤད་ཀྱི་རིགས་སུ་བསྡུའམ། བགྲང་བཤད་ཀྱི་དབྱེ་བར་འཇོག དྲི་བ་འདི་དག་ནི་བདག་གི་ཀླད་པའི་རྒྱ་མཚོའི་ནང་དུ་ཆུ་སྲིན་ཞིག་ཤུགས་ཀྱིས་འགུལ་བའི་ན་ཟུག་དང་དངངས་ཞེད་ཅིག་དང་ཅིས་མི་འདྲ།
གང་ལྟར་བདག་ཁོ་ན་ནི་ཁྱེད་ཅག་ནང་བཞིན་དངུལ་དངོས་འབའ་ཞིག་དང་གྲགས་པ་འབའ་ཞིག་གི་སླད་དུ་སྒྱུ་རྩལ་རིག་གནས་གང་ཞིག་གཡོ་ཚོང་གི་ལས་སུ་འཇུག་མ་ནུས་པར་སྐད་ཆ་འགའ་དྲང་ཐད་ཀྱིས་ཤོར་སོང་བར་ཉེ་ཞོ་ཅི་འབྱུང་ཡང་། བདག་འབའ་ཞིག་གི་བརྔན་དུ་བསྒྲང་རུང་བ་ཙམ་ལས། ཟ་དང་ཟུར་གྱི་མི་མང་བོ་ཞིག་ལ་བརྡབ་གསིག་མ་ཡོང་བར་ཤོག་ཅེས་སུ་བསྙད་པ་ཡིན་ནོ།།
༢༠༡༡། ༩། ༩། ལ་བྲིས།
རྒྱབ་སྐྱོར་ཡོད། དུས་ལ་བབ་པའི་གཏམ་རང་དུ་ངོས་འཛིན་ངེས།
མི་དགའ་ཕྲག་དོག་གི་གཏམ་ཟེར་བ་དེ་འདི་འདྲ་རེད། ང་ཚོ་ཚང་མ་མཛའ་བརྩེའི་ལག་ཟུང་དམ་དུ་སྦྲེལ་བའི་ཁ་བ་གངས་ཅན་གྱི་སྤུན་ཟླ་རྣམ་པར། གངས་ཅན་སྙན་ངག་གི་རྒྱལ་པོ་ཀླུ་སྨྱོན་ཧེ་རུ་ཀས་སྙན་ངག་འགྲན་རྩོམ་ལ། རང་ཉིད་མི་བཟོད་པའི་འཆལ་རྩོམ་སྐབས་སུ་མ་བབ་པ་འདིར་སྒེར་མི་སྒྲོ་འདོགས་དང་། དྲ་ཚིགས་ལ་ངན་སྨྲས་ལས་གང་ཡང་མི་འདུག རྟ་ནག་ཁྱོད་ཀྱི་འཚོ་བའི་ཐད་ཀྱི་ཁ་རྗེ་དབང་ཐང་ལ་གནོད་དུ་དམིགས་ཏེ་ཁྱོད་ཀྱི་བྲིས་པའི་བརྩམས་ཆོས་དག་ལ་རྩོམ་རིག་གི་རིན་ཐང་དང་བསམ་གཞིག་གི་རིན་ཐང་ཟེར་བ་ཞིག་གང་ན་ཡོད་དེ་གཞར་ནས་མེད་དོ། ཞེས་རྒྱ་ནག་གི་འདོད་པ་ཁྱོད་རང་རང་གིས་མགོ་རུ་རྡོ་རྒྱབ་པ་རེད།
བཙན་བྱོལ་རྩོམ་མཁན་དག་ནི་དངུལ་དངོས་ཀྱི་རིན་ཐང་སླད་དུ་རིག་གནས་སྒྱུ་རྩལ་ལ་ཡང་གསོག་གསོབ་དང་གཞོགས་སློང་། བསླུ་བྲིད་དང་སྣོག་ལས་བགྱིད་ནུས་པའི“སྒྱུ་རྩལ་གྱི་ཇག་ཚོགས”སྐོར་ཞིག་ཡིན་པ་མཚོན་གྱི་གཞན་ཅི་ཡང་མ་རེད་དོ།།
སྙན་ངག་གི་རྒྱལ་པོ་་་ ་ཧཧ མིང་ཟེར་བ་འདི་ངོ་མ་དགོད་བྲོ་བ་ཞིག་མིན་ནམ་ མཚམས་རེ་སྟུག་དྲི་གཅིག་གཉིས་ཅིག་བཏང་ཡང་ སྟུག་དྲིའི་རྒྱལ་པོ་ མཚམས་རེ་མགོ་ལ་རལ་རྡོག་གཅིག་གཉིས་ལས་མེད་ཀྱང་རི་དྭགས་རྒྱལ་པོ་ ཧཧཧཧཧཧཧཧ
ངོ་མ་ཡིན། ཆོས་སྒྲ་རྣ་བས་མ་གོ་བའམ། གོ་ཡང་ཆོས་དྲེད་ལ་སོང་བ་ཟེར་བ་འདི་འདྲ་རེད། ཉོན་མོངས་པ་ཟེར་བ་འདི་ལ་གཉེན་པོ་ཕྲན་བུ་ཙམ་ཡང་མེད་ན་སྐབས་སྐབས་སུ་ངོ་ཚ་མེད་པའི་ཞབས་འདྲེན་འདི་འདྲ་ཡང་ཞུ་ཡོང་གི་རེད། ཕྲག་དོག་གིས་མ་བཟོད་པའི་ཟུག་རྔུ་ཅན་གྱི་སེམས་ཀྱི་རང་གཟུགས་ཕྱི་རུ་བསྟན་འདུག་ག རྟ་ནག་པ། ད་ཁྱོད་ཤི་ཐལ། དཀོན་མཆོག་གསུམ། ངའི་སེམས་སུ་ཁྱོད་ལ་རིན་ཐང་ཆེན་པོ་བཞག་ཡོད། ཡིན་ན་ཡང་དེ་རིང་ནས་བཟུང་ཁྱོད་ནི་རང་མཉམ་གྱི་གྲོགས་པོ་སྔོན་ལ་ཤོར་ན་ཕྲག་དོག་གིས་ཟས་མིད་པར་མི་འགྲོ་བ་ཞིག་ཡིན་པ་ཤེས་སོང་། གནམ་ལྕགས་སམ་ལྷ་ཆབ་ཀྱང་དེ་འདྲ་རེད། དེ་ལ་རྒྱབ་སྐྱོར་འདྲ་ཞིག་བྱེད་ཁུལ་བྱས། ཁ་དྲོ་བཀྲ་ཤིས། འཇོན་ན་རང་གིས་ཅིག་བྱོས། མ་འཇོན་ན་འཇོན་མཁན་ཚོའི་རྟ་རྒྱུག་ས་ལ་དོང་བརྐོ་གི་མ་འདུག ཕར་འཁོར་ནས་རྒྱ་མི་ལ་ཅིག་ལོབ་ཤོག་དང་། ཏཱ་ལའི་དང་ཟམ་གདོང་། བློ་སེང་། ཡུལ་གྱར་སྲིད་གཞུང་ཟེར་ནས་ཉི་མ་རེ་རེ་བཞིན་འུ་ཚོའི་མགོ་ཐོག་ལ་བྲོ་ལྡིང་འདུག་གི་ཡོད་ཀི
ཨ་ཁ། དེ་འདྲའི་སྐྱོ་བ་ལ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག
ངོ་མས་ཡིན། ད་ཐེངས་ད་མི་མང་བོ་ཞིག་གི་ངོ་གདོང་དམར་བརྗེན་ལ་ཕུད་དང་ཐལ།
འོ་ད་དུང་བཤད་རྒྱུ་ཞིག་ལ། སྒེར་མིང་གིས་རྩོམ་རིག་སོགས་སྤྱི་ཚོགས་ཀྱི་བྱ་དགར་བསྙད་པའི་རྟགས་མ་ཅི་ཞིག་སྤྲད་ཀྱང་རུང་སྟེ། འོན་ཀྱང་སྤྲོད་མིང་དེའི་འོག་གི་མི་དེ་ནི་ལས་རིགས་གང་ཞིག་གི་བྱ་དགའ་སྟེར་ན་ཡང་ལས་རིགས་དེའི་ཐད་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པའི་མི་སྣ་ཞིག་ཡིན་དགོས། དཔེར་ན་ནོ་ཝེའི་ཞི་བདེའི་བཟང་རྟགས་དང་། ལོའུ་ཞོན་རྩོམ་རིག་བྱ་འགུལ་ལྟ་བུ་རེད། འོན་ཀྱང་ཀླུ་སྨྱོན་གྱིས་བོད་ཀྱི་རྩོམ་རིག་གི་ཐད་ལ་བྱས་རྗེས་ཅི་ཞིག་བཞག་ཡོད་དམ། ཤུགས་རྐྱེན་ཅི་ཞིག་བཞག་ཡོད་དམ། ངས་ཤེས་ཚོད་ལྟར་ན། ཉེ་བའི་ལོ་ཤས་ཤིག་གི་ནང་ནས་ཁོང་གིས་བྲིས་པའི་རྩོམ་ཡིག་དག་ནི་ཡང་མིན་ན་དོན་དག་ཅི་ཡང་མེད་པའི་ཉོག་གཏམ་གྱི་རིགས་ཡིན་ལ། ཡང་མིན་ན་རྒྱུད་པ་ཡ་མ་ཟུང་བསྲེས་པའི་རྟོལ་བོའི་རིགས་ཡིན། དེ་བས་ན། ཀླུ་སྨྱོན་ལ་སྒེར་མིང་བཀོལ་ནས་རྩོམ་རིགས་ལ་བྱ་དགའ་སྟེར་བའི་འོས་བབ་ཅིག་ག་ལ་ཡོད་དེ་གཏན་ནས་མེད་དོ། །ད་ལྟ་ང་ཚོས་གསལ་བོར་ཧ་གོ་ཡོང་བ་ནི། ཕ་ཅི་འདྲ་ཞིག་ཡིན་ན་བུ་ཡང་དེ་འདྲ་ཞིག་སྐྱེ་ཞེས་པའི་དཔེ་ལྟར། ཀླུ་སྨྱོན་གྱི་རྩོམ་ཡིག་དག་ལས་ཁོང་གི་རྗེས་འབྲངས་ཀྱི་རྩོམ་མཁན་དག་གི་རྩོམ་ཡིག་གི་རིན་ཐང་ཡང་ཡོངས་སུ་ཧ་གོ་ངེས་ཡིན་པ་དེ་རེད།
