སྦྲུམ་དུས་ཨ་མའི་སྐུ་གཟུགས་བདེ་མིན་དང་། །
སྐྱེས་དུས་མེ་ཏོག་ཆར་བ་བབས་མིན་སོགས། །
ངས་ནི་མི་དྲན་ཁྱོད་ལ་ཡོད་ཆོག་སྟེ། །
སྔགས་པ་ཁྱེད་འདྲ་ཁ་བ་ཅན་ལ་དཀོན། །
ཕྲུ་གུ་འོ་འཐུང་དཀྱིལ་ན་རྩེད་མོའི་དུས། །
ན་མཉམ་བྱིས་པའི་ཁྲོད་ན་རྒྱུག་པའི་སྐབས། །
གངས་དང་ཆར་བའི་དཀྱིལ་ན་གཅེར་བུ་རུ། །
གླུ་ཆུང་ལེན་པ་བདག་གིས་དངོས་སུ་མཇལ། །
ཀ་ཁ་ག་ང་སློབ་དུས་རིགས་པ་རྣོ། །
ཆོས་དཔེ་ལག་ཏུ་ལེན་དུས་དད་པ་ཆེ། །
དགེ་བའི་བཤེས་གཉེན་བསྟེན་དུས་དག་སྣང་འབར། །
ཁྱེད་ཀྱི་ན་ཚོད་ཕྲ་མོའང་བདག་གིས་མྱངས། །
རི་བོས་གངས་ཀྱི་དགུན་ལྭ་མནབས་པའི་དུས། །
གཙང་བོའི་དབྱར་གྱི་མེ་ཏོག་འཐུ་བའི་དུས། །
ལྗོན་པས་གཡུ་ལོའི་རྒྱན་ཆ་དྲུད་པའི་དུས། །
ཁྱེད་ཀྱིས་དཔེ་ཀློག་སྐྱོར་སྦྱོང་བྱེད་པའི་དུས། །
ཉི་འོད་ཀློང་དུ་གླེགས་བམ་བརྒྱ་སྟོང་བཀླགས། །
ཁ་བའི་དཀྱིལ་དུ་བླ་མའི་གདམས་ངག་ཉན། །
བྲག་ཕུག་གཏིང་དུ་ཏིང་འཛིན་སྒོ་འཕར་ཕྱེས། །
རང་དགར་བསྡད་པའི་དུས་ཤིག་ཁྱེད་ལ་དཀོན། །
རིག་འཛིན་ཆེན་པོ་ཀུ་མ་ར་ཛ་ཞེས། །
ཨོ་རྒྱན་གཉིས་པའི་ཞབས་ཀྱི་མེ་ཏོག་ཕོན། །
སྤྱི་གཙུག་མཛེས་པའི་རྒྱན་དུ་རྙེད་པ་ནི། །
ཁྱེད་ཀྱི་མཚོན་ཐབས་མེད་པའི་དགའ་བ་ཉིད། །
མདོ་རྒྱུད་བསྟན་བཅོས་མ་བལྟས་ཁྱེད་ལ་མེད། །
ཤེས་བྱའི་གནས་ལ་མ་མཁྱེན་ཁྱེད་ལ་མེད། །
ལུང་རིགས་འགྲན་ཟླར་འོས་པའང་ཁྱེད་ལ་མེད། །
བསམ་ཡས་ལུང་མང་པ་ཁྱེད་བརྗེད་ཐབས་མེད། །
ཁམས་པ་གཏུམ་པོས་གྲྭ་ཤག་བདུན་དུ་བསྐྲད། །
དགུན་དུས་སྒྱེ་མོ་གྱོན་ནས་གྲང་སྡུག་མྱངས། །
ལྷན་པ་དགུ་བརྩེགས་གོས་ལ་ཁྱི་མང་སྡང་། །
ཨ་མའི་བུ་རྒོད་ཀློང་ཆེན་རབ་འབྱམས་དྲན། །
བསམ་ཡས་མཆིམ་ཕུ་ཡར་ལུང་ཤེལ་བྲག་སོགས། །
ཨོ་རྒྱན་ཆེན་པོའི་གནས་ཆེན་མ་ལུས་འགྲིམས། །
ལྷོ་མོན་ཐར་པ་གླིང་སོགས་སྦས་ཡུལ་དུ། །
སྒྲུབ་པའི་རྒྱལ་མཚན་ཆེན་པོ་མཁའ་ལ་བསྒྲེངས། །
གངས་རི་ཐོད་དཀར་ལ་སོགས་དབེན་ཁྲོད་དུ། །
ཐུགས་ཀློང་རྫོགས་པ་ཆེན་པོའི་རྒྱ་གྲོལ་ཏེ། །
རབ་འབྱམས་མན་ངག་མཛོད་ཆེན་མདུན་སོགས་ཀྱི། །
ལེགས་བཤད་ནོར་བུའི་ཕྲེང་བ་ཐང་མར་བརྡལ། །
ཀོང་སྨྱོན་དཔའ་བོའི་དབང་ཕྱུག་ལ་སོགས་པའི། །
ལས་ཅན་སློབ་བུའི་ཚོགས་ཀྱི་འདུ་བ་རྒྱས། །
སྔགས་ཀྱི་བདག་མོ་ལ་སོགས་མཁའ་འགྲོའི་ཚོགས། །
སྤྲོ་བསྡུའི་སྒྱུ་འཕྲུལ་སྨྲ་བསམ་བརྗོད་ལས་འདས། །
