འོད་གསལ་མཐའ་ཡས།
སྐྱེ་དགུ་ཡི་དགུང་གི་དུང་ཟླ་དཀར་པོའི་རང་མདངས།
སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་འམ་ནཱ་ག་ཧེ་རུ་ཀ་ལ་འཆར་བ་ཡིན་ནམ།
ཀྱེ་མ་སྐྱེ་རྒུ་ཕལ་ཆེར་གཉིད་དུ་ཡུར་སྐབས་ཤིག་ཏུ།
མཁྱེན་རབ་ཀྱི་རླབས་ཕྲེང་དེ་དགུང་དུ་ཕྱུར་བཞིན་པ་བདེན་ནམ།
རྩོམ་རིག་ཤེལ་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་ལ།
ཆུ་སྲིན་གདུག་པའི་ཁྲག་རླུང་གིས་འགྲམ་ལྕག་བཞུས་པ་དེ་ཚོར་སོང་ཡ།
གཟུགས་སྤོབས་ཅན་གྱི་རྩོམ་པ་པོ་ཕལ་ཆེ་བ་གཉིད་ལས་སད་ཅིང་མཆོང་ལྡིང་བྱེད་པ་ཡང་མཐོང་སོང་།
འཛམ་གླིང་ཞི་བདེའི་བྱ་དགའ་དེ་ཡང་ཤེས་ཡོན་དང་ལྷག་བསམ་ཅན་གྱི་སྐྱེ་བོར་གནང་བ་མ་ཡིན་ནམ།
འགྲོ་བ་མི་རྣམ་རང་དབང་ཐོབ་ཐང་ལ་བསྐྱོད་པའི་དུས་ཚུགས་སུ་འགའ་རེ་ད་དུང་ཡང་གཉིད་ཁུག་འདུག །
ང་ཚོ་བོད་མི་རིགས་ལ་ཁྱེད་ཀྱིས་སོ་ནམ་གསར་བ་ཞིག་དང་ཞི་བདེ་སོ་མའི་སྦྲང་ཆར་བསྙིལ་སོང་།
དེས་ནི་སྐྱེ་འགྲོ་རྣམས་ལ་ཞི་འཇམ་རྣམ་དཔྱོད་འཕེལ་ཕྱིར་ཤེས་རབ་ཀྱི་བློ་སྒོ་ཕྱེས་ཤིང་།
རིག་རྩལ་སྒོ་འཕར་འགྱེད་པའི་ལེགས་སྐྱེས་ཀྱང་གནང་བར་དྲན་ཐལ།
མིའུ་འགའ་རེ་ཧམ་སེམས་ཀྱིས་རང་འདོད་ཀྱི་རྒྱུགས་ཤར་འགྲན་པའི་དུས་སྐབས་དེར།
མཆོག་གིས་གངས་ཅན་སྤྱི་ཕན་གྱི་རྩོམ་རིག་བྱ་དགའ་དང་བགྲོ་གླེང་གནང་།
གོ་ལ་མི་མཐུན་གྱི་འབྱུང་བས་གནོད་པའི་ཚེ་མཆོག་གིས་ཐུགས་སྨོན་དང་བྱིན་རླབས་མཛད།
མི་རྣམས་ཕལ་ཆེར་ཡོད་ཚད་རང་ཉིད་ཁོ་ནས་ཆེད་དུ་གཉེར་བའི་ཚེ་མཆོག་གིས་སྤྱན་ཆབ་བྱིན།
སྲོག་ཆགས་ཕུག་རོན་དང་གྲོག་མ་ཡན་ཆོད་ལ་ཆོས་དང་འཚོ་བ་སྦྱིན་པའི་བཀའ་དྲིན་ཅན།
འདི་ནི་མཆོག་གི་གསེར་དངུལ་གྱི་རྟགས་མ་བརྒྱ་སྟོང་ཁྲི་འབུམ་གྱིས་མཚོན་དུ་མེད་དོ།
རྩོམ་པ་པོ་རིན་བྲལ་ཞིག་གི་འཆར་གཞི་དང་མདུན་ལམ་ལེགས་བསྐྱོད་གནང་བར་སྙིང་ནས་ཡི་རང་ཞུ།