ད་དུང་བཤད་རྒྱུ་ཞིག་ལ། སྒོར་མོ་ཡོད་ན་སྙན་གྲགས་ཇི་ལྟར་ཁྱབ་སྤེལ་བཏང་རུང་ཆོག་སྙམ་གྱི་ཡོད་ན་ཆོག སྒོར་མོ་ཡོད་ན་ཅི་ཞིག་བྱས་རུང་འགྲིག་སྙམ་གྱི་ཡོད་ན་ཆོག གང་ལྟར་སོ་སོའི་ཟུངས་ཁྲག་གི་རྩ་བར་གྱུར་ཅིང་དམིགས་འདུན་གྱི་གཏད་སོར་བགྲང་བའི་བོད་ཀྱི་རྩོམ་རིག་ལ་རྨ་མ་ཕབ་ན་ཡག་པར་འདོད་ལ། གལ་སྲིད་རྩོམ་རིག་གི་བྱ་དགའ་སྟེར་བའི་དོན་བཟང་ཞིག་སྒྲུབ་ངོ་མ་ཡིན་ན། མིང་འདོགས་ལུགས་ལ་སྐུ་ཉིད་ལ་ལག་ཐོགས་དགོས་པ་ཞིག་གཏན་ནས་མེད་པས། ལོག་ལམ་ལས་ཁ་ཕྱིར་འཁོར་ན་མི་བཟང་ངམ་སྙམ་མོ།
དབྱེ་ཞིབ་དང་དཔྱད་ཞིབ་བྱེད་དུས་སྐད་ཆ་དྲང་མོ་བཤད་རྒྱུ་ནི་གལ་ཆེན་རེད། སྐད་ཆ་དྲང་མོ་བཤད་པ་དེས་མི་དེའི་གཤིས་ཀ་མཚོན་ཐུབ། གཤིས་ཀ་དེའི་སྒང་ནས་ཕར་གང་བྲིས་པའི་ཡིག་ཚོགས་བཀླགས་ན། ད་གཟོད་ང་ཚོར་འབྲི་བ་པོ་དམར་དམར་རྗེན་རྗེན་གྱིས་ཤར་ཡོང་བ་ཡིན། དཔེར་ན་སྐལ་བཟང་ལུང་རིགས་ཀྱི་དབྱེ་ཞིབ་འདི་མགོ་ནས་མཇུག ཡང་ན་མཇུག་ནས་མགོ་བར་རེ་རེ་བཞིན་ཞིབ་ལྟ་ཞུས་ན། འདི་ན་སྐད་ཆ་དྲང་མོ་ཟེར་བའི་བོད་པ་ཚང་གི་ཁྲག་རྩ་དེ་རྩ་བ་ནས་མི་འདུགཔ་ཤེས་ཐུབ། དེ་ཅི་ལྟར་ཤེས་སམ་ཞེ་ན།
ཁོས་༼ འགྲན་རྩོམ་དུ་བསྙད་པའི“ཡི་གེའི་སྙིགས་རོ”དེ་དག་གིས་བཙན་བྱོལ་རྩོམ་རིག་གི་ཁོར་ཡུག་ཧྲིལ་གྱིས་བརྫད་འདུག་པ་མཐོང་ངོ་།༽ ཟེར། འདི་ནི་འགྲན་རྩོམ་དུ་མ་བསྙད་པའི་སྔ་རོལ་དུ་དྲ་བ་འདི་དང་གན་ན་ལེབ་ཀྱིས་ཁེངས་འདུག་པའི་འབྲི་བ་པོ་དག་རེད་འདུག་ལ། ད་ཐེངས་འགྲན་རྩོམ་གྱི་ཁྱབ་ཁོངས་ནས་ཀླུ་སྨྱོན་གྱི་མིང་ཐོག་ནས་འདི་ལྟར་བཀོད་པ་ཡིན་ན། ༼ ཁ་བརྡ་ཡིས་ཅི་དང་གང་ཡང་བསྙད་ཆོག་པའི་གླེང་སྟེགས་ཀྱི་ཤོག་ལྷེ་ཞིག་ཁ་ཕྱེ་ནས་ཡོད་པས་ཡིན།༽ཟེར་བའི་ཉིད་རང་སྨོན་པ་འཆོར་གཞི་དང་ཅི་ཡང་འགལ་མི་འདུག་པས། བསྡུས་ནས་བཤད་ན་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཟེར་བའི་མིང་འདི་ཁོ་ན་ཉིད་ཀྱི་མིག་ལ་མ་འཁོན་དོགས་ཞིག་ཡོད་ཡོད་འདྲ་པས། དེ་ལ་ཀླན་ཀ་འཚོལ་བ་དང་ཕྲག་པ་དོག་པ་མི་ཟེར་རང་ཟེར་རེད།
འོ་ན་ཁྱེད་ཀྱིས་སྒྲུབ་པའི་བོད་ཀྱི་སྐད་ཡིག་ཚགས་པར་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ལས་དོན་ཐད་ཀྱང་ཞིབ་བལྟས་བྱས་པ་ཡིན་ན། ཁྱེད་ཀྱིས་འདོད་པའི་ཡི་གེའི་སྙིགས་རོ་དག་དང་ཨ་ན་མ་ན་ཆགས་འདུག་པ་ལས་དམིགས་བསལ་གྱི་ཁྱད་ཆོས་འདྲ་གཞར་ཡང་མི་འདུག་ཅེས་སྨྲ་མི་ཐུབ་པ་ཅུང་ཙམ་མི་འདུག དེས་རྒྱུ་མཚན་ནི་ཁྱེད་ཚོ་སུས་ཀྱང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐད་ཀྱི་རྩོམ་ཡིག་ཡག་པོ་གཅིག་ཀྱང་ད་བར་མ་འཁྱོང་བས་ཀྱང་གསལ་བཤད་བྱས་འདུག་ན། ཀླུ་སྨྱོན་གྱི་ལས་འགུལ་འདིར་འདི་ལྟའི་མ་དགའ་སྡང་གཟུགས་བྱེད་དོན་ཡེ་ནས་མེད་པ་འདྲ།
ཡང་ཁྱེད་ནས་གཏམ་དང་གྲགས་པ་དངུལ་དངོས་ཞེས་གླེང་ཡོང་དུས། མཐར་གཏུག་རང་ཉིད་ཚད་མར་སྒྲུབ་འདོད་པ་དེ། ༼ བདག་གིས་བག་ཙམ་གཟབ་ནན་བབ་བརླིང་གིས་བྲིས་པའི་འབོལ་རྩོམ་དང་སྙན་ངག་གི་དག་གི་ཡ་མཐའ་ནས་གཞལ་ནའང་འདྲ། ཅུང་ཙམ་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་བོད་འགྱུར་མ་དག་གི་མ་མཐའ་ནས་བརྩིས་ནའང་ཆོག ༽ ཅེས་པས་ཀྱང་མཚོན་འདུག་པས།
སྐུ་ཉིད་ནས་སེམས་ཁྲལ་བྱས་པའི་བཙན་བྱོལ་རྩོམ་རིག་གི་མྱ་ངན་མཆོད་འབུལ་ལ་སྒུག་པ་ནི་ཡ་མཚན་དངོས་བྱུང་ཞིག་མིན་ན་ཅི་ཡིན། དངོས་གནས་མྱ་ངན་བྱེད་འདོད་ཡོད་ན།་གནའ་ནས་བྱས་ཆོག་མོད་ཀྱང་། ཀླུ་སྨྱོན་སྒེར་བ་ཞིག་གི་ལས་འགུལ་ནས་མྱ་ངན་བྱེད་བློ་འཁོར་བ་དེའང་ཁྱེད་ཀྱི་བླ་ན་ཡོད་པའི་གཤིས་ཀ་དེ་འབུར་ཚུགས་སུ་ཐོན་པ་མ་ཡིན་ནམ།