རིག་པ་བརྟུལ་ཞུགས་སྤྱོད་པའི་སྤྲིན་ཆེན་ལས། །
ཟང་ཐལ་ཉི་མའི་འོད་ཀྱི་ཆར་ཆེན་ཕབས། །
གདུལ་བྱའི་སྙིང་གི་གཟུང་འཛིན་མུན་པའི་མཚོ། །
རྡོ་རྗེའི་གད་མོ་གཅིག་གིས་ཡོམ་ཡོམ་གཡོས། །
སྤྲོས་མེད་སེང་གེ་དཀར་མོ་བཞོས་པ་ཡི། །
འཁོར་འདས་འུབ་ཆུབ་ཏིང་འཛིན་འོ་མའི་རོ། །
བདེ་སྟོང་གསེར་གྱི་ཡོལ་གོར་འཁྱིལ་བ་ལས། །
ཅུང་ཟད་མྱོང་བའི་སྐལ་བ་སུ་ཡིས་རྙེད། །
ཁྱེད་ཀྱིས་བསྟན་བཅོས་གསར་བ་རྩོམ་རོགས་ཞུ།།
བདག་གིས་ཁྱེད་སྣག་ཚ་དབུར་རོགས་ཞུ།།
ཁྱེད་ཀྱིས་ཏིང་འཛིན་གསར་བ་སྒོམ་རོགས་ཞུ།།
བདག་གིས་ཁྱེད་ལ་འོ་ཇ་སྐོལ་རོགས་ཞུ།།
ནམ་མཁའ་མཐོང་དུས་ཀློང་ཆེན་རབ་འབྱམས་དྲན། །
རི་བོར་འཛེགས་དུས་ཀློང་ཆེན་རབ་འབྱམས་དྲན། །
རྒྱ་མཚོའི་ངོགས་སུ་ཀློང་ཆེན་རབ་འབྱམས་དྲན། །
ཉི་འོད་ཤར་དུས་ཀློང་ཆེན་རབ་འབྱམས་དྲན། །
ཀློང་ཆེན་མཛོད་བདུན་ངལ་གསོ་སྐོར་གསུམ་སོགས། །
ཁྱེད་གསུང་གླེགས་བམ་ཉེར་བདུན་སྔས་མགོར་སྤུངས། །
འཇིགས་མེད་གླིང་པ་འཁྲུལ་ཞིག་གླིང་པ་སོགས། །
དངོས་བརྒྱུད་བླ་མའི་ཚོགས་ལ་གདུང་དབྱངས་གྱེར། །
ཁྱེད་ཀྱི་བྱིན་ཆེན་ནམ་མཁའི་མཐའ་དབུས་ཁྱབ། །
ཁྱེད་ཀྱི་སྤྲུལ་བས་འཛམ་གླིང་ཤར་ནུབ་ཉུལ། །
ཁྱེད་ཀྱི་དགོངས་རྫོགས་ཉི་མ་སང་ཉིན་རེད། །
དོ་ནུབ་བདག་གིས་ཁྱེད་ཉིད་དྲན་རབས་གླེང་། །
ཁྱེད་ཉིད་བླ་མ་ཡིན་པས་བདག་ཉིད་དྲོངས། །
ཁྱེད་ཀྱི་ཡི་དམ་ཡིན་པས་བདག་ཉིད་སྐྱོབས། །
ཁྱེད་ཉིད་མཁའ་འགྲོ་ཡིན་པས་བདག་ལ་འཁྱུད། །
ཁྱེད་ཉིད་རང་སེམས་ཡིན་པས་སངས་རྒྱས་ཤོག །
སྙན་ངག་ཆེན་པོ་འབྲི་བའི་དུས་ཚོད་མེད། །
ལྷ་སྐུ་ཆེན་པོ་བཞེང་བའི་རྒྱུ་ནོར་དབེན། །
བླ་སྒྲུབ་མཐུག་པོ་ཀློག་པའི་སེམས་ཤུགས་ཆག །
ད་ནི་འདི་ཙམ་ཁྱེད་ཀྱི་རྗེས་དྲན་བྱ། །
རི་བོའི་སུལ་དང་རྒྱ་མཚོའི་འཇུག་ངོགས་དང་། །
གློག་བརྙན་ཁང་དང་འཚིག་ཇའི་ཚོང་ཁང་སོགས། །
ཁོ་བོ་གར་སོང་ས་རུ་ཁྱེད་དྲན་ན། །
བྱིན་རླབས་སྟོན་ཆར་འདྲ་བ་འབབ་རོགས་ཞུ། །
ལེགས་སོ། །ཀོང་སྨྱོན་དཔའ་བོའི་དབང་ཕྱུག་གི་ཚབས་ཏུ། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། རྒྱལ་སྲས་བཟོད་པ་གྲགས་པ། འཁྲུལ་ཞིག་སངས་རྒྱས་དབོན་པོ་གསུམ་གང་རུང་བཅུག་ན་ལེགས་པར་མཐོང་། །
གྲུབ་ཆེན་ཡིན་ཞེས་ཁྲག་འཐུང་བཏགས།།
གྲུབ་རྟགས་མེད་པའི་སྨྱོན་པ་ཞིག།
ཇ་ཁང་ཆང་ཁང་མྱུལ་ཏེ་གླུ་ལེན་པའི།།