བརྩེ་དུང་གི་སྤྲིན་གྱི་རྒྱ་མཚོ་ཆེན་པོ་བརྒལ་བའི་རྟོགས་བརྗོད་ལ་རིན་བྲལ་གྱི་ངེས་ཤེས་འཁྲུངས།
མཁྱེན་རབ་ཀྱི་རྨིང་གཞི་ལ་ལུག་རྫི་རྒན་པོའི་ཀི་སྒྲ་སྙན་དབང་དུ་སོན་ནས་ཕྱག་ལེན་གནང་།
འདིས་ཁྱེད་ཀྱི་རླབས་ཆེན་གྱི་སྙན་ངག་དང་མཛེས་སྡུག་ཀྱང་མཚོན་ཡོད།
བོད་ཟླ་བརྒྱད་པ་ཕྱི་མའི་ཚེས་པ་བཅོ་ལྔ་ལ་ཀླུ་སྨྱོན་ཧེ་རུ་ཀའི་བཞེད་དོན་དང་ཕྲིན་ལས་རྒྱས་པའི་སྨོན་ལམ་བཅས་འོད་གསལ་མཐའ་ཡས་ཀྱིས་རྒྱ་ནག་རི་བོ་གྲུ་འཛིན་གྱི་དབུ་རྩེ་ནས་གུས་ཕུལ།།
འོད་གསལ་འདི་མཁས་པ་ཞིག་ཡིན་པར་ཤེས་ཡོད། ཁྱོད་ཀྱི་དུས་དེབ་གསར་པ་((ལྷག་བསམ་གྱི་འོད་སྣང))་ལ་རྩོམ་རིག་ཚོགས་པས་དཔྱད་གཞི་ཙམ་མེད་པར་བརྟག་ཞིབ་མེད་པའི་རྟགས་ཤིག་རེད།
སྐུ་ཞབས་ཀླུ་སྨྱོན་ནི་སྐུ་ངོས་ནས་ཤེས་ཡོན་ཆེན་པོ་ཡོད་མཁན་ཞིག་དང་། གྲུབ་མཐའ་རིས་མེད་ལ་དག་སྣང་གནང་མཁན་གྱི་ཆོས་པ་ཡག་པོ་ཞིག་ཀྱང་རེད། ཁོང་གིས་ལྷག་བསམ་དཀར་བོའི་སྒོ་ནས་རྩོམ་རིག་བྱ་དགའ་ཞིག་གཞི་འཛུགས་གནང་བར་དགའ་བསུ་ཞུ་འོས། གང་ལགས་ཤེ་ན། དེང་སང་ཉམ་གྲབས་ཆེ་བའི་བོད་ཀྱི་རྩོམ་རིག་ལ་རྩ་ཆེ་བའི་དོ་སྣང་གནང་བའི་མཚོན་རྟགས་སུ་སོང་བས། བོད་ཀྱི་རྩོམ་རིག་མུ་མཐུད་དུ་མི་ཉམ་གོང་འཕེལ་དང་། ན་གཞོན་རྣམས་ལ་བོད་སྐད་ཐོག་ཏུ་རྩོམ་ཡིག་སྤེལ་བར་སྐུལ་མ་ཤུགས་ཆེན་ཐེབས་ཡོད། (བཤུས་ཐེངས་གཉིས་པ)
སྤྱིར་བོད་ཕྱི་ནང་གཉིས་ཀར་རྩོམ་རིག་བྱ་དགའ་དུ་མ་མཐོང་རྒྱུ་འདུག་མོད། མང་ཆེ་ཤོས་ལ་ཆོས་ལུགས་དང་ཆབ་སྲིད་གང་རུང་གི་ཤུགས་རྐྱེན་ཐེབས་ནས། བྱ་དགའ་དངོས་མར་མི་འགྲོ་བ་མ་ཟད། ཐོབ་མཁན་མང་ཆེ་ཤོས་ཤིག་་བླ་མ་ཆེན་པོའམ། རྒྱ་གཞུང་ལ་སྤྲེལ་ལད་འཁྲབ་མཁན་ཚོར་གྱུར། དེས་ན་གཡོ་རྒྱུ་དང་ཀུན་སློང་སྐྱོན་ཅན་གྱིས་སྦགས་སོང་སྟབས། བློ་གཟུ་བོར་གནས་པའི་དཔྱོད་ལྡན་སུས་ཀྱང་གདེང་འཇོག་བྱེད་མི་ནུས།