དཔེ་མཚོན་གཅིག་ལ། བོན་རྒྱས་བྲིས་པའི་འབེལ་རྩོམ་རིན་པོ་ཆེ་དང་འཇིགས་མེད་བློ་གྲོས་ཀྱི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུངས་འདྲ་བ་ཞིག་ཁྱེད་ཕར་ཞོག ཁྱེད་ཚོའི་སྐད་ཡིག་ལས་འགུལ་བ་རྣམས་བསྡུས་ཤིང་བསྡོམས་ཏེ་འབྲི་དགོས་ན། ཕལ་ཆེར་ཁེག་ཚོད་དུ་གདའ་བས། དོན་མེད་ལ་སྐད་གྲགས་འཇོག་སེམས་མ་བཅངས་ན་ལེགས་ཤིང་། དོན་མེད་དུ་ཀླན་ཀ་མ་འཚོལ་ན་འོས་ལ། དོན་མེད་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་གྱིས་བཙན་བྱོལ་རྩོམ་རིག་དུར་ཁྲོད་དུ་བསྐྱལ་བསམས་པ་ནི་ཁྱེད་ཁོ་ན་ཁྱེད་རང་གི་མཁས་པར་ཆགས་པས་སེམས་བྱུང་དེས་རྐྱེན་ཉག་ཅིག་མིན་ན་གང་ཡིན་ནམ། སྙིང་རེ་རྗེ་བའི་སྐལ་བཟང་ལུང་རིགས་ལགས།
གཞན་ཡང་ཀླུ་སྨྱོན་རྩོམ་རིག་བྱ་དགར་གང་བསྐུར་གྱི་ཡི་གེ་ཡོད་ཚད་ཁ་བརྡར་བཀོད་པ་ནི་རྩོམ་རིག་གི་ཆོག་གོ་ཅེས་པའི་དོན་དག་ཅིག་མ་རེད་ལ། དེ་ནི་ཁྱེད་དང་ཁྱེད་འདྲ་བ་དག་ལ་ག་འདྲ་འདུག་ཅེས་པའི་དྲི་བ་རྐྱང་རྐྱང་རེད་འདོད་པས། དངོས་གནས་རྩོམ་རིག་གི་བསྟན་པར་ཤ་ཚ་ན། རྩོམ་ཡིག་དེ་དག་གི་ཞབས་མཆན་ནང་རྒྱུ་མཚན་དང་བ་འདྲེན་ན་ཆར་ལྟར་མི་འཇོ་དོན་ག་རེ་ཡིན་ནམ།
དུས་བབ་ན་འདི་ལ་འདྲེ་མེ་འབུད་ཟེར་བ་དེ་དང་ཁ་བརྡ་རུ་གནམ་ལྕགས་ཟེར་བས་རྒྱབ་སྐྱོར་བྱས་ཡོད་པ་རེད། དེས་ཀྱང་གཞན་རྗེས་མ་སྙེགས་པའི་ན་ཟུག་ཕྱིར་བཏོན་གསལ་བོ་བྱས་ཡོད་པ་རེད།
བཟོ་བཅོས། ཚིག་དུམ་མཐའ་མ།
༼ གཞན་ཡང་ཀླུ་སྨྱོན་རྩོམ་རིག་བྱ་དགར་གང་བསྐུར་གྱི་ཡི་གེ་ཡོད་ཚད་ཁ་བརྡར་བཀོད་པ་ནི་རྩོམ་རིག་གི་མཆོག་གོ་ཅེས་པའི་དོན་དག་ཅིག་མ་རེད་ལ། དེ་ནི་ཁྱེད་དང་ཁྱེད་འདྲ་བ་དག་ལ་ག་འདྲ་འདུག་ཅེས་པའི་དྲི་བ་རྐྱང་རྐྱང་རེད་འདོད་པས། དངོས་གནས་རྩོམ་རིག་གི་བསྟན་པར་ཤ་ཚ་ན། རྩོམ་ཡིག་དེ་དག་གི་ཞབས་མཆན་ནང་རྒྱུ་མཚན་དང་བ་འདྲེན་པ་ཆར་ལྟར་མི་འཇོ་དོན་ག་རེ་ཡིན་ནམ།༽
དོ་དགོང་ངས་ཨ་རིའི་སྲིད་འཛིན་ཨོ་སྦ་མས་ཨ་རིའི་གྲོས་ཚོགས་ནང་ཚོང་པ་ཆུང་གྲས་རིགས་ལ་ཁྲལ་ཆག་ཡང་གཏོང་གི་ཡིན་ལུགས་གཏམ་བཤད་བྱེད་དུས། སྤྱི་མཐུན་ཚོགས་པའི་ཚོགས་མི་རེ་ཟུང་གིས་བྱིས་པ་ལྟར་མཛུབ་མོས་ཁ་ཤ་ཕར་འཐེན་ཚུར་འཐེན་བྱེད་བཞིན་ཨ་བོ་ཨ་བོ་ཞེས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་བཞིན་པ་ཞིག་བརྙན་འཕྲིན་ལས་མཐོང་སོང་། ལྟ་བཞིན་ལྟ་བཞིན་དེ་ལ་དགོད་ཀྱང་བྲོ་སོང་ལ་ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ཁེ་དབང་ལ་བསམ་བློ་གཏོང་བཞིན་ངོ་མཚར་ཡང་སྐྱེས་སོང་། དེ་རིང་ནི་ལས་འགུལ་ཆེ་ཆུང་གང་ཞིག་སྤེལ་ཡང་དེ་ལ་ངོ་རྒོལ་བྱེད་པའི་དུས་ཚོད་ཅིག་ཡིན་པ་འདྲ།
ངའི་གྲོགས་པོ་རྟ་ནག་དང་གནམ་ལྕགས། བསྟན་འཛིན་ཤེས་རབ་གསུམ་གྱིས་ཁོ་བོར་ཤ་ཚ་སྙིང་ཉེ་བའི་སྒོ་ནས་ཐེངས་འདིའི་ལས་འགུལ་ལ་ལམ་སྟོན་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། བོད་ནང་དུ་རྩོམ་པ་མོ་སྨིན་དྲུག་ལགས་ཀྱི་སྨིན་དྲུག་ཟ་ཁང་། སྲིན་མོ་རོགས་སྐྱོར་ཚོགས་པ་དང་ར་རྒྱ་འཇིགས་མེད་རྒྱལ་མཚན་སློབ་གྲྭ་སོགས་མི་སྒེར་བའི་མིང་སྤྱད་དེ་ཚོགས་པ་དང་སློབ་གྲྭ་བཙུགས་ཡོད་པ་རེ་ཟུང་ཡོད་ཅིང་། སྙན་ངག་མ་སྨིན་དྲུག་དང་སྲིན་མོ། རྒན་འཇིགས་མེད་རྒྱལ་མཚན་སོགས་ཁོ་བོ་ལྟ་བུས་འགྲན་ཐུབ་པ་ཞིག་མིན་ཡང་། ངས་རང་ཉིད་ཀྱིས་རྩོམ་རིག་གསར་རྩོམ་ལ་མི་ཚེ་ཕྱེད་ཀ་བཏང་བའི་ཀྱག་ཀྱོག་གི་ལམ་བུར་རྗེས་དྲན་བྱེད་ཆེད་དུ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་པ་ཞིག་གི་མགོ་བཙུགས་པ་འདིར་གྲོགས་པོ་གང་ན་སུ་བཞུགས་དག་གིས་དྲང་ལྡོག་ཅི་རིགས་ནས་རྒྱབ་སྐྱོར་དང་ལམ་སྟོན་གནང་བར་དགའ་བསུ་ཞུ་གིན་ཡོད། ཡིན་ཡང་ཁོ་བོ་མ་ཤི་བར་དུ་རྩོམ་རིག་བྱ་དགའ་འདི་མང་ཉུང་ལ་མ་ལྟོས་པར་སྤྲོད་མཚམས་འཇོག་རྒྱུ་མིན་ལ་དེའི་མིང་ཡང་བརྗེ་བོ་རྒྱག་གི་མིན་པས། འདི་ཡང་ཐུགས་ལ་བསྣམ་པར་འཚལ།