མི་གཡོག་གྲོང་ན་རྒྱུ་བའི་ཀླུ་སྨྱོན་དྲན།།
སེམས་སུ་ཤར་བ་མཛེས་མ་ཡིན།།
མིག་གིས་བལྟ་ས་མཛེས་མ་ཡིན།།
ཡིད་ལ་སྒོམ་རྒྱུ་མཛེས་མ་ཡིན།།
གང་ཞིག་དྲན་པ་འབྲི་བའི་ཀླུ་སྨྱོན་དྲན།།
རྒྱལ་བ་ཀློང་ཆེས་རབ་འབྱམས་པ། ༡༣༠༨་ནས་༡༣༦༣
ཞལ་གདམས།
འདི་ལྟར་རང་གི་མཛའ་བཤེས་གཉེན་རྣམས་དང་།
ནང་མི་གྲོང་མཚེས་གཞན་ཡང་འགྲོ་རྣམས་ལ།
བྱམས་པའི་སེམས་དང་བརྩེ་བའི་སེམས་ཀྱིས་བལྟ།
ཆོས་ལ་བསྐུལ་ཞིང་སྡིག་ལས་ཟློག་པར་བྱ།། ༡ །།
་
དཀོན་མཆོག་མཆོད་ཅིང་ཕོངས་ལ་སྦྱིན་པ་དང་།
རྒན་རབས་སྲིད་ཞུ་ཕ་མར་བཀུར་སྟི་དང་།
ལམ་མཐུན་གློ་བུར་ལྷགས་དང་ནད་པའི་ཚོགས།
མགོན་མེད་རྣམས་ལ་ཕན་འདོགས་རྒྱ་ཆེར་བྱ།། ༢ །།
་
སྡུག་ཕོངས་རྣམས་ལ་དུས་སུ་སྦྱིན་པ་དང་།
དམ་པ་མཆོད་ཅིང་སྦྱིན་པའི་ས་བོན་གདབ།
ལམ་གྱི་སྟེགས་དང་གྲུ་ཟམ་འཛུགས་པ་དང་།
མགྲོན་ཁང་བརྩིག་དང་ཆུ་རགས་བཟང་པོ་དང་།
ཟས་སྐོམ་ཚུལ་དང་ཕན་ཐོགས་ཅི་འགྲུབ་བྱ།། ༣ །།
་
ལམ་འཕྲང་སྐྱེལ་བསུ་མི་འཇིགས་སྦྱིན་པ་དང་།
བྱ་དང་རི་དྭགས་ཉ་དང་འགྲོ་རྣམས་ལ།
རི་རྒྱ་ཆུ་རྒྱ་མགོན་སྐྱབས་དཔུང་གཉེན་དང་།
གནས་མལ་སྦྱིན་སོགས་སྐྱབས་ཀྱི་སྦྱིན་པ་དང་།། ༤ །།
་
མཆོད་རྟེན་ལྷ་ཁང་སྐུ་གཟུགས་ལ་སོགས་ལ།
ཕྱག་དང་བསྐོར་བ་དད་པས་ཐལ་མོ་སྦྱར།
དང་བས་བལྟ་དང་གུས་པས་མཆོད་པ་དང་
རྙིང་པ་གསོ་དང་ཞིག་རལ་བཅོས་པར་བྱ།། ༥ །།
་
ཕྱི་ནང་ཀུན་ཏུ་བཟང་སེམས་སྙོམས་པ་དང་།
དོན་མཐུན་སྙན་པར་སྨྲ་བས་ཆོས་ལ་བསྐུལ།
ཁྲོ་དང་འཐབ་རྩོད་ཚིག་རྩུབ་སྤང་བྱ་ཞིང་།
ཅི་ནས་གཞན་གྱི་ཡིད་དང་མཐུན་པར་བྱ།། ༦ །
་
མི་སྙན་སྨྲ་ལ་རྩུབ་མོའི་ལན་མི་གདབ།
རྟག་ཏུ་ཁོང་ཡངས་གཟེ་རེ་ཆུང་བ་དང་།
གཞན་ལ་མི་གནོད་ཅི་འགྲུབ་ཕན་གདགས་ཤིང་།
གཡོ་དང་ཟོལ་མེད་རང་སེམས་རྣམ་དག་བྱ།། ༧ །།
་
བཟང་པོའི་དྲིན་རྣམས་བརྗེད་པ་མེད་པ་དང་།
ཕྱི་ཐག་རྒྱུན་རིང་འགྲོགས་གཞུང་བསྟེན་བྱ་ཞིང་།
བྱ་བ་ཀུན་ལ་རང་བཞིན་བརྟག་པ་དང་།
མཐོ་དམན་གང་ལའང་རེ་བ་བསྐྱུང་བར་བྱ།། ༨ །།
་
འབྱོར་པའི་དུས་སུ་དྲེགས་པ་མི་བྱ་བ།
གཞན་སེམས་མི་དཀྲུགས་ཕྲག་དོག་ཟུག་རྔུ་སྤང་།
འགྲན་སེམས་མི་བྱ་ཆགས་སྡངས་འཐབ་རྩོད་དོར།
ཁྱད་དུ་མི་བསད་ཞི་དེས་ལྡན་པར་བྱ།། ༩ །།
་
དབུལ་ཞིག་རྒུད་ཚེ་ཧ་ཅང་མི་ཞུམ་ཞིང་།
སྔོན་གྱི་ལས་བརྟག་གཞན་ལ་འཁང་མི་བྱ།
སྡིག་ལ་མི་འཇུག་ངོ་ཚ་ཁྲེལ་ཡོད་བསྟེན།
