ད་ལྟ་བོད་ཡིག་ནང་ཕྱི་རྒྱལ་གྱི་མི་མིང་ས་མིང་སོགས་འབྲི་སྐབས། མི་ཁ་ཤས་ཤིག་ནས་བརྩེགས་ཡི་གམ་སྔགས་ཡིག་སྟེ རིཁལིཕྷ་རྗི། ཕརིནས྄་ཊོན། ཕྷེ་ནིཀ ཨཻནས྄་ཊན ལྟ་བུ་མང་པོ་ཞིག་བྲིས་ཡོང་ནས་རྩ་ནས་ཀློག་ཤེས་ཀྱི་མི་འདུག འདི་ལ་བོད་མི་ཡོངས་ཀྱིས་ཀློག་བདེ་བའི་འབྲི་ཐབས་ཤིག་རྩ་ནས་མེད་སོང་བ་ཡིན་ནམ། ཉེ་ཆར་བོད་གཞུང་ནས་རྒྱ་གཞུང་ལ་ལན་འདེབས་རིམ་པ་ཞིག་འབྲི་བཞིན་པ་དེ་ཚོའི་ནང་ཡང་འདི་ལྟ་བུ་མང་པོ་མཐོང་རྒྱུ་འདུག ང་ཚོས་བོད་ཡིག་འདི་ལས་སླ་རུ་གཏོང་མ་ཐུབ་ན་ཡང་ཁག་ཏུ་ཁག་ཏུ་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་མཐོང་དཀའ། བོད་ཡིག་ལ་བསམ་བཙུགས་ནས་འགལ་རྐྱེན་བཟོ་གི་ཡོད་པ་ཡིན་རྒྱུ་མ་རེད།
འདི་འདྲ་བྲིས་ཡོང་མཁན་དེ་ཚོ་ལྐུགས་པ་རྐྱང་རྐྱང་རེད་ཅེས་ལབ་ན་ཅུང་ཟད་འགྲིགས་གི་ཡོད་རྒྱུ་མ་རེད། མ་མཐའ་ཡང་འདི་ཚོས་རྒྱ་གར་དུ་ལེགས་སྦྱར་སྐད་གང་འཚམས་སྦྱངས་ཡོད་རྒྱུ་རེད་སྙམ། དེ་མིན་ན་ཡང་བོད་དུ་སྒྲ་སྦྱངས་ཡོད་རྒྱུ་རེད། ཡང་འདི་ཚོ་མཁས་པ་རེད་ཟེར་ན། བོད་མི་སྤྱི་བྱིངས་ལ་ལྟ་བའི་མིག་དེ་གཞུང་ལུགས་རྐྱང་བ་ཞིག་གམ། ཡང་ན་རྒྱུ་མཚན་ཡན་གར་བ་ཞིག ཡང་ན་རང་མཐོང་ལྟ་བུ་ཞིག་གིས་ཡོངས་སུ་སྒྲིབ་འདུག
རྒྱ་གར་དུ་བོད་མི་ལེགས་སྦྱར་གྱི་སྐད་ཤེས་མཁན་དང་བོད་ནང་དུ་སྒྲ་ཤེས་མཁན་གཉིས་ཀྱི་ཀློག་ལའང་ཁྱད་པར་ཡོད་པ་མཐོང་། དཔེ་བཞག་ན། བཛྲ འདིར་མཚོན་ན། རྒྱ་གར་དུ། བ་ཇི་ར་ལྟ་བུ་ཞིག་ཏུ་ཀློག་པ་དང་། བོད་ནང་དུ། འབའ་འཛར་ཞེས་ཀློག མ་གཞི་བོད་ནང་གི་སྔགས་ཀློག་ཐབས་དེ་ཚོར་ཤན་ཞུགས་ཡོད་སྲིད།
མདོར་དེད་ན་ཡི་གེ་བརྩེགས་རིམ་མང་པོ་ཅན་འདི་ཚོ་ཀློག་ཤེས་མཁན་བོད་མི་ག་ཚོད་ཅིག་ཡོད་པ་རེད་དམ། བོད་མི་ས་ཡ་དྲུག་ནང་བརྒྱ་ཆ་ 0.000001 ཡོད་པ་རེད་དམ།