གོང་གི་གྲོགས་པོ་རྟ་ལྷ་བསྟན་གསུམ་ལགས། ཁྱེད་རྣམ་པས་ཀྱང་རྒྱ་གར་ནག་གི་གྲོང་ཁྱེར་དང་ཕྱི་གླིང་བའི་གྲོང་གསེབ་གང་རུང་རེར་ཉུལ་ཡོད་ངེས་པས། ལས་འགུལ་ཆུང་ཆུང་ཞིག་དང་ཟ་ཁང་ཆུང་ཆུང་ཞིག་གི་མིང་ལ་ཡང་ལས་འགུལ་བ་དང་སྦྱིན་བདག་དེའི་མིང་འདོག་སྟངས་ཤིག་གནའ་ནས་འཛམ་གླིང་ཡོངས་ཁྱབ་ཆགས་བསྡད་ཡོད་པས། ངས་རང་གི་མིང་རང་གིས་སྤེལ་པའི་ལས་འགུལ་ཆུང་ཆུང་འདིའི་མགོར་སྦྱར་བ་ཙམ་ཞིག་གིས་ཁྱེད་རྣམ་པར་དེ་ཙམ་བཞུགས་བློ་མི་བདེ་བ་ཞིག་བཟོས་ཡོད་པར་ཞིབ་ཏུ་བསམས་ན་ཁོ་བོར་ཞལ་རྩེད་རྩེད་བཞིན་ཡོད་པའི་སྣང་བ་ཞིག་ཀྱང་བཅོས་མིན་དུ་འཆར་ཡོང་། ངེད་ཅག་གྲོགས་ནང་ཚགས་བར་དུ་འདི་ལ་ཁྱད་པར་ཞེ་དྲགས་མེད་མོད། བྱེད་སྟངས་འདི་ལ་མི་རིགས་གཞན་པ་ཞིག་གིས་བལྟས་ན། ད་དུང་བོད་པའི་རང་མི་འབུར་འཇོམ་རིང་ལུགས་ཀྱི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་བཞིན་ཡོད་པའི་དཔེ་མཚོན་རྨ་མེད་པ་ཞིག་ཀྱང་ཡིན་པའི་ངེས་པ་ཅི་བས་ཀྱང་རྙེད་ཐུབ་ཀི ད་འོ་ན་ངས་རྡ་རམ་ས་ལ་ནས་ཀླུ་སྨྱོན་ཟ་ཁང་ཞེས་པ་ཞིག་སྒོ་ཕྱེས་ན་ཡང་ཁྱེད་ཅག་དུས་དང་རྣམ་པ་ཀུན་ཏུ་དེའི་ནང་དུ་ཟ་མ་བཟའ་གི་ཡོང་གི་མིན་ནམ། རྣམ་པར་ཀུན་ཏུ་མཚུངས་པའི་ཕྱིར་ཏེ། ཀླུ་སྨྱོན་རྩོམ་རིག་བྱ་དགའ་ནི་རྩོམ་རིག་བྱ་དགའ་ཁྲི་སྟོང་གི་བྱེ་བྲག་ཅིག་དང་། ཀླུ་སྨྱོན་ཟ་ཁང་ཡང་ཟ་ཁང་སྟོང་གི་གྲུབ་ཆ་ཆུང་ཆུང་ཞིག་ཡིན་པས་སོ།།
ཀླུ་སྨྱོན་གྱི་རྩོམ་རིག་གཟེངས་རྟགས་ཀྱི་མིང་དེར་ང་འདོད་པ་མེད་པ་རྒྱུ་མཚན་ལ་བསམ་བློ་བཏངས་ནས་སྔར་ཞུས་ལྟར་ཡིན་མོད། ལས་འགུལ་དེ་འདྲ་རྒྱབ་སྐྱོར་མི་བྱེད་དོན་རྩད་ནས་ཡོད་པ་མ་རེད།
གསང་མི་འདྲ་བ་དག་ཏུ་སྦས་ཤིང་བསྐུངས་ཏེ་ངོ་གདོང་རྗེན་པ་བསྟན་དུ་མི་ནུས་པ་དག་ལ། ཀླུ་སྨྱོན་སྙན་ངག་གི་རྒྱལ་བོ་ཡིན་མིན་དེ་མིག་སྔའི་བོད་རྩོམ་རིག་གི་གནད་དོན་ཞིག་ཡེ་མ་རེད། ཀླུ་སྨྱོན་རྩོམ་རིག་བྱ་དགའ་སུ་དང་གང་ལ་བསྟབ་མིན་ཡང་བདག་ལ་བཅོལ་གཏོགས་རྦད་དེ་མེད་པ་ཞིག་རེད། གཙོ་བོ་སྒྱུ་རྩལ་རྩོམ་རིག་ལ་བརྩམས་ཆོས་རང་སྟེང་གི་རིན་ཐང་ལ་དབྱེ་ཞིབ་བྱ་རྒྱུ་གང་ཞིག་ལ། དེང་སྐབས་ཀྱི་འགྲན་རྩོམ་དུ་བསྙད་དེ་དག་ལ་རྩོམ་རིག་གི་རིན་ཐང་ཞེས་པ་ཞིག་ལྟ་ཞོག་གི གད་སྙིགས་ཙམ་གྱི་རིན་ཐང་ཡང་ཡེ་ནས་མི་འདུག་ཅེས་པ་དེ་ཡིན།
དེང་གི་སྐབས་སུ་ཀླུ་སྨྱོན་ལ་བརྒྱ་ཆ་བརྒྱ་ཐམ་པའི་རྒྱབ་སྐྱོར་དང་ཡི་རང་ཡོད།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
ཆོས་མཆེད་ཀྱི་གྲོགས་པོ་ཀླུ་སྨྱོན་ལགས། མཆོག་ཉིད་དེང་དུས་སྐུ་གཟུགས་བདེ་ཐང་ཡིན་པར་དགའ་སྤྲོ་བརྟས།
ལྷག་པར་དུ་(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)ཞེས་སྙན་རྩོམ་ཕྱོགས་སྒྲིག་དང་བཟང་ངན་འགྲན་རྩོམ་གྱི་ཕྱག་ལས་གནང་བར་འདི་བོད་བསྟན་སྲིད་ཀྱི་སྲོག་རྩ་འཛིན་སྐྱོང་སྤེལ་གསུམ་གནང་བ་ཡིན་པས་སྙིང་ནས་དགའ་བསུ་དང་ཡི་རང་ཡོད། དེས་ན་བདག་གིས་ཐོལ་རྩོམ་དེ་གཟིགས་འབུལ་ཞུས་པ་ཡིན་ལགས། གང་ལྟར་ཁྱོད་རང་ཡོད་ས་ཐོན་པ་ཚང་མ་ཁ་བརྡ་དྲ་ཐོག་འགོད་ཀྱིན་ཡོད་ན་ཚང་མ་འགོད་ན་མི་བཟང་ངམ། ཁ་བརྡ་དྲ་བ་ལས་ལྷག་གི་བཟང་ངན་ཀུན་འཛོམས་ཀྱི་དོ་ར་ནི་ཕྱི་སྡོད་བོད་མིའི་དྲ་བ་ལ་མི་འདུག་པས། དེས་ན་རྩོམ་བཟང་ངན་ཐམས་ཅད་མདུན་དུ་བཤམས་ནས་གཟོད་བྱ་དགའི་རྟེན་འབྲེལ་ལ་ཚེས་ན་ཤིན་ཏུ་ལེགས། སྙན་ངག བྱ་དགའ་སྒྲོ་ལོ་འབུམ་བརྒྱ་སྤྲོད་རྒྱུ་ཡོད་རུང་། ཕུལ་ས་དེ་ནི་ཡག་པོ་དང་དང་དྲང་བདེན། དེ་མིན་གོ་རྒྱུ་མྱོང་རྒྱུ་མེད་པའི་དེབ་རྒན། དཔལ་འབྱོར་ཁོ་ན་གཉེར་བའི་ཚོང་ལས། མ་འོངས་མདུན་ལམ་མེད་པའི་འཆལ་རྩོམ། རིག་གཞུང་གཏོར་གཤིག་རྩོམ་པའི་ལོག་རྩོམ། རྫུན་དང་གཡོ་སྒྱུས་བསྒྲིགས་པའི་ལོ་རྒྱུས་དང་ཆོས་འབྱུང་། རང་ཕྱོགས་ཁོ་ན་གཉེར་བའི་ཆགས་རྩོམ། གཞན་ཕྱོགས་ཁོ་ན་སྡང་བའི་འཇིགས་རྩོམ། བླང་དོར་མི་ཤེས་པའི་བཙན་སྒྲིག་སོགས་ངན་གཡོ་བརྩེ་བྲལ་གྱི་རྩོམ་རིགས་རྣམས་ལ་ངོ་སོ་དང་མཐོང་ཆེན་སྤྲད་ན། འབྱུང་འགྱུར་བོད་མའི་ཆོས་སྲིད་ལ་བསྟན་བཤིག་བཏོང་བ་འམགནོད་པ་ཡིན་པས་མཁྱེན་པས་དགོངས་ཤིག།
དེས་ན་རྩོམ་ཡིག་ཕུལ་བྱུང་ཞིག་ལ་དོན་དངོས་ཀྱི་གནས་ཚུལ་དང་ཕུག་མདུན་ལ་ཕན་བདེའི་ཕྱག་ཡང་གནང་མར་བཛོད་ཅིག །
ཅི་དྲན་དུ་ཤྲྰིས་གུས་ཕུལ། །