རང་ཚུགས་ཐུབ་པས་དགེ་ཞིང་བརྟན་པར་བྱ།། ༡༠ །།
འདིར་མུ་མཐུད་པའི་གདམས་ངག་ཡོད་ན། འབྲི་བ་མཛོད། ཁོ་བོའི་གློག་ཆས་སུ།་ཡོད་པར་སླར་འདིར་བྲིས་སོ།
༄༅། །ནམ་རྒྱུན་རྒན་ལགས་ནོར་བཅོས་ཀྱི་ལས་ལ་ཤིན་ཏུ་དགྱེས། དེ་ལ་ཤིན་ཏུ་ཡི་རང་ངོ། །ད་རེས་རྒན་ལགས་ཡིག་ནོར་གྱི་འདམ་རྫབ་ཏུ་འགྱེལ་འདུག འདི་ལ་ཤིན་ཏུ་ཡི་མི་རང་ངོ་། །
གཤམ་དུ་མཛུབ་མོས་རི་སྟོན་ཞིག་བྱ།
ཆོས་ལ་བསྐུལ་ཞིང་སྡིག་ལས་ཟློག་པར་བྱ།། ༡ །།
ཆོས་ལ་བསྐུལ་ཞིང་སྡིག་ལས་༼བཟློག་པར་བྱ༽།།
རྒན་རབས་སྲིད་ཞུ་ཕ་མར་བཀུར་སྟི་དང་།།
རྒན་རབས་༼སྲི་ཞུ་༽ཕ་མར་བཀུར་སྟི་དང་།།
རྙིང་པ་གསོ་དང་ཞིག་རལ་བཅོས་པར་བྱ།།
རྙིང་པ་གསོ་དང་ཞིག་རལ་༼བཅོ་༽བར་བྱ།།
རྟག་ཏུ་ཁོང་ཡངས་གཟེ་རེ་ཆུང་བ་དང་།།
རྟག་ཏུ་ཁོང་ཡངས་༼བཟེ་༽རེ་ཆུང་བ་དང་།།
འགྲན་སེམས་མི་བྱ་ཆགས་སྡངས་འཐབ་རྩོད་དོར།།
འགྲན་སེམས་མི་བྱ་ཆགས་༼སྡང་༽འཐབ་རྩོད་དོར།།
དབུལ་ཞིག་རྒུད་ཚེ་ཧ་ཅང་མི་ཞུམ་ཞིང་།།
དབུལ་༼ཞིང་༽རྒུད་ཚེ་ཧ་ཅང་མི་ཞུམ་ཞིང་།།
འབྲི་བ་མཛོད།
༼འབྲི་བར་མཛོད་༽
མངྒཱལཾ།
འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་གསང་སྔགས་རྙིང་མའི་གྲུབ་མཐའ་འཛིན་པ་རྒྱལ་བ་ཀློང་ཆེན་རབ་འབྱམས་ལ་ན་མོ།
ལོ་ཡག་ལེགས་ཀྱིས་ཞུས་དག་མཛད་པར་བཀའ་དྲིན་ཆེ། འདི་ཡིས་བློ་མུན་སེལ་བར་ཕན།
ནམ་རྒྱུན། ཞེས་པར་དོགས་པ་ཞིག་ཡོད། དུས་རྒྱུན། ཞེས་ངའི་ཁ་སྐད་དུ་ཡོད། སྤྱིར་བཏང་། ནམ། ཞེས་པ། ག་དུས། ཞེས་པར་འཇུག ངོ་ལོ་བདུན་ཅུ་ལྷག་སྔོན། ཨ་མདོ་མ་ཞིག་ལ་བོད་པ་བླ་རྒན་ཞིག་གིས། ག་དུས་སླེབས། མོས་མ་གོ་བ་ན། བདག་གིས། ནམ་སླེབས། ཞེས་པ་ན། མོས། ཁ་སང་སླེབས། ཞེས་པ་ན། བླ་རྒན་དེས། མངའ་རིས་པའི་སྐད། ཨ་མདོ་མས་གོ ཞེས་མ་རངས་པ་ལྟ་བུས་བཤད།
་
ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར།
བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། འོན་ཀྱང་། འཆར་བའི་ཞེས་མི་དགོས་སམ།
་
དེས་ན། རྣམ་རྒྱུན། ཞེས་པ་དུས་དང་རྣམ་པ་རྒྱུན། བསྡུས་ཚིག་མ་ཡིན་ནམ་སྙམ་མོ།