དེ་ལས་ལྡོག་སྟེ། ཀླུ་སྨྱོན་བྱ་དགའ་ནི་གཞུང་གང་དང་མ་འབྲེལ་ཞིང་། དབུ་འཁྲིད་གཙོ་བོའང་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་དང་། རྗེས་ལུས་ཀྱི་འཆིང་རྒྱ་ལས་གྲོལ་ཟིན་པའི་མི་སྙིང་སྟོབས་བློ་གྲོས་ལྡན་པ་ཞིག་རེད། བདག་ལ་མཚོན་ན། བོད་ཀྱི་རྩོམ་རིག་བྱ་དགའ་ཚང་མའི་ཁྲོད་དུ་ཀླུ་སྨྱོན་བྱ་དགའ་གཅིག་པོ་ཚད་ལྡན་དུ་འཛིན་བཞིན་ཡོད།
བོད་ཀྱི་མཛངས་མའི་འགྲན་བསྡུར་དང་། ཀླུ་སྨྱོན་རྩོམ་རིག་བྱ་དགའ་གཉིས་པོ་ནི། བོད་ཀྱི་སྤྱི་ཚོགས་ནང་གི་བྱ་སྤྱོད་ཚང་མའི་ནང་ཁུལ་ནས་ངས་དགའ་བོ་བྱེད་ཡུལ་གཙོ་བ་ཡིན་སྟབས། འདི་གཉིས་ཀྱི་དུས་སྐབས་སླེབས་ཚེ། ལོ་སར་སླེབས་ཁར་ཕྲུ་གུ་ཚོས་དགའ་སྤྲོ་སྐྱེས་དྲགས་པས་སྒུག་བཟོད་མེད་པ་ནང་བཞིན། ང་ཉིད་དགའ་ཚོར་གྱི་སྣང་བ་དྲག་པོའི་རྦ་རླབས་ཀྱིས་བཏུམས་བས་མཆོང་ལྡིང་བྱེད་སྙམ་ཐལ།
སྤྲོལ་བྲལ་གྱིས་བདེན་པར་བཤད་བཞག ཡིན་ན་ཡང་ཁྲོམ་བུ་སྦལ་བ་བཞིན་མིའུ་འགའ་རེས་ད་དུང་ཤེས་མི་འདུག་གདའ།
བོད་ཀྱི་མཛངས་མའི་འགྲན་བསྡུར་དང་། ཀླུ་སྨྱོན་རྩོམ་བྱ་དགའ་གཉིས་དཔེ་མཚོན་ཡག་པོ་ཞིག་བཀོད་འདུག ཁྲོམ་བུ་སྦལ་པ་ཟེར་བའི་ཚིག་དེ་དངོས་དོན་གོ་བ་ལྟག་ལོག་ཞིག་ལེན་དགོས་པའི་ཚོར་ཚིག་རེད་འདུག་ག
ད་ཀླུ་སྨྱོན་རྩོམ་རིག་བྱ་དགའ་འདི་ཅི་བྱ་རྒྱུ་ཡིན་ནམ། ད་ལོ་དེ་རྩིས་མེད་བྱས་ནས་ལོ་རྗེས་མ་བར་དུ་བསྒུག་རྒྱུ་ཡིན་ནམ་འོས་གཉིས་པ་ལ་དབུལ་རྒྱུ་ཡིན་ནམ།
སྤོབས་པ་ལགས་ཐུགས་ཁྲལ་མ་གནང་།
རྩོམ་པ་ཁོང་གིས་དང་ལེན་གནང་རུང་མ་གནང་རུང་བྱ་དགའ་དེ་ཁོང་ལ་ཐོབ་སོང་བ་ཡོངས་བསྒྲགས་གནང་ཟིན་པས་དེ་ག་རང་གིས་ད་ལོའི་ལས་དོན་འགྲུབ་སོང་བར་ངེས་འཛིན་དགོས་པ་རེད་འདོད།
དཔྱད་འདེམས་པ་ཁོང་ཚོའི་ངོས་ནས་ཀྱང་གང་ཡོང་ཅི་ཡོང་གནང་སྟེ་བྱ་དགའ་དེ་ཁོང་ལ་འཕུལ་བ་རེད་དེ་ཁོང་གིས་ལེན་མིན་ཁོང་གི་འདོདད་པ་ཡིན་སྟབས་ཨུ་ཚུགས་རྒྱག་ས་མི་འགྲོ།