འདི་ནི་བཏང་ན་རྫ་མ་ཆགས་འགྲོ་བ་དང་མ་བཏང་ན་ལག་པ་འཚིག་འགྲོ་བའི་དཔེ་ལྟར་རེད། རྟ་ནག་གི་སྐད་ཆའི་སྒྱུ་རྩལ་དང་ཟུར་ངོས་རེའི་བདེན་པ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ། ཀླུ་སྨྱོན་སྒེར་གྱིས་འདང་རྒྱག་ཕྱོགས་དང་ཁེ་དབང་ལ་གུས་བརྩི་ལོས་ཡོད། ད་དུང་འགྱུར་བ་མེད་ཅེས་པའི་སྐད་ཆ་འདི་ལེགས་ཀི། ཡི་གེའི་གད་སྙིགས་ཟེར་ན་རྒྱུན་ལྡན་གྱི་དྲ་ཚིགས་ཁག་གི་ནང་དུ་སོང་ནས་ལྟོས་ར་ཡོད་ནི་རེད། དེ་མིན་ད་ཐེངས་ཀྱི་འདི་ཚོ་ས་ཆའི་ཚོད་ཀྱི་རི་དྭགས་འདྲ་བོ་ཡིན་ནི་རེད། རང་ཉིད་ནང་དུ་ཐེ་བའི་རྒྱུ་མཚན་མིན། ངའི་སྙན་ངག་འབོད་པ་དེ་སྔོན་ནས་སེང་རྡོར་དྲ་བར་བཀོད་ཟིན་པ་དང་དེར་ལེགས་ཤོས་ཀྱི་གྲས་སུ་བཞག་འདུག་པས་བསྐྱར་གཏོང་བྱས་ཡིན། དམིགས་ཡུལ་ནི་བྱ་དགའི་ལག་ཁྱེར་མིན་པར་སྒོར་མོ་དེ་རང་ཡིན། དེ་ལས་རྒྱ་ཆེ་རུ་བཏང་ན་ཀླུ་སྨྱོན་ནི་རྩོམ་རིག་ཕྱོགས་ནས་རྩེད་ར་བསྒྲིགས་རོགས་ཤིག་ཡིན་པས་རྒྱབ་སྐྱོབ་ལྟ་བུ་ཡང་ཡིན། དེ་ལས་གཞན་དམིགས་ཡུལ་ཅང་མེད། མི་རིགས་ཀྱི་རྩོམ་རིག་དང་སྐད་ཡིག་བསམ་པ་ཡང་མིན།
༼ཀླུ་སྨྱོན་རྩོམ་རིག་བྱ་དགའ༽ཞེས་མིང་དུ་བཏགས་པ་ཙམ་ལ་དེ་འདྲའི་མ་དགའ་བ་བྱེད་དགོས་དོན་མེད་པ་ཞོག་རེད། ཀླུ་སྨྱོན་ཞེས་བཏགས་ན་མི་འོས་པར་བཤད་པའི་སྐད་ཆ་དེ་ཚོའི་སྣེ་མོར་བཏགས་པའི་རྒྱུ་མཚན་དེ་ཚོ་ནི་མདོར་བསྡུས་པ་ཡིན་ན། ༼ཕྲག་དོག༽ཅེས་པ་འདིའི་རང་མཚང་བསྟན་པ་ཙམ་རེད། སྐད་ཆ་དྲང་མོར་བཤད་ན། ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་དང་ཆབ་བྲག་ལྷ་མོ་སྐྱབས་གཉིས་ནི་རྩོམ་རིག་ཐད་ནས་བྱས་རྗེས་མངོན་གསལ་མཐོང་རྒྱུ་ཡོད་མཁན་རེད།
འདིར་དཔེ་མཚོན་ཅིག་བཀོད་ནས་བཤད་ན། ཧོར་གཙང་འཇིགས་མེད་ལ་མཚོན་ནའང་མདོ་སྨད་ལོ་རྒྱུས་ཟེར་བ་དེ་མ་བསྒྲིགས་གོང་ལ་བྱས་རྗེས་ཅན་གྱི་གྲས་སུ་བརྩི་བ་རེད། མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ་བསྒྲིགས་རྗེས། ཁོང་གི་བརྩམས་ཆོས་འདི་དྲང་བདེན་གྱི་ཕྱོགས་ནས་མ་བསྡད་རབས་དང་། ཕྱོགས་རིས་ཀྱི་ཧམ་བཤད་མང་རབས། ལོ་རྒྱུས་ཀྱི་ནང་དུ་རང་གི་སེམས་ཚོར་བསྲེས་མང་རབས་སོགས་གླེང་ནས་ཁོང་གི་མཚན་སྙན་གྲགས་ལ་གས་ཆག་ཅིག་ཏོང་ཨེ་ཐུབ་ལ་བལྟས་པ་ད་ལྟ་དུས་བབ་དང་ཁ་བརྡའི་ནང་ལ་ཀློག་རྒྱུར་ཡོད་པ་འདི་རེད། དེ་ཡང་མདོར་ན། ༼ཕྲག་དོག་༽གི་ནད་ཀྱིས་ཐེབས་པ་ཚོས་སྨྱོ་བཤད་གཟའ་བཤད་ཀྱི་མཇུག་འབྲས་རེད། སུ་གང་ཡང་རང་གི་སྔོལ་ལ་ཤོར་མི་ཆོག་པར། ཁྱེད་རང་གི་དམའ་ས་ཞིག་ནས་སྡོད་དགོས་རྒྱུའི་རེ་བའི་མིག་འབུར་གཏོད་སྟངས་འདི་ཅིག་འཇིགས་ག
ངོ་ཚོ་སུ་ཡིན་ནའང་། ཕན་ཚུན་ལ་རྒྱབ་སྐྱོར་དང་། གཞོགས་འདེགས་རེ་མི་ནུས་ནའང་། ཕྲག་དོག་ཁོ་ན་བྱས་ནས་སྡོད་རྒྱུ་འདི་སྤང་འོས་པ་ཞིག་རེད། ཅི་སྟེ་རང་ཉིད་ཁོ་ན་ལས་རྒྱལ་མི་ཆོག་འཕུར་མི་ཆོག་པར་བསམ་པ་འདི་བསྒྱུར་བཅོས་ཀྱི་རེ་བ་མེད་པ་ཡིན་ན། རང་ཉིད་འདི་ལས་མཐོ་ས་ཞིག་ལ་མཆོང་དགོས་པ་རེད། དེ་མིན་ཀླུ་སྨྱོན་གྱིས་བཤད་པ་དེ་རེད། ཁོས་༼དྲག་ཆར་རླུང་འཚུབ་ཇི་ལྟར་ལྡང་ན་ཡང་ཉམ་ཆུང་གི་གྲུ་གཟིངས་འདི་མུ་ནས་མུ་རུ་བསྐྱོད་རྒྱུ་ནི་འགོག་ཏུ་མེད་པ་ཞིག་ཡིན་ནོ།།༽ཞེས་དམ་དུ་བཅས་སོང་བ་འདི་ཤིན་ཏུ་ནས་ལེགས་པར་མཐོང་གི་ཡོད།
དྲིན་ཆེན་ཚོ། ཕྲག་དོག་ཟེར་བའི་གད་སྙིགས་འདི་སེམས་ནས་འདོར་དགོས་ཡ།
ཁྱེད་ཚོས་རྩོམ་ཡིག་འདྲ་འགྲན་བསྡུར་བྱས་ནས་དགའ་མདོག་ཁ་བོ་བྱེད་ཀྱི་འདུག་མོད། བཀའ་ཁྲི་གསར་བ་བློ་བཟང་སེང་གེས་བོད་ཡིག་ནི་འཛིན་གྲྭ་བརྒྱད་པ་བར་གྱི་ཨང་རྩིས་སློབ་ཁྲིད་བྱེད་རྒྱུར་ཡང་ཕན་ཐོགས་ཡོད་པའི་སྐད་ཡིག་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་མི་འདུག བོད་ཡིག་གི་ཐོག་ནས་རྩོམ་ཡིག་འགྲན་བསྡུར་བྱེད་ཀྱི་ཡོད་ལབ་ན་བློ་བཟང་སེང་གེས་ག་ཚོད་དམའ་འབེབ་བྱེད་ཀི་མ་རེད་དམ། བོད་གཞུང་གི་བཀའ་ཁྲིའི་ཁྲི་ཐོག་ནས་བོད་ཡིག་ལ་མཐོང་ཆུང་དང་དམའ་འབེབ་བྱེད་མགོ་ཚུགས་འདུག འོ་ན་རྒྱ་མིས་བོད་ཡིག་བེད་སྤྱོད་མེད་པའི་སྐད་ཡིག་ཞིག་ཏུ་བརྩི་བར་ཡ་མཚན་སྐྱེས་དོན་མི་འདུག