རྗེ་གུང་ཐང་བས། ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། །ཤེས་བྱའི་མཁའ་ལ་གདེངས་ཆེ་ན། །རང་མགོ་གཅོད་པ་ཨ་ཙ་མ། །ཞེས་གསུངས་པ་ལྟར། ཡི་གེ་གཏན་ཆགས་ཀྱི་རྣམ་ཅན་དུ་གྲུབ་ཟིན་རྣམས་ཡས་བསྒྱུར་མས་བསྒྱུར་མང་པོ་མ་བྱས་ན་ལེགས་ཏེ། གཞན་དུ་ན། གཏད་སོ་དང་གཞི་འཛིན་ས་གང་ཡང་མེད་པ་ཞིག་ཏུ་ཆགས་འགྲོ་རྒྱུ་ཡིན། དཔེར་ན། རྒན་བློ་འཇམ་མཆོག་གིསརང་ལུགས་ཀྱི་རྒྱུ་མཚན་གཙོ་བོར་བཟུང་ནས་བྲིས་པའི་སྡེབ་སྦྱོར་རྣམས་ལས་ཁ་ཤས་ཤིག་སྔོན་གྱི་དྲན་དབང་རྣམས་ཀྱི་སྡེབ་སྦྱོར་དང་ཡང་རྒྱབ་འགལ་དུ་ཕྱིན་འདུག།
མིང་ཚིག་ལ་ལ་ཤིག་ང་ཚོས་དཔྱད་དགོས་པར་ཡང་མཐོང་སྟེ། དཔེར་ན། ངག་སྒྲོན་ན། དགོངས་མོ་ཟོང་དགྲམ་མེ་ཏོག་དགྲམ། ཞེས་མཚན་མོའི་མིང་གི་བླ་དྭགས་སུ་ “དགོངས” བྲིས་སྣང་མོད། དག་ཡིག་གསར་བསྒྲིགས་ན། “མཚན་མོའི་དུས་ཀྱི་མིང་སྟེ། དོ་དགོང་། མདང་དགོང་། དགོང་མོ་ཞེས་པ་ལྟ་བུའོ” ཞེས་འབྱུང་ན། གང་ཞིག་མཚན་མར་གཟུང་ངམ། མཁས་པའི་མིང་གྲགས་དང་དུས་ཀྱི་དབང་དུ་བྱས་ན་སྔ་མ་གཙིགས་ཆེ་བར་སྣང་ཡང་། དགོངས་པའི་དགོངས་ལའང་དགོངས། མཚན་མོའི་དགོངས་ལའང་”དགོངས” འབྲི་བ་ནི་ནོར་གཞི་ལས་དགོས་པ་ཅི་ཡོད། “དགོང་” བོད་ཀྱི་དག་ཡིག་གི་ཁྲོད་ནས་རྒྱང་འཕུད་གཏང་རྒྱུ་ཡིན་ནམ། དེ་བཞིན་ “བསྩལ” བསྟན་བཅོས་སྔ་མ་རྣམས་ཀྱི་དབང་དུ་བྱས་ན་མ་དག་སྟེ་ གཟུགས་མི་འགྱུར་གྱི་ལས་ཚིག “སྩལ” ཡིན་མོད། དགོས་པ་རྒྱུ་མཚན་གྱི་དབང་དུ་བྱས་ན་”བསྩལ” དོན་དུ་འགྱུར་སྟེ། དུས་གསུམ་བྱེ་བྲག་པའི་སྤྱི་འགྲོས་དང་མཐུན་པར་གྱུར་བས། ཕྱི་རབས་རྣམས་ལ་རིགས་བསྒྲེ་ས་ཡོད་པའི་རྒྱུ་མཚན་གྱིས་སྦྱང་སླ་བའི་ཁྱད་ཡོད། ངས་ལྟ་ཚོད་ལ། དག་ཡིག་གསར་བསྒྲིགས་རྩོམ་པ་པོ་དང་། ཕྱིས་ཀྱི་མཁས་པ་མང་དག་ཅིག་གིས་ཕྱི་མ་འབྲི་བཞིན་པའི་རྒྱུ་མཚན་དེ་ཡིན་སྙམ་སྟེ། རང་ཉིད་སྒེར་གྱི་བསམ་ཚུལ་ཙམ་མོ། །
ལོ་ཡག་ལེགས་སུ། བདག་རྫབ་ཏུ་ལྷུང་ཡོད་པ་ལས། ཁྱོད་ཀྱིས་ཞུས་དག་ལ་བདེན་པར་མཐོང་སྟེ། འདམ་རྫབ་ནས། ཡར་ལངས་ཡོད། དྲན་པ་ཤེས་་བཞིན་བསྟེན་པ་གལ་ཆེ་བར་མཐོང་། དུས་རྣམ་པ་རྒྱུན་དུ། ཚིག་གྲོགས་བྱ། ཞེས་མ་འོངས་པ་ཡོད་ན། དེའི་གོང་གི་བྱ་ཚིག་དེ་ཡང་མ་འོངས་པ་ཡིན་དགོས་པར་སེམས་བཞིན་ཡོད་ཀྱང་། བསམ་བློ་ལེགས་པར་མ་བཏངས་པ་ལས་སྐྱོན་གྱི་འདམ་རྫབ་ཏུ་ལྷུང་། དེ་ལ་སྐྱོན་དུ་གོ་ནས་ཡར་ལངས།
་
བཀའ་བསྟན་གསུང་འབུམ་དཔེ་ཆ་དག་ན་ཡོད་པ་བཞིན་བྲིས་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་མ་དང་། ལུང་པ་འགའ་ཞིག་གི་ཕལ་སྐད་བཞིན་བྲིས་པའི་དག་ཡིག་གསར་བསྒྲིགས་ཏེ། དག་ཡིག་གསུམ་ལས། གང་དེ་གཙོ་བོར་འཛིན། རྣམ་དཔྱོད་དགོས་སོ།