ངས་ཀྱང་སྒྲ་སྦྱངས་མྱོང་། ཡིན་ན་ཡང་། དྲང་མོར་བཤད་ན། གོང་གསལ་གྱི་དེ་ཚོ་འཁྲིས་སུ་དབྱིན་ཡིག་བྲིས་མེད་ན་ངས་སྒྲ་ཇི་བཞིན་ཀློག་ཐུབ་པ་མི་འདུལ། དཔེར་ན། ས་སྲོག་མེད་ se སི་ཡི་སྒྲ་ལྟར་ཀློག་དགོས་པ་གང་ཞིག་ཏུ་བསྟན་ཡོད་པ་རེད།
ངས་བལྟས་ན། གསལ་བྱེད་སུམ་ཅུའི་སྟེང་ལོག་ཡིག་དྲུག་དང་མཐུག་པོ་ལྔས་མ་འགྲིགས་པ་ཡོད་མ་རེད་སྙམ། ང་ཚོར་གསལ་བྱེད་རྐྱང་བས་མཚོན་མི་ཐུབ་པའི་སྒྲ་ fa va ལྟ་བུ་རེ་ཟུང་ཡོད་པ་ལས་གཞན་དཀའ་ངལ་ཆེན་པོ་མེད་པར་མཐོང་། དང་པོ་དེའི་སྒྲ་དོད་རྒྱལ་དབང་ལྔ་བའི་སྐབས་ནས་ཧྥ་ཞེས་བཟོས་གྲུབ་པས་ཡང་སྐྱར་སྒྲ་གསར་པ་ཞིག་བཟོ་བའི་ངལ་བ་བསྟེན་ཨེ་དགོས། གཉིས་པ་དེར་དོད་ཐུབ་ཀྱི་སྒྲ་ཞིག་གལ་སྲིད་དགོས་ན་བཟོ་རྒྱུར་ལྷག་བསྡད་ཡོད་པ་རེད། གཞན་པ་ངས་དཀའ་ངལ་ཆེན་པོ་མཐོང་གི་མི་འདུག ཡང་ལུང་ཚན་བྱེ་བྲག་པ་རེར་དཀའ་ངལ་དམིགས་བསལ་བ་དེ་འདྲར་འཕྲད་ཀྱི་ཡོད་པ་ང་ཚོས་མཐོང་གི་ཡོད། དེ་བོད་ས་གཞན་པ་དང་བསྟུན་པ་ལས་གཞན་མེད།
རང་རང་སོ་སོས་གང་ཞིག་འབྲི་མིན་དེ་རང་རང་གི་རང་དབང་རེད། ཡིན་ན་ཡང་། སྙིང་རྗེ་དགོས་པ་ནི་ང་ཚོའི་བྱིས་པ་ཚོ་རེད། འཛིན་གྲྭ་རྗེས་མ་བོད་ཡིག་རེད་ཟེར་ནས་བྲོས་འགྲོ་བ་ཁོ་ཚོར་ཅི་ཁག་སྙམ། ལྷག་པར་དུ་སློབ་དེབ་དང་དུས་དེབ་སོགས་སྤྱི་ཚོགས་ནང་ཁྱབམཆེ་བའི་དཔེ་དེབ་རིགས་ནང་སྔགས་ཡིག་ལྟ་བུ་བརྩེགས་མ་མང་པོ་འབྲོག་པའི་ཁལ་བཀལ་བ་ལྟ་བུ་འདི་འདྲ་འབྲི་རྒྱུ་མི་འདུག གཅིག་བྱས་ན་འདི་ཚོ་མཁའ་འགྲོའི་བརྡ་ཡིག་ཟེར་བ་དེ་ཡིན་རྒྱུ་རེད། དེ་ཡིན་ན་ཁ་ཁ་རོགས་འདུག་གི་ཡིན། ཉེས་པ་བསགས་ནས་ཅི་བྱེད། ཨོམཎིཔདྨེཧྰུ།
ཡི་གེ་ཀློག་མ་ཤེས་པ་བྲིས་ནས་དོན་གང་ཡོད། ཚང་མས་ཀློག་ཤེས་པའི་ཡི་གེ་འབྲི་རྒྱུར་འབད་རྩོན་བྱེད་དགོས་པ་འདི་མ་ཤེས་ན་ཨ་ནི་རྙོག་འདྲ་ཏོག་ཙམ་རེད།