ངས་རྩོམ་རིག་གི་གོ་དོན་འཇུག་ཡུལ་སྐོར་ལ་སྐད་ཆ་ཞིག་བཤད་པ་ལ་བརྟེན་ནས་དགུ་རོང་བས་ཀླུ་སྨྱོན་ལ་ཐལ་ལྕགས་བརྒྱབ་པ་རེད། དགུ་རོང་བའི་རྩོམ་དེ་ལ་ལྟ་ཉན་གང་ཡང་མི་འདུག ཡིན་ན་ཡང་མི་ཁ་ཁ་ཤས་ཀྱིས་ལ་ལན་ཞིག་བྲིས་ན་ལེགས་ཟེར། ལ་ལས་ལན་མ་འབྲི་ཟེར། ངས་ཀྱང་། གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད།།ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག ཅེས་པའི་དཔེར་གྱུར་དགོས་དོན་མི་འདུག་བསམ། ཡིན་ན་ཡང་བྱ་དགའི་ལས་འགུལ་འདི་སྒོ་ཤེར་གྱིས་མ་བླངས་ན་ཡང་གཞན་ཞིག་ལ་སྟེར་ཐུབ་ན་བཟང་རྒྱུ་་རེད་བསམ།
ད་ཡིན་ན་རྒྱལ་ཕྱི་ནང་གི་བྱིས་པ་གཞོན་སྐྱེས་ཚོས་དགའ་བསུ་ཆེན་པོ་ཐོབ་སའི་སྒྱུ་རྩལ་གྱི་བརྩམས་ཆོས་བུ་བཀྲ་ཤིས་ལྷ་ས་བསྐྱོད་པ་ཞེས་པའི་བྱིས་སྒྲུང་ལ་ངས་སྔར་ནས་འདེམས་པ་ཡིན་དེ་འབུལ་ན་མི་ཆོག་གམ། ཀླུ་སྨྱོན་ཧེ་རུ་ཀ་འམ་ཚོགས་ཆེན་པས་ཞལ་གྲགས་རན་འདུག བློ་འཐོར་རྒྱུ་ཅི་ཡོད་ནི་མ་རུ་ར། བྱ་བ་གལ་ཆེན་སྒྲུབ་ན་དཀའ་ངལ་སྐྱིད་སྡུག་མང་པོ་ཡོང་བར་དངོས་པས་ཆོས་ཉིད་རེད།
རྩྭ་ཟན་ཆུ་མཐུང་གི་ངུར་སྒྲ་ལས། རྩམ་ཟན་འོ་མཐུང་གིས་ཀླད་ཞབས་མ་ཚུད་པ་ཞིག་རེད། གཅིག་ནས་རྩོམ་རིགས་བྱ་དགའ་དེའི་གོ་འཐོབ་ཅི་ཙམ་ཞིག་གི་གནས་སུ་ལྷུང་ཡོད་པ་གསལ་ཐལ།
སྤྱི་ལོ༢༠༡༣ལོའི་ཟླ༥པའི་ནང་དུ། མཁས་དབང་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་རྫ་དབོན་པོ་དགོན་དུ≪རྒྱལ་རབས་དེབ་ཐེར་དཀར་པོ≫སློབ་ཁྲིད་གནང་བའི་སྒྲ་ཕབ།
༡http://url.cn/OWy4mF༢http://url.cn/L6M3m9༣http://url.cn/KJkNLc༤http://url.cn/UBE2D1༥http://url.cn/Q7gu7H༦http://url.cn/N067sX༧http://url.cn/KxVZJ8༨http://url.cn/LaUNMN༩http://url.cn/RmFJQH༡༠http://url.cn/VnqJ5A༡༡http://url.cn/SSahlk༡༢http://url.cn/VOViAg༡༣http://url.cn/K8XfbX༡༤http://url.cn/VnsT1A༡༥http://url.cn/NkdoyS