་
“གཟུགས་མི་འགྱུར་གྱི་ལས་ཚིག “སྩལ” ཡིན་མོད། “འཐད་པ་མ་ཡིན་ཏེ། སྩོལ། སྩལད། སྩལ། སྩོལད། ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་དེ་ལྟར་ལགས། འདས་ཚིག་དང་སྐུལ་ཚིག་ལ་ད་ཡང་འཇུག་ད་ལྟའི་དུས་སུ་དངོས་སུ་འབྲི་བ་མེད་ཀྱང་། དེ་ལས་བྱུང་བའི་མིང་མཐའ་སོགས་འདྲེན་ཚུལ་སོགས་ཤེས་དགོས་སོ། བསྩལ། ཅེས་པ་སེལ་བའི་འདས་ཚིག་ཡིན་པ། སྩལཔའི་དོན་ལ་འབྲི་ན། བཀའ་བསྟན་སོགས་མཁས་པ་དག་གིས་བྲིས་པ་མེད་པར་བཟོ་བའི་མཚང་ཆེན་པོར་སྣང་ངོ་།
ཡིག་ནོར་དག་ལ་ཞུས་དག་མཛོད་ཅིག
རྒན་ལ་དྭགས་པ་ལགས་ཀྱིས། “སྩལ” གཟུགས་མི་འགྱུར་གྱི་ལས་ཚིག་མ་ཡིན་པར་གསལ་བཤད་བྱས་པ་ལ་ཐུགས་རྗེ་ཆེ་ཞུ། ངའི་མཉམ་མ་བཞག་པའི་ནོར་འཁྲུལ་ཡིན། ལས་སླ་བས་དེ་ཧ་མི་གོ་མཁན་ཕལ་ཆེར་སྲིད་དོགས་མེད།
ཁྱེད་རང་གིས་ཀྱང་ང་ཚོའི་བསམ་ཚུལ་འདོད་ཚུལ་ཧ་གོ་བར་གྱིས། ངས་༼དག་ཡིག་གསར་བསྒྲིགས༽༼ངག་སྒྲོན༽དང་༼ཟ་མ་ཏོག༽སོགས་ལས་རྩ་ཆེ་བར་རྗོད་ཀྱི་མེད་ལ་བསམ་གྱིན་ཡང་མེད། འོན་ཀྱང་། དག་ཡིག་གསར་བསྒྲིགས་སུ་ “བསྩལ། བསྩལད། སྩོལ། སྩོལད” ཏུ་བྲིས་པ་ལ་ནི། རྩོམ་པ་པོར་ཁུངས་གཏུག་ས་ཞིག་གམ། མིན་ན་རང་ཉིད་ལ་དེ་ལྟར་འཐད་སྒྲུབ་ཀྱི་རིགས་པ་ཞིག་ཏན་ཏན་ཡོད་རྒྱུ་རེད་སྙམ། དེང་གི་དུས་ན། དག་ཡིག་གསར་བསྒྲིགས་ཀྱི་རྗེས་སུ་འབྲངས་མིན་མི་ཤེས་མོད། མིང་འདི་གོང་བཀོད་ལྟར་དུས་གསུམ་བྱེ་བྲག་པའི་སྤྱི་འགྲོས་ལྟར་འབྲི་སྤྱོད་བྱེད་མཁན་ཤིན་ཏུ་མང་། ངས་བལྟས་ན། འདི་ནི་འབྲི་བ་བོ་དག་གིས་མ་ཤེས་པ་མིན་པར་བློ་ཡི་གཡོས་པ་སྔོན་དུ་སོང་བའམ་བསམ་བཞིན་དེ་ལྟར་བྲིས་ཏེ། ཡི་གེ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད་སྙམ། ང་ཚོས་དགོས་མཁོ་དང་བསྟུན་ཏེ་སྐད་ཡིག་གི་འཁོར་རྒྱུགས་རྒྱ་བསྐྱེད་བྱ་དགོས་སྙམ།
མཚན་མོའི་མིང་གི་རྣམ་གྲགས་ལ་ “དགོངས” མོ་ཞེས་ས་ཡང་འཇུག་ཅན་བྲི་བར་གདམས་པ་ལ་ཡང་དགག་བྱ་ལས་དགོས་པ་མེད་པ་ཤེས་པར་གྱིས།
གཞན་ཡང་། སྔོན་གྱི་དཔེ་ཆ་རྣམས་སུ། ད་ལྟ་བ་ “སྒྲོག” བྲི་དགོས་ས་ཐམས་ཅད་ལ་ “སྒྲོགས་” བྲིས་འདུག་ན། དེ་ལ་དགོས་པ་ཅི་ཞིག་འདུག རྟགས་འཇུག་གི་དུས་གསུམ་སྤྱིར་བཏང་བའི་སྤྱི་འགྲོས་གཏོར་བའི་སྐྱོན་ཆ་འབའ་ཞིག་ལས་དགོས་པ་རྒྱུ་མཚན་ནི་ཀླད་ཀོར་རེད་དོ། །