ས་མིང་དང་མི་མིང་རྣམས་བརྗོད་བདེ་ཁོ་ནར་འབད་ནས་བྲིས་ན་མ་འགྲིག་པ་མིན་འདུག་སྙམ།
དཔེར་ན། ཨེ་སིན་ཊོན་དང། སྦོ་སི་ཊོན། ཝ་ཤིང་ཊོན།
ད་དུང་།
ཁ་ས་རྒྱལ་དབང་མཆོག་ཕན་སི་སྦན་ནི་ཡའི་གྲོང་ཁྱེར་ལི་ཧའི་ཟེར་བ་དེར་ཕེབས་འདུག དེ་གར་སློབ་ཆེན་དེའི་དགེ་རྒན་ཆེན་མོ་སྐུ་ཞབས་རོ་པར་ཊི་དང། ལྕམ་ཇུ་ལེ་ཡ། དེ་བཞིན་སློབ་མ་སྒྲག་ལ་སི་བཅས་ནས་སྣེ་ལེན་ཞུས་སོང་། དེ་གར་ད་དུང་ཤུགས་ལྡན་ཚོགས་པས་ངོ་རྒོལ་བྱས་ནས། ཏ་ལའི་བླ་མ་ཌོན་ཌི་ལེའི། ༼ཏ་ལའི་བླ་མ་བརྫུན་མ་ཤོད།༽ཟེར་ངོ་རྒོལ་བྱས་སོང་ཡང་། ས་དེར་ཡོད་པའི་མི་སྟོང་བདུན་ཙམ་འདུག་པ་ཚང་མ་རྒྱལ་དབང་མཆོག་གི་གསུངས་ཆོས་ལ་བཅར་ནས་ཁོང་ཚོར་ཁ་ཡ་བྱས་མ་སོང་། རྗེས་སུ་སྐུ་ཞབས་སྦོབ་ སེ་སྦར་ལིང་ཟེར་བ་ཞིག་གིས། དེ་ཚོར་་”ཡུའུ་ཤ་ཊེ་ཨབ། ཡུའུ་ཨར་ གོ་ཨིང་ཨིན་ཁྲུའི་ཧེལ། མ་སྡར་ཕྷག་ཁར་གསུངས་སོང་།
ཟུར་བལྟ་ནས་བོད་ཡིག་གིས་བྲིས་པའི་དབྱིན་སྐད་དེ་ཚོ་ངས་ཧ་གོ་སོང་། དེ་ཚོ་སྐད་དངོས་དང་ཐག་ཉེ་པོ་རེད། དེ་ལྟར་བྲིས་ན་མ་འགྲིགས་པ་མི་འདུག
ཡུག་ཨར་ཝེ་རིས་གྷོས་ཌི ཡུག་སི་ཕིས་ཁི་ཨིང་གྷི་ལིས་ཞི་ཝེལ། འདི་ལྟར་བྲིས་ན་ཁྱེད་ཚོས་གོ་ཐུབ་བམ། འདིར་བྲིས་པའི་ཌི་དང་སི། ཁི་དང་གྷི་རྣམས་མདོ་ཁམས་ཀྱི་ཀློག་སྟངས་ལྟར་བྲིས་པ་ཡིན། དེ་མ་གཏོགས་སྒྲ་འདི་ཡོང་གི་མི་འདུག དབྱངས་ཨི་ཡིག་འདི་དབུས་གཙང་གིས་ཨིས་ཀྱི་སྒྲ་ལྟར་ཀློག་པ་རེད
། སྤྱིར་པཏང་སྐད་གཞན་པ་ཞིག་སྒྲ་མ་ཉམས་པར་ཇི་བཞིན་འབྲི་ཐུབ་པའི་སྐད་ཅིག་ཁྱེད་ཚོར་བཤད་རྒྱུ་ཨེ་ཡོད། དབྱིན་ཡིག་དང་ཧྥ་ཡིག་གཉིས་ལ་མཚོན་ན་གསལ་བྱེད་ཀྱི་ཡི་གེ་རྣམས་གཅིག་ཡིན་པའི་ཁར་དེང་རབས་ཀྱི་གསར་ཐོན་དངོས་པོའི་རིགས་མང་ཆེ་བ་དག་ཆལའང་བར་ཁྱད་ཆེན་པོ་མེད་ཀྱང་ཀློག་སྟངས་ལ་ཁྱད་པར་ཅུང་ཟད་ཡོད་པ་རེད། གཞན་སྐད་རྣམས་སྒྲ་མ་ཉམས་པར