བོད་ནང་གི་རྩོམ་པ་པོ་དང་བཙན་བྱོལ་ཁྲོད་ཀྱི་རྩོམ་པ་པོ་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་ཞིག་ཡོད་པ་ནི། བོད་ནང་གི་རྩོམ་པ་པོ་ཚད་ལྡན་རྣམས་ཀྱིས་བྲིས་བའི་རྩོམ་ནི་བརྗོད་བྱ་དོན་གྱིས་ཕྱུག་ཅིང་སྔོན་བྱོན་མཁས་པའི་གསུང་དག་ལ་ཚད་མར་འཛིན་པ་དང་། རྩོམ་ལུས་ཀྱི་ཆ་ནས་སྒྱུ་རྩལ་འབུར་དུ་ཐོན་པའི་ཁྱད་ཆོས་འདུག་ལ། བཙན་བྱོལ་ཁྲོད་ཀྱི་རྩོམ་ཡིག་ལ་ལ་ནི་ཚིག་གི་ལོ་མས་བསྒྲིབས་ཅིང་བརྗོད་བྱའི་ཐད་ནས་དམན་པ། བྲིས་བྲིས་ཚང་མ་ཁུངས་མེད་ལ་ཁུངས་བཙལ་ནས་སྔོན་བྱོན་མཁས་པའི་གསུང་ལ་ཚད་མར་མི་འཛིན་པ་ཤ་སྟག་འདུག་ལ། རྩོམ་རིག་གི་གཞུང་ལུགས་ཤིག་མེད་པ་དེ་བས་ཀྱང་ཐབས་སྐྱོ་བ་དང་། འཆར་ཡན་རིང་ལུགས་དང་རང་སྣང་གང་དྲན་ལས་མ་འདས་བས་གད་སྙིགས་རང་ཡིན་པས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཕན་ཐོགས་མེད་དོ།།
མི་རྣམས་ཀྱི་སེམས་པ་འདི་ལྟར་སྙི་མོ་ཞིག་རེད།
ཀླུ་སྨྱོན་གྱིས་རང་གིས་དགའ་ཕྱོགས་ལྟར།
བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་དག་ལ།
ཨ་སྒོར་སུམ་བརྒྱ་རེ་སྤྲོད་ཀྱི་ཟེར།
དེ་ཐུགས་ལ་ཕོག་དགོས་པ་འ་ཡོད་བསམ།
གལ་སྲིད་དེ་འདྲའི་ལས་འགུལ་ཞིག
ཀླུ་སྨྱོན་མིན་མཁན་ཞིག་གིས་རྩོམ་ན་ཡང་།
རྒྱབ་སྐྱོར་བྱས་ན་འགྲིག
ང་སེམས་ཁྲལ་ཆེ་ཤོས་ནི།
སྒོར་སུམ་བརྒྱ་དེ་ད་དུང་ཁོང་གིས་བསགས་ཡོད་ན་མེད་ན་བསམ་ནས་བསྡད་ཡོད།
ད་དུང་བསགས་མེད་ན་ད་བསགས་རན་རེད།
ལས་ཀ་རྒྱུགས་ན་འདྲ།
གྲོང་ཆོག་རྒྱུགས་ན་འདྲ།
ཟ་མཁས་འཐུང་མཁས་བྱས་ནས་བསགས་ན་འདྲ།
གང་ལྟར་སྒོར་སུམ་བརྒྱ་དེ་བསགས་དགོས་ནི་རེད།
འོ་དེས་ག་ལ་ཚད།
ཨང་དང་པོ་ག་ཚོད་ཡོད་མེད།
ཨང་གཉིས་པ་དེ་ག་ཚོད་ཡོད་མེད།
ཨང་གསུམ་པ་དེ་ག་ཚོད་ཡོད་མེད།
ད་དུང་ཨང་གཉིས་པ་དང་གསུམ་པ་ལ་ག་ཚོད་ཡོད་མེད་ཀྱང་གསལ་བོ་དག་པོ་བཟོ་དགོས་ནི་རེད་ཀོ
ཧཧཧ ད་ཀླུ་སྨྱོན་གྱི་ཁུག་མ་སྙིད་པ་བོ།
རྒྱ་མཚོ་ཁ་ནས་རླུང་གིས་བསྐྱོད་བཞིན།
ག་ཤད་ཅིག་ལ་་་་་་་་་་
འཚམ་འཚམ་ལ་བཤད་ན་སེམས་རྒྱ་ཆེ་ནས་ཆེ་ཚོད་མེད་པ།
མ་སེམས་ཅན་ཐམས་ཅད་དང་རང་ལས་གཞན་གཅེས་ཟེར་བ་འདྲ་བོ།
འཚམ་འཚམ་ལ་སེམས་པ་སྦུག་སུ་དོག་ནས་དོག་ཚོད་མེད་པར།
ལས་ཀ་ཕྲན་ཙམ་ལ་ཡང་ན་ཟུག་འབྱིན་པ་འདྲ་བོ།
ང་ཚོའི་མི་རིགས་འདི་ལ་ན་ཚ་ཅུང་ཟད་ཅིག་འདུག་ཁོ་ཐག
ད་ནི་ལྷ་རྗེ་ཡེ་ཤེས་དོན་ལྡན་ལ་ཐབས་ཤེས་མེད་ན།
གཞན་ལ་ཐབས་ཤེས་ཞིག་ག་ལ་ཡོད།
ཀླུ་སྨྱོན་གྱིས་རྩོམ་ཡིག་ཅུང་ཟད་སྣ་འགྲོ་ཞིག་གང་ན་འདུག
རེ་རེ་བཞིན་ཡ་བསྡུ་ཆ་བསྡུ་བྱས་ནས་ཕྱོགས་གཅིག་ཏུ་བཀོད།
ཁ་བརྡའི་དྲ་བར་བཀོད་པ་ལ།
བ་ལི་མའི་སྙ་མ་མ་ཚ་བར།
གླང་ཏིའི་རླུག་པ་ན་བ་འདི་ཡང་།
ན་ཚ་ག་རེ་ཟེར་རྒྱུ་བོ་རེད། ཧཧ
ཁྱོད་ཚོས་བརྩོད་པ་མིག་ན་རེག་བར་དུ་བལྟས་ཡིན། ཀླུ་སྨྱོན་རྩོམ་རིག་འགྲན་བརྩོད་ཕུལ་པའི་རྩོམ་ཡིག་རེ་ཟུང་ནི་རྩོམ་རིག་གང་གི་ཁོངས་སུ་གཏོགས་མིན་མི་ཤེས་པའི་ཚོར་སྣང་བྱུང། འོན་ཀྱང་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་མིང་ལ་རྒོལ་མཁན་ཚོར་ནི། ཕྲག་དོགས་ལས་གཞན་པའི་འགྲེལ་བཤད་ཞིག་དཀའ་ཚོད་རེད།
ཁ་ཅིག་ན་རེ། བོད་རིགས་རྩོམ་པ་པོས་བྲིས་བའི་རྩོམ་དག་ལ་བོད་ཀྱི་རིག་གཞུང་གི་ཆ་ཤས་སུ་གྱུར་བའི་རྩོམ་ཡིན་པས་ཁྱབ་ཟེར་ན། དམར་ཕྱོགས་ཀྱི་ལྟ་བ་དང་འདྲེས་བའི་རྟ་ནག་གི་རྩོམ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་ཁ་ཅིག་གིས། བརྩམས་ཆོས་ཀྱི་བརྗོད་དོན་ཡིན་ན་རྩོམ་པ་པོའི་བསམ་དོན་ཡིན་པས་ཁྱབ་ཟེར་ན། རྟ་ནག་གི་རྒོལ་གཏམ་རྩོམ་ཡིག་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། བཟློག་སྟེ་ཁྱབ་ཟེར་ན། གླུ་སྨྱོན་གྱིས་མཆན་བུ་བཏབ་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར།
སྡོད་སྡོད་སྡོད། ཨ་མདོ་བ་ལལ་འོང་གདོང་(དག་ཆ་མ་ངེས་སོ)མེད་ཟེར་བ་འདི་རེད།
སྤྱིར་ན་ཨ་ལགས་ཀླུ་སྨྱོན་ལ་ཀུན་སློང་རྨ་མེད་པ་ཞིག་ཡོད་ངེས་ཅན་རེད། བྱ་དགའ་འདི་ལ་བརྟེན་ནས་སྒོར་མོ་བཟོ་འདོད་ནི་གཞར་ནས་ཀྱང་ཡིན་མི་སྲིད་པ་ང་ཚོས་ཤེས་གསལ་རེད། འོན་ཀྱང་། ལས་འགུལ་འདི་ལ་བརྟེན་ནས་མིང་ཞིག་བཟོ་བསམ་གྱིན་འདུག་ཟེར་ནས་ཉེས་འགེབས་བྱས་ཀྱང་སྤྱིའི་ཆ་ནས་གཞི་རྩ་འཛིན་རྒྱུ་མེད་པ་ཞིག་མ་རེད། གང་ལྟར། དེ་དག་ཞོར་གྱི་དྲན་ཚུལ་ཙམ་ཡིན།