“མཚན་མོའི་མིང་གི་རྣམ་གྲགས་ལ་ “དགོངས” མོ་ཞེས་ས་ཡང་འཇུག་ཅན་བྲི་བར་གདམས་པ་ལ་ཡང་དགག་བྱ་ལས་དགོས་པ་མེད་པ་ཤེས་པར་གྱིས། ཞེས་དང་། ང་ཚོས་དགོས་མཁོ་དང་བསྟུན་ཏེ་སྐད་ཡིག་གི་འཁོར་རྒྱུགས་རྒྱ་བསྐྱེད་བྱ་དགོས་སྙམ།“
བུ་སྟོན་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་རྒྱབ་འགལ་ཏུ་དེ་ལྟར་བྱ་ཕོད་དམ།
“མཚན་མོའི་མིང་གི་རྣམ་གྲངས་ལ་ “དགོངས” མོ། བཀའ་བསྟན་གྱི་དོན་ལ་བསམ་བློ་ཅན་གྱི་ལུགས་ལ་ཉིན་མོ་དང་མཚན་མོའི་མཚམས་སྦྱོར་བའི་དུས་དེ་ལ་དགོངས་པའམ་དགོངས་མོ་ཟེར། ལེགས་པར་དཔྱོད་ཤེས་ན། དགོངས་པ། ཞེས་པའི་མིང་ཚིག་དེ་ཡང་དུས་ཀྱི་དགོངས་ལས་བྱུང་། འདི་དག་གི་ཤེས་པར་འདོད་པ་ལ། ལེགས་སྦྱར་སྐད་ཀྱི་མིང་ཚིག སནྡྷི། ཤེས་དགོས་པ་གལ་ཆེ། དེ་ཡང་། མཚན་མོའི་མིང་གི་རྣམ་གྲངས་རྒྱས་ཤོས་དེ། འཆི་མེད་མཛོད་ན་ཡོད་ངེས། ཤེས་འདོད་ཡོད་ན་དེར་བལྟས་ཏེ། དགོངས་མོ། ཞེས་པ་མཚན་མོའི་མིང་གི་རྣམ་གྲངས་སུ་ཡོད་ན། ལོན་སྐྱོལ་དང་། ལྟ་འདོད་ཤིན་ཏུ་ཆེའོ།
མཚན་མོའི་མིང་གི་རྣམ་གྲངས་ཡིན་ན། འཆི་མེད་དུ་མཛོད་དུ་ཐོན་དགོས་པའི་ཁྱབ་པ་ག་ལ་ཡོད། གཞན་ཡང་རྒན་ལགས་ཀྱིས། མིང་གི་རྣམ་གྲངས་ཡིན་ན་མངོན་བརྗོད་ཡིན་པས་ཁྱབ་པའང་ཤུགས་ཀྱིས་ཁས་བླངས་འདུག་སྟེ། འཆི་མེད་མཛོད་ཟེར་ན་མངོན་བརྗོད་འཆི་མེད་མཛོད་མ་ཡིན་ནམ། གཞན་ཡང་། “དགོང་མོ་” མཚན་མོའི་མིང་གི་རྣམ་གྲངས་མ་ཡིན་ཀྱང་རུང་། ཅི་ཡང་མི་ལྟོ། ངེད་རང་གཉིས་ཀྱི་བགྲོ་བ་བྱ་ཡུལ་ནི་དེ་ལས་གཞན་སྟེ། “དགོང་མོ་” དང་ “དགོངས་མོ” གཉིས་ལས་གང་ཞིག་འགབ་མིན་དེ་རེད།
སྤྱིར་ཡང་རྒན་ལགས་ལ་ལན་གཅིག་རང་ཡོད་པ་ནི་སྔོན་གྱི་མཁས་པ་ཅིག་ཅིག་ཅིག་གིས་དེ་ལྟར་བྲིས་འདུག་ཟེར་བ་ཙམ་རེད། དེ་ནི་ཨ་ཕའི་ཁ་ཕོར་ལ་གཙང་ཞེན་གྱི་དཔེ་ཟླ་ལས་དྲིས་པའི་ལན་དུ་སོང་མི་འདུག་པས་དགོངས་འགལ་མེད་པར་ཞུ། ང་མི་འདོད་དོ། །
ངག་སྒྲོན་ན། དགོངས་མོ་ཟོང་དགྲམ་མེ་ཏོག་དགྲམ། ཞེས་པ་དང་། བརྩལ། འདི་བརྡ་རྙིང་ཁུངས་དག་བྱས་ན། བསལ་བྱ། སེལ་བྱེད། བསལ་ཟིན་གྱི། བརྩལ་དང་། བསལ་གཉིས་དོན་གཅིག་རེད། ལྷམ་སྒྲོག སྒྲོག་པ་དང་། སྐད་སྒྲ་སྒྲོགས་པ་གཉིས་ཡིག་ཁུངས་སོ་སོར་ཡོད།
ཀརྡོར།
འོ་ན། རྩེད་མོ་ “རྩེས” བཞིན་འདུག་ཅེས་བྲི་དགོས་པར་ཐལ། ཅི་ལ་ཟེར་ན། “རྩེ” ནི་རི་རྩེ་དང་། རྩེ་གསུམ་སོགས་ཀྱི་རྩེ་ལ་སྤྱོད་པའི་ཕྱིར།