་འབྲི་བར་བརྩོན་ནས་རང་མིས་ཀྱང་ཀློག་མི་ཤེས་པ་ཞིག་བྲིས་ན་དེ་ངལ་བ་འབྲས་མེད་དུ་མཐོང་། རྒྱ་གར་ནང་ཡི་གེ་བརྩེགས་མ་མང་པོ་ཞིག་འབྲི་ཁྱབ་འགྲོ་བཞིན་པ་དེ་ཚོ་ལམ་སང་མཚམས་བཞག་ནས་སྟབས་བདེ་ཅན་དུ་བསྒྱུར་འོས་སུ་མཐོང་། ལྷག་པར་དུ་བོད་གཞུང་གིས་མགོ་བྱས་ནས་འདི་འདྲ་བྲིས་ན་ཡག་པོ་རྩ་ནས་མི་འདུག་པས་རྒྱ་གར་དྷ་རམ་ས་ལར་བསམ་ཚུལ་འདི་དག་འཁྱོལ་བར་གྱིས།
(བོད་མི་ས་ཡ་དྲུག་ནང་བརྒྱ་ཆ་ 0.000001 ཡོད་པ་རེད་དམ།) ཚིག་སྦྱོར་འདི་དང་་་་་་རྩིས་རིག་འདི་གཉིས་ལ་བལྟས་ན་་་་ཉིད་ཀྱིས་ཀློག་མ་ཤེས་པ་དེ་སུ་ཞིག་གི་སྐྱོན་ཡིན་པ་ཤེས་སོང་།
བོད་སྐད་ཡིག་གི་གཤིས་ཀ་ཡང་ད་ལྟའི་བོད་མི་མང་ཆེ་བ་ཞིག་གི་གཤིས་ཀ་དང་འདྲ་བ་སྟེ། དབྱངས་ནི་གསལ་བྱེད་ཀྱི་གྲོགས་མེད་ན་རང་ཉིད་མཚོན་པའི་སྒྲ་རང་རྐྱ་བ་འདོན་དུ་མེད་པ་དང་། གསལ་བྱེད་ནི་རང་ཉིད་མཚོན་པའི་སྒྲ་དེ་ཉིད་ལས་གཞན་དུ་འགྱུར་པ་མེད་པས། ནམ་ཡང་མཐའ་ལ་ལྷུང་ནས་ཡོད།
དེང་སྐབས་བོད་ཕྱི་ནང་གང་ས་ནས་སྤུས་ཚད་ཇི་འདྲ་ཡིན་རུང་རིག་གསར་ནང་འདྲེན་གྱི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད་ལ། བྱ་བྱེད་གང་ལ་ཡང་དེ་དང་ཆོས་མཚུངས་པའི་ལྡོག་ཕྱོགས་ཀྱི་ནུས་སྣང་ཞིག་ཡོད་པ་ལྟར། འདིར་ཆད་ལྷག་དང་ཉམས་ཉེས་ཀྱི་གྲིབ་ནག་ཀྱང་ཡོད་རུང་བ་ཞིག་རེད།
དེང་གི་ལོ་ཙྰའི་ཚད་གཞི་ཐོག་ནས་བཤད་ན། མཐོ་དམན་གང་ལ་ཡང་འཕྲད་བཞིན་པའི་དཀའ་གནད་གཅིག་ནི་་་་ཡུལ་དང་མི་མིང་སོགས་ཀྱིས་མཚོན་པའི་སྒྲ་སོར་གཞག་གི་ལུགས་འདི་རེད། སྐད་རིགས་གཞན་ཞིག་ནས་རྒྱ་ནག་སྐད་དུ་འགྱུར་ཡོད་པ་ལས་བོད་སྐད་དུ་བསྒྱུར་པའི་བོད་ནང་གི་འགྱུར་མང་པོ་ཞིག་ལ་མཚོན་ན།