རྟ་ནག་གི་སྨྱུག་གུའམ་རྩོམ་གཤིས་དེ་ལེང་ཧྲན་རི་བོའི་དཔའ་རྒོད་དག་གི་རལ་གྲི་ལྟ་བུ་ཡིན། གཡོ་ཟོལ་དང་སྤྲེལ་ལད་མི་ཤེས། ཡིན་ན་ཡང་མཚམས་རེར་གླེན་རྟགས་ཀྱང་ཅུང་ཙམ་འདྲེས་ཡོད།
ད་སྐད་ཆ་ཐད་ཀར་དུ་བཤད་ན། ཀླུ་སྨྱོན་གྱིས་ཀྱང་རང་ངོས་ནས་རང་ཉིད་སྒེར་གྱི་མིང་དེ་བྱ་དགའི་རྟགས་སུ་བཀོལ་བ་ཅུང་བཤད་མི་བདེ་བ་ཞིག་ཏུ་གྱུར་འདུག་བསམ་སོང་། སྤྱིར་ན་བྱ་དགའི་དངུལ་དེ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལྟ་བུར་བྱིན་ནས་ཁོ་ཚོ་བརྒྱུད་ནས་སོང་ཡོད་ན། དེ་ཡང་ལས་ཕྱོགས་ཤིག་རེད།
ད་དེ་བས་ཀྱང་བཤད་མི་བདེ་བ་ཞིག་ནི། རྩོམ་པ་པོ་རྟ་ནག་པ་དང་། རྩོམ་པ་པོ་ཨ་ལགས་བསྟན་ཤེར་ལགས་སོགས་དོན་གྱི་རྩོམ་པ་པོ་དག་གིས་ཨ་ལགས་ཀླུ་སྨྱོན་གྱི་བྱེད་སྟངས་འདིར་མངོན་སུམ་དུ་སྐྱོན་བརྗོད་བྱས་སོང་བའི་རྗེས་སུ། ཐོབ་ཐང་མི་གསལ་བའི་མི་བུ་རེ་ཟུང་གིས་གཡས་དཀྲུགས་གཡོན་དཀྲུགས་བྱས་སོང་བ་དེ་རེད།
བདེན་པས་བསླུ་མི་སྲིད་ཀྱང་། བདེན་པ་བཤད་སྟངས་ཀྱིས་བསླུ་སྲིད། སྐད་ཆ་འདི་ནམ་ཡིན་རུང་སེམས་ལ་བཟུང་རོགས། དེ་སྔོན་ཞིག་ལ་བླ་བྲང་བསྐལ་བཟང་ལ་ཅིག་ཅིག་ཅིག་ཟེར་ནས་ལངས་རྒྱུ་མེད་པ་བཟོས་སོང་། དེ་ཡང་”ཨ་མདོ་བ་ཁ་རུ་ཁ་ཐུག་ཡིན། དྲང་པོ་དྲང་རྐྱང་རེད་” ཟེར་བའི་ཆོ་ལོ་དེའི་ཆེད་དུ་མི་ཁ་ཤས་ངར་གྱིས་ལངས་སོང་བ་དང་། དེར་མཐུད་པའི་རླབས་རྒྱུན་ནི་འཆར་གཞི་ཡོད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་ཡོང་ནས་རང་མེད་གཞན་མེད་བྱེ་ཐང་གིབསྐྱུར་ནས་བུད་སོང་བ་རེད།
ད་དུང་རྒྱ་མཚོ་ཡང་དེ་བཞིན་དུ་བྱས་སོང་། ཨ་་ཨ་་་ གྲངས་ཀ་བརྩིས་ན་སེམས་སྐྱོ་གི
སེམས་ཁུངས་ཀྱི་སྤུན་ཟླ་རྣམ་པ། ལུག་ཕོ་གཉིས་ཀྱིས་མགོ་བརྡུང་ན། མགོ་ཁྲག་ཨ་ཅེ་ཝ་མོས་ལྡག་ཡོང་། མང་པོ་མི་བཤད། བཤད་པའི་དུས་ཤིག་ལ་ངས་ཡོད་ཚད་སྐྱུགས་ནས་བཤད་ཀི་ཡིན། གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།
ཨེ་ཨེ་ཀླུ་སྨྱོན། ད་ཁྱོད་འདིར་གླགས་ཁེལ་རྒྱུ་མ་རེད།
ཆོས་གྲོགས་བསྟན་ཤེར་ལགས། གོང་གི་འདྲེ་མགོ་རྡོའི་མཆན་ཨང་དགུ་པ་དེར་ལན་རེ་འབྲི་རྒྱུ་མི་འདུག་གས། དེས་ཁྱེད་རྣམ་པ་ཟེར་ནོ་བསད་ལས་བཞག་ཡོད་ཀི ཡིན་ཡང་ཁོས་ང་ལ་ཡང་དགག་པ་རྒྱག་གིན་འདུག ཁོ་མི་ཕྱོགས་ལྷུང་མེད་པ་ཞིག་རེད།
དྲ་གྲོགས་རྟ་ནག་པ་ལགས། ཁྱོད་མཁས་ཉམས་མ་སྟོན་ཡ། ཀླུ་སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་དེར་ཞུགས་མཁན་གྱི་རྩོམ་ཡིག་དག་ལ་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ཅི་ཡང་མེད་ན་ཁྱོད་ཀྱིས་རིན་ཐང་ཡོད་པའི་རྩོམ་ཡིག་ཅིག་འབྲི་ནས་ཁ་བརྡའི་དྲ་བར་འགོད་དང་ང་ཚོས་བལྟ་ཆོག་ལ་ཁྱོད་ཀྱི་རྩོམ་ཡིག་དེ་ལས་ལེགས་ཆ་ཡང་ལེན་ཆོག
བོད་སྐད་ཡིག་གཙང་མའི་ཐོག་ནས་གངས་ཅན་ལྗོངས་ཀྱི་རྩོམ་རིགས་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་གནང་
བར་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་།
རྗེས་སུ་ཡིད་རངས་གྲངས་མེད་བཅས་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།
འོན་ཀྱང་མཚན་བྱང་དེ་ལོ་རྒྱུས་སམ་ངོ་བོའི་ཆ་ནས་མིང་ཞིག་མ་བཏགས་པར་གཙོ་བོ་སྦྱིན་བདག་རང་ཉིད་ཀྱི་མིང་དྲིལ་
བསྒྲགས་བྱས་པ་ལྟ་བུ་ཞིག་འདུག་པས་དེའི་དོན་སྙིང་ངམ་རྒྱབ་ལྗོངས་གང་གང་ཡིན་ནམ།
སྣྲོན་ཁྲི་ལགས། དེ་ལོ་རྒྱུས་ཀྱི་ཆ་ནས་ཡིན་པ་ནི་”ཀླུ་སྨྱོན་གྱིས་བརྒྱུད་པའི་དཀའ་སྡུག་ཆེ་ཞིང་ཀྱག་ཀྱོག་ཡིན་པའི་རྩོམ་རིག་གི་མི་ཚེ་ལ་རྗེས་དྲན་བྱེད་ཆེད་ཡིན་”ཞེས་པ་དེས་འཐུས་ཀི་མི་འདུག་གམ། དེས་མི་འཐུས་ན་ང་ལ་འགྲེལ་བཤད་གསར་བ་ཅི་ཡང་མེད། མིང་འདིར་དགག་པ་རྒྱག་མཁན་ཚོས་ངའི་རྩོམ་རིག་བྱ་དགའི་ལོ་རྒྱུས་ཀྱི་ལྗོངས་དེ་ལོ་གཅིག་སྔོན་གྱི་ཆེས་ཐོག་མའི་དུས་ཀྱི་གསལ་བསྒྲགས་ལས་མཐོང་ཡོད་པ་རེད། ཡིན་ཡང་ཁོ་ཚོས་ཁ་གཡར་ས་དེ་མིང་དེར་སྙད་བཞིན་པ་མ་གཏོགས་དོན་ངོ་མའི་ཆ་ནས་ད་ལྟ་དུས་ཚོད་ཛ་དྲག་གི་སྐབས་སུ་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་འདི་ཕྱིར་འཐེན་བྱེད་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