དེ་བཞིན་དུ་འོ་ཆུ་སྲེས་བཞིན་འདུག ལག་པ་སྲིངས་ཀྱི་འདུག མེ་ལ་སྲེགས་བཞིན་འདུག།ཡོས་རྔོས་བཞིན་འདུག ཐག་པ་སྣོར་གྱིན་འདུག་ལ་སོགས་སུ་བྲི་དགོས་པར་ཐལ། ཅི་ལ་ཟེར་ན། རིམ་པ་བཞིན་དུ། སྲེ་ནི་སྲེ་མོང་གི་སྲེ་དང་། སྲིང་ནི་སྲིང་མོའི་སྲིང་། སྲེག་ནི་བྱ་སྲེག་པའི་སྲེག།རྔོ་ནི་པགས་ནད་རྔོ་ཤུ་ཡི་རྔོ། སྣར་ནི་རྒྱུ་སྐར་སྣར་མའི་སྣར་ལ་སྤྱོད་པའི་ཕྱིར། ཁྱབ་པ་ཁས། རྒྱུ་མཚན་མཚུངས་པའི་ཕྱིར།
གཞན་ཡང་། དགོངས་མོ་ཞེས་དག་ཡིག་གི་རྩ་བ་དེ་དག་ན་དེ་ལྟར་ཡོད་པ་མ་རེད་ཅེས་སུས་ཟེར་གྱི་འདུག། སྔོན་ལ་ཕྱོགས་སྔས་ཅི་ཟེར་ལ་ཡག་པོ་ལྟོས། དེ་ནས་ལན་ཐོབས། བསྐྱར་ཟློས་ཡང་ཟློས་ལ་དགོས་པ་འདུག་གམ།
ཀརྡོར་སོགས་ཀྱིས་ཉོན།
གཞན་ཡང་། “སྒྲོག” ལྷམ་སྒྲོག་ལྕགས་སྒྲོག་སོགས་མིང་གཞན་ལ་འཇུག་པའི་རྒྱུ་མཚན་གྱིས། ད་ལྟ་བའི་གོ་ས་ནས་བསྐྲད་དེ་ “སྒྲོགས” བྲི་དགོས་པ་དེ་ལྟ་ན། ཀློག་དང་། རྫི་དང་། སྡོམ་དང་། རྫི་ལ་སོགས་པ་རྣམས་ཀྱང་གོ་ས་ནས་སྐྲོད་ཅིག གང་ལ་ཟེར་ན། ཀློག་ནི་ཀློག་ཤུ་ཡི་ཀློག་དང་། སྡོམ་ནི་སྡོམ་བུའི་སྡོམ་དང་། རྫི་ནི་རྫི་མ་རྫི་བོ་སོགས་ཀྱི་རྫི་ལ་སོང་བའི་ཕྱིར། འདོད་ཟེར་ན། ད་ནས་བཟུང་དཔེ་ཆ་ཀློགས་བཞིན་འདུག ཐག་པས་སྡོམས་ཀྱིན་འདུག གྲོ་ཞིབ་རྫིས་བཞིན་འདུག་ཅེས་སོགས་སུ་བག་ཚ་བ་མེད་པར་ཕྲིས་ཤིག བཞད་གད་ཀྱིས་ལུང་པ་ཁེངས་ན་ངས་མི་ཤེས་སོ། །
བཀའ་བསྟན་སོགས་ཀྱི་དག་ཆ་བོད་མི་མངས་ལ་སྤེལ་དགོས་པས། སྔོན་གྱི་བོད་ཀྱི་མཁས་པ་ཞེས་སྨོས་དགོས།
ཁྱོད་དེ་ལ་སྐྱུག་བྲོ་ཡང་། ཨ་མའི་ཕོར་པ་ཡིན། ཟེར་སྲོལ་ཐོས བདག་བྲིས་པ་མང་པོ་ཞིག་ལ་ལན་ཐད་ཀར་མེད་པ་ཅི་་ནམ། ཁོ་བོས་ནི། དགོངས་པ་ཞེས་པ་དགོངས་མོ་ལས་འོངས་པར་མཐོང་། དེ་ཡང་། ས་ལ་ཉི་༷ཟེར་ཡོལ་ནས། ནམ་མཁར་ཉི་ཟེར་ཡོད་པ་ལ་དགོངས་མོ། ཟེར་དགོས་པ་སྣང་། ནམ་མཁར་ཡི་ཟེར་མེད་པར་སོང་བ་ན། མུན་བསྒྲིབས་དང་མཚན་མོ་ཟེར་བ་མཐོང་ངོ་།
“སྒྲོག” ལྷམ་སྒྲོག་ལྕགས་སྒྲོག་”
ཅེས་སོགས་མང་པོ་ཞིག་བྲིས་ཡོད་ཀྱང་། བསམ་བློ་བཏངས་ནས། དཔྱད་་ལོང་མེད། འ༏ཇམ་དབྱངས་གང་བློ་མ་ན། འབྲུག་ལྟར་ཆེར་སྐྲོགས་དང་། ལས་ཀྱི་ལྕགས་སྒྲོག ཅེས་དག་པོར་བྲིས་པ་མཐོང་། ཟ་མ་ཏོག་དང་། ངག་སྒྲོན་དུ། རིམ་བཞིན། ཆེར་སྒྲོགས། ཞེས་དང་། ཆོས་སྒྲ་སྒྲོགས། ཞེས་སོ།