ས་མིང་དང་མི་མིང་སོགས་ནི་ཇི་ལྟར་བཀླག་ཀྱང་ར་སྤྲོད་མི་ནུས་པ་མང་དག་ཅིག་འདུག་པ་དང་། ཞིབ་ཏུ་བརྟག་དུས་དེ་ནི་རྒྱ་ནག་སྐད་རང་ཉིད་སྐྱོ་དྲགས་པ་དང་། དེ་ལས་ཇི་བཞིན་དུ་བོད་སྐད་དུ་ཕབ་ཁུལ་བྱས་པ། བྱེད་ཚུལ་དེ་ཡང་ཚད་ལྡན་ཞིག་མ་ཡིན་པ་བཅས་ལས་བྱུང་འདུག
David ལྟ་བུའི་མི་མིང་ཞིག་ལ་མཚོན་ན། བོད་སྐད་ཀྱི་ལུགས་ལྟར་བྱས་ན་ཇི་ལྟར་ཡང་བྲི་ཐབས་ཟད་དོ།
དེས་ན། སྒྲ་ཕྱེད་ལས་འདོན་མི་ཆོག་པའི་སྐབས་འདིར་་་་ སྲོག་མེད་ཀྱི་རྟགས་བཀོད་པ་ནི་ཡང་དག་པ་དང་། མཐར་ཐུག་གི་གདམ་ཀ་རེད།
རང་ཉིད་སྒྲ་མཚམས་སྦྱོར་ལྔ་པ་སོགས་སྦྱངས་མྱོང་ཡང་ད་དུང་མི་ཤེས་ཚུལ་ལབ་པ་འདི་རང་ཉིད་ཀྱི་དབང་པོ་རྟུལ་བའི་སྐྱོན་ལས། གཞན་གྱི་སྐྱོན་དུ་མཐོང་ན་འོས་མ་ལགས་སོ། །
འདྲེ་རིག་ལྡན་ལ།
སྒྲ་ཤེས་མཁན་རྣམས་ཀྱི་ནང་ནས་དབང་རྟུལ་ཡིན་པའི་མི་ཞིག་སྒྲ་མི་ཤེས་མཁན་རྣམས་དང་བསྡུར་ན་སྒྲའི་སྐོར་ལ་ཅུང་ཟད་མང་བ་ཤེས་ཀྱི་ཡོད་རྒྱུ་རེད། ཅུང་ཟད་མང་བ་ཤེས་མཁན་ཞིག་གིས་ཀྱང་མ་ཤེས་པ་དེས་སྤྱི་ཚོགས་ལ་འཚམས་པོ་གཏན་ནས་མིན་པ་དེ་སྟོན་གྱི་མི་འདུག་གམ། སྤྱི་ཚོགས་ལ་དགོས་མཁོ་མེད་པའི་དངོས་པོ་ཞིག་ཡིན་ཕྱིན་དེ་གད་སྙིགས་ནང་གཡུག་བཞག་ན་ཡག་ག་རེད།
ཁྱེད་རང་གི་ཡིག་བསྒྱུར་སྐོར་གྱི་དགོངས་ཚུལ་དེ་ཚོར་དོ་སྣང་བྱུང་། རྒྱུ་མཚན་ལྡན་པའི་སྐད་ཆར་མཐོང་། ཡིན་ན་ཡང་། སྒྲ་ཕྱེད་མ་གཏོགས་འདོན་མ་ཐུབ་སྐབས་སྲོག་མེད་ཀྱི་རྟགས་བཀོད་ན་ཡང་དག་པ་རེད་ཟེར་བ་དེ་ཡང་མ་དག་པའི་གཏམ་དུ་ཟད། David ལྟ་བུར་མཚོན་ན་ ཌ་ཝེ་ཌི ཞེས་སྒྲ་གང་ཉེ་ཉེ་ཞིག་བྲིས་པ་ཡིན་ན་སྐྱོན་གང་ཡོད། མདའ་ཚན་པ་ར་བཟི་གི་བཟི་གི་བྲིས་པ་འདྲ། ཁྱོད་ཀྱིས་སྐྱོན་འདོན་བྱས་པ་ལྟར་གོང་གི་རྩིས་རྒྱག་སྟངས་ལ་ནོར་འཁྲུལ་ཤོར་འདུག
ངས་བོད་སྐད་ཀྱི་དབྱངས་གསལ་རེ་རེ་བའི་སྒྲ་འདོན་ལུགས་དབུས་ཕྱོགས་ཀྱི་འདོན་ལུགས་ལེགས་བཤད་དུ་བཟུང་ན་ལེགས་སམ་སྙམ་བཞིན་ཡོད། དེ་ལྟར་ན་་་་་ ཌ་ཝེ་ཌི་་་་་་་ ཟེར་བ་འདི་་་་ David ཡི་སྒྲ་དངོས་དང་བསྡུར་ན་རྒྱང་ཐག་སྤྱི་ལེ་མང་པོ་འདུག