འདྲེ་རིག་ལྡན་གྱིས་བཤད་པ་ལྟར་རྟ་ནག་གི་སྨྱུག་གུ་འདི་ལེང་ཧྲན་རི་བོའི་དཔའ་རྒོད་གྲགས་ཅན། རླུང་བསྐོར་ནག་པོ་ལི་ཁུའི་སྟ་རེ་དང་མཚུངས་པ་རྣོ་ངར་གྱི་རང་གཤིས་ལྡན་མོད་ཨུ་ཚུགས་དང་གླེན་རྟགས་ཀྱི་རྒྱབ་ལྗོངས་དང་མ་བྲལ་བ་ཞིག་ཏུ་འདོད། རྒྱུ་མཚན་ནི་ཨ་ལགས་ཀླུ་སྨྱོན་འདི་རྩོམ་རིག་དང་སྒྱུ་རྩལ་ལ་དུང་དྲགས་པས་ཁོང་གིས་བརྒྱུད་མྱོང་བའི་ལམ་བུ་ལ་ཞེན་ཆགས་ཀྱིས་ཕྱི་མིག་འཕེན་པའམ་རེ་སྐུལ་གྱིས་སྐད་བརྡ་བཏང་བ་ཙམ་ལས་གཞན་གྱི་དམིགས་ཡུལ་མེད་པ་ནི་ཁོང་ལ་མངའ་བའི་ཡིན་མིན་དཔྱོད་པའི་རྣམ་དཔྱོད་དང་། བདེན་དོན་བརྩི་བའི་མི་གཞི། བཟོད་སྒོམ་ཐུབ་པའི་བློ་སྟོབས་སོགས་ཀྱིས་གསལ་བཤད་བྱེད་ཐུབ། ད་དུང་གཞན་གྱིས་བཤད་པ་ལྟར་དངུལ་ལ་བརྔམས་པའི་འདོད་ཞེན་གྱིས་སྤེལ་བའི་ལས་འགུལ་ཞིག་མ་ཡིན་པ་ནི་ང་ཚོས་ཟུར་བལྟས་ལེབ་མཐོང་རེད། དེ་ཡང་རྒྱུ་མཚན་ཡོད་དེ་སྤྱིར་རྩོམ་རིག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་ཉུང་བ་དང་ཅུང་ཟད་ཡོད་མཁན་རྣམས་ཀྱང་རྩོམ་པ་པོ་ལྷན་ཚོགས་གཙོ་བོར་བྱས་པའི་རྩོམ་རིག་ལས་འགུལ་པ་དག་གིས་རྩ་མེད་དུ་བྱས་ཟིན་པས་ད་ནི་སྒོར་རྡོག་གི་ཞབས་འདེབས་ཤིག་སུ་ལ་ཞུ། གལ་སྲིད་ཁོང་ཉིད་སྒོར་མོར་དགའ་བའི་སྐྱེ་བོ་འདོད་རྔམས་ཅན་ཞིག་ཡིན་ཚེ་ཁོང་ལ་སྤྲུལ་སྐུ་ག་གེ་མོ་ཞིག་གི་མཚན་གནས་ཡོད་པ་མ་ཡིན་ནམ་དེའི་ཐོག་ནས་སྒོར་མོ་མ་རེག་ཚེ་ལས་འགུལ་འདི་ཡིས་སྒོར་མོ་ཐོབ་པ་ནི་གད་མོ་འཆོར་དགོས་པ་ཟིག་མ་ཡིན་ནམ། ཧ་ཧ་ཧ།
དེ་རིང་ཚང་མ་རྒན་ཀླུ་སྨྱོན་གྱི་སྟེང་དུ་རུབ་སོང་། ཕྱོགས་གཉིས་ཀས་གསུངས་པར་རྒྱུ་མཚན་འདུག རྒན་ཀླུ་སྨྱོན་མཆོག་གིས་ལྷག་བསམ་དྲི་མ་མེད་པ་ཞིག་གི་ཐོག་ནས་བོད་པའི་གཞོན་སྐྱེས་རྣམས་ཀྱི་རྩོམ་རྩལ་ཡར་རྒྱས་གཏོང་ཆེད་ལས་འགུལ་འདི་འདྲ་ཞིག་གོ་སྒྲིག་གནང་བ་ནི་དགའ་བསུ་ཞུ་འོས་པ་ཞིག་ཡིན། འོན་ཀྱང་རྟ་ནག་མཆོག་གི་གསུངས་པ་བཞིན་རྩོམ་རྣམས་བརྗོད་བྱ་དང་། རྗོད་བྱེད། བརྡ་དག་སོགས་གང་ཐད་ནས་སྤུས་ཀ་དག་པོ་དགོས་པ་ཡང་གལ་ཆེན་པོ་རེད། དེས་ན་ཕན་ཚུལ་གཉིས་ཀར་ལྷག་བསམ་དག་པའི་བསམ་ཚུལ་རེ་ཡོད་པས་ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་སྨོན།
དེ་སྔོན་ཡིད་དམ་ལྷ་ཚོགས་རྣམས་ལྷན་དུ་འཛོམས་པའི་དུས། ཕྱག་ན་རྡོ་རྗེས་གུང་མཛུབ་དང་། མཐེ་བོང་ཟུང་བསྣོལ་ནས་པག་རིལ་ཞིག་རྗེ་བཙུན་སྒྲོལ་མར་བཞུས་པར། རྗེ་བཙུན་འཇམ་དབྱངས་ཐུགས་ཁྲོས་ཏེ་གང་བྱ་ཡི་ཡོད་ཅེས་ཕྱག་གཡས་པས་རལ་གྲི་གནམ་དུ་འཕྱ་བར། རྗེ་བཙུན་མི་ལས་ཕྱག་སྙན་མཆོག་ལ་སྦྱར་ནས་གང་གི་དོན་དུ་རེད་གསུངས་པར། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཕྱག་མཛུབ་གཉིས་བསྣོལ་ནས་འདིའི་དོན་དག་རེད་གསུངས་པར། འཕགས་པ་སྤྱན་རས་གཟིགས་ནས་ཕྱག་དང་པོ་གཉིས་གཡས་ཕྱོགས་དང་གཡོན་ཕྱོགས་སུ་བསྒྲེངས་ནས་ཁྱེད་རང་ཡང་ཡག་པོ་བྱས་ནས་བཞུགས། ཁྱེད་རང་ཡང་ཡག་པོ་བྱས་ནས་བཞུགས་གསུངས་པ་དང་། དེ་རྗེས་ཕྱག་གཞན་པ་གཉིས་ཐལ་མོ་སྦྱར་ནས་ཕན་ཚུན་བླ་མ་དཀོན་མཆོག་བྱ་དགོས་རེད་ཅེས་བཀའ་གནང་ནས་ཐབས་མཁས་ཐུགས་རྗེས་ཕན་ཚུན་རྩོད་པ་ཞི་བར་མཛད་པ་བཞིན་གནང་ཐུབ་ན་ཡག་པོ་འདུག
ཁ་བརྡའི་གསལ་བཤད་།
དང་པོ།
ཁ་བརྡའི་ནང་དུ་རྩོམ་འཇུག་མཁན་ཚོར་། རང་རྩོམ་དང་གཞན་རྩོམ་གཉིས་ཀ་འཇུག་པའི་གོ་སྐབས་སྤྲོད་བཞིན་ཡོད་།
གཉིས་པ།
ཁ་བརྡའི་ནང་དུ་རྩོམ་འཇུག་མཁན་ཚོས་། རྩོམ་རིགས་དང་འབྲེལ་བའི་ལས་འགུལ་སྤེལ་ན། དེ་ལ་ཁ་བརྡས་དགག་བྱ་གནང་གི་མེད་། འོན་ཀྱང་། ལས་འགུལ་ཇི་ལྟར་སྤེལ་དགོས་མིན་གྱི་ཕྱོགས་ལ། ད་ལྟ་ཚུན་ལ་ཁ་བརྡའི་ངོས་ནས་དམིགས་བསལ་སྒྲིག་གཞི་ཡང་མེད་།
གསུམ་པ།
མ་འོངས་པར། ཁ་བརྡའི་ནང་དུ་རྩོམ་འཇུག་གོ་སྐབས་ཡོད་མཁན་ཚོས་། རྩོམ་ཡིག་འགྲན་སྡུར་ལྟ་བུའི་ལས་འགུལ་སྤེལ་ཚེ། དེ་ལ་རོགས་ཕན་དང་དོ་དམ་ཇི་ལྟར་བྱེད་དགོས་མིན་ཐད་། ང་ཚོས་བསམ་ཞིབ་དང་གྲོས་བསྡུར་བྱེད་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com