ཚུལ་ཁྲིམས་ཟླ་བ།
ནམ་མཁའི་སྐར་མ་ལ་ལག་བསྙབས་བྱས་ཀྱང་།།
རེག་པའི་སྐལ་བ་ཞིག་ཨེ་ཡོད་མི་ཤེས།།
ས་ཁའི་རྩི་ཐོག་ལ་མཛེས་སྡུག་ཡོད་ཀྱང་།།
ཟ་ཟི་བུང་བ་འགའི་སྤྱོད་ཡུལ་ཡིན་སོང་།།
དམར་སྨུག་གཟན་ཤམ་དེ་དམར་ཁ་བཙན་པས།།
གྲོང་པའི་རྒན་མོ་ཚོས་མིག་ལོག་བལྟས་བྱུང་།།
སྐྲ་མེད་མགོ་བོ་དེ་འཕྲད་ལ་གཡུགས་ནས།།
ཤུལ་རིང་ལམ་ཁ་ཞིག་ད་དུང་འཚོལ་དགོས།།
དད་པའི་ས་བོན་ལས་རུལ་དྲི་ཁ་བས།།
མཛེས་སྡུག་མེ་ཏོག་ཞིག་ཤར་ཚོད་མི་འདུག།
བྱ་བའི་ཡོ་ལང་ཡང་ཚུལ་འཆོས་ཡིན་པས།།
ཚིམས་པའི་གྲུབ་འབྲས་ཤིག་ལོན་པར་དཀའ་སོང་།།
སྔོན་སོང་རྐང་རྗེས་ལ་ཕྱིར་བལྟས་བྱས་པས།།
ཟིན་མེད་དུས་ཚོད་དེ་ཐོལ་གྱིས་སོང་འདུག།
འགྲོ་སའི་ལམ་ཁ་ལ་མིག་མདའ་འཕངས་པས།།
དངངས་པའི་དབུགས་རིང་ཞིག་ངང་གིས་ཤོར་འགྲོ།།
འཛུམ་པའི་མེ་ཏོག་དེ་མིག་ལ་མཛེས་ཀྱང་།།
ཁོག་པའི་འཁོས་ཀ་དེས་གཞན་ཞིག་མངོན་ཡོང་།།
འཚོལ་བའི་བྱ་དངོས་དང་ཁ་ཐག་རིང་བས།།
འཚུབས་ཆའི་གོམ་འགྲོས་ཀྱང་འཁྱ་རེ་འཁྱོར་རེ།།
གནམ་ངོ་སྨུག་པ་ཡིས་གཡོག་ནས་འདུག་ཅིང་།།
སྨུག་པའི་སེང་རས་དེ་ནག་ཁ་ཚ་བས།།
ཀྱག་ཀྱོག་གཞུང་ལམ་དེའི་ཁུག་སོ་རེ་ནས།།
ལྷུང་བའི་སྐྲག་སེམས་ཀྱིས་སྐྱིད་སྣང་མི་འདུག།
དྲོད་འཇམ་མལ་གདན་གྱི་ཡང་སྟེང་ཞིག་ནས།།
སྐྱིད་པའི་རྨི་ལམ་འགའ་ཤར་གྱིན་འདུག་མོད།།
བདེན་ཐུབ་འཚོ་བ་ཡི་དངོས་མྱོང་ཞིག་གིས།།
སྤྲོ་དགའི་འཁྲུལ་སྣང་དེ་ཡུད་ཀྱིས་དཀྲོགས་སོང་།།
དགོད་དང་ཁྲོ་གཉེར་གཉིས་གདོང་ཐུག་རྒྱབ་ཅིང་།།
བརྩེ་མདང་སླུ་བྲིད་གཉིས་བདར་རེས་བྱེད་དུས།།
འཛུམ་མདངས་མིག་ཆུ་གཉིས་རེས་མོས་རེས་མོས།།
དོན་དངོས་འཚོ་བ་ཡི་སྣང་བརྙན་ངོ་མ།།
ཁ་དང་ཁོག་པ་གཉིས་གཏུག་བཤེར་ཅིག་གིས།།
དབུགས་ཀྱི་རྒྱུ་བ་ཡང་འགོག་གིན་འདུག་མོད།།
མཐོང་སྣང་མང་པོ་ལ་གཞིག་གིན་གཞིག་གིན།།
མཚམས་དང་མཚམས་སུ་ནི་ཁོང་དགོད་ཤོར་འགྲོ།།
ཁ་དང་ཁོག་པ་གཉིས་གཏུག་བཤེར་གཅིག་གིས། །
སེམས་དང་བསམ་པ་གཉིས་ཨ་ཐང་ཆད་སོང་། །
ཡག་པོ་འདུག