དབྱིན་ཇི་དང་རྒྱ་ཡིག་གི་སྒྲ་གདངས་སོགས་བོད་སྐད་ཐོག་འགོད་སྐབས་ལེགས་སྦྱར་བཞིན་ལོགས་པ་ལྔ་དང་རིང་ཆ་སོགས་འདོགས་ཁུལ་བྱེད་པ་དེ་ལ་རྒྱུ་མཚན་གང་ཡང་མ་མཐོང༌། དེ་ལྟར་འབྲི་མཁན་གཙོ་བོ་དེ་ནི་ཝཱ་ར་ཎཱ་སིའི་བོད་སློབ་སོགས་ནས་སྒྲ་མཚམས་སྦྱོར་ལྔ་པ་ཙམ་རེ་སྦྱངས་མྱོང་མཁན་ཚོ་རེད། ཁ་ན་ཌ་ཞེས་འབྲི་བ་ལས་ཁ་ན་སྒྲ་ཞེས་བོད་རང་གི་སྦྱོར་ྋཐྲྤཀློག་བཞིན་བྲིས་ན་ལེགས། ལེགས་སྦྱར་ཤེས་མཁན་ཉུང་ཉུང་ཡིན་ལ་དེ་ཙམ་ཤེས་དགོས་པ་ཞིག་ཀྱང་མིན།
དུས་རབས་ཉི་ཤུ་པའི་ནང་གི་འཇར་པན་ཡིག་སྒྱུར་གྱི་ལོ་རྒྱུས་ནང་དུ་དཀའ་ངལ་ཆེས་ཆེ་འཕྲད་ས་དེ་ཡང་མི་མིང་དང་
ས་མིང་སོགས་ཀྱི་འབྲི་སྟངས་འདི་རེད། ཕྱིས་སུ་ཁོང་ཚོས་འཇར་པན་ཡིག་རྙིང་དེ་བཞིན་ལོ་རྒྱུས་ཀྱི་རོ་ཁང་ནས་བཏོན་ཏེ་
རོ་ལངས་རྒྱག་དགོས་ཐུག་པ་དང་། སྒྲ་སོར་བཞག་བྱེད་དགོས་ཐུག་པའི་མི་མིང་དང་ས་མིང་ཡོད་ཚད་ཡིག་གེ་རྙིང་པ་དེས་
འབྲི་རྒྱུའི་སྲོལ་བཏོད་པ་རེད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ཁོང་ཚོས་རང་ཉིད་ཀྱི་སྐད་ཡིག་དེ་གོ་ཁག་ཏུ་གཏོང་
ཆེད་དུ་མ་རེད། དེ་ནི་དེ་ཉིད་སྐད་ཡིག་གཞན་ནས་འོང་བའི་མིང་བརྡ་ཐུན་མིན་པ་ཞིག་ཡིན་པར་གོ་སླ་རུ་གཏོང་ཆེད་དུ་རེད།
དེ་ལྟར་མ་བྱས་ན། ཁ་ན་ཌ་་་་ཞེས་པའི་གསེར་ལྟ་བུའི་མིང་དོད་ཅིག་་་་་་ཁ་ན་སྒྲ་་་་་ཞེས་་་་རྒན་མོ་ཞ་ར་་་་ཞིག་ཏུ་བསྒྱུར་ལ་
ཁད་བྱེད་ཀྱིན་པ་ལྟ་བུ་ལས་མ་འདས་སོ། ། ཁ་ན་སྒྲ་་་་་ཁ་ན་སོ། ཁ་ན་ལྕེ་་་སོགས་ཡོད་ཟེར་ན་བོད་རང་སྐད་ཀྱི་ཐོག་ལ་ཡོད་པས།
དོན་ལ་འཁྲུལ་ཆ་ཆེས་ཆེ་བ་ཡིན། ལེགས་སྦྱར་ལུགས་སུ་མཐའ་གཅིག་ཏུ་འབྲི་དགོས་དོན་མེད་ལ། དེ་བཞིན་དུ་བྲི་ཐུབ་པ་ཡང་མེད་དོ། །