འབའ་སྲས།
༼གུས་པས་ནམ་ཡང་བསྐུར་བཞིན་པའི་ཁ་བརྡ་དྲ་བ་དང་ཆང་ས་དྲ་བ་གཉིས་ལ༽
ཁ་བརྡ་ཚང་ལ་མ་ཡོང་ཡུན་རིང་འགོར།།
ཁ་སྒང་བསམ་གཏན་ན་ཆུང་རྩེད་རར་ཞུགས།།
ཁ་མཚར་ལ་གཞས་ལངས་ནས་སྐད་གྲགས་བཞག །
ཁ་བའི་ལྗོངས་ཀྱི་ན་ཆུང་བུ་མོ་བཀུགས།།
ཁ་སྐད་གཞི་ལ་བཞག་ནས་ལ་གཞས་ལངས།།
ཁ་ཁོག་མེད་ལ་སེམས་ཀྱི་སྙིང་གཏམ་བཤད།།
ཁ་མ་མེད་པའི་དེང་རབས་བུ་མོ་ཚོ།།
ཁ་ལྕེ་བདེ་ན་འགུག་ཁ་སླ་མོ་རེད།།
ཁ་ཞིག་གྲགས་ན་སྒོར་མོའི་ཁ་གྲངས་འདྲི།།
ཁ་བ་ཅན་ལ་ནམ་ཡོང་ཡང་ཡང་འདྲི།།
ཁ་སང་དེ་རིང་ཡོང་ཐབས་མི་འགྲིག་པས།།
ཁ་སེམས་མཐུན་ན་རྗེས་མ་ཡོང་ཞེས་བཤད།།
ཁ་སྒང་བསམ་གཏན་སུ་ཡིན་མི་ཤེས་མོད།།
ཁ་མ་དེ་ནས་སེམས་ལ་ལག་ལ་འཇོག །
ཁ་ལས་རླུང་རྟ་མཐོ་བས་མ་ཡིན་མོད།།
ཁ་ལྕེ་བདེ་བ་ཙམ་གྱིས་བཀུགས་པ་ཤེས།།
ཁ་བ་ཅན་གྱི་ན་ཆུང་བུ་མོ་ཚོ།།
ཁ་བརྡ་སྡོམ་པོ་ཡིད་ཆེས་མ་བྱེད་རོགས།།
ཁ་མཁས་ལ་གཞས་རྣ་ལ་སྙན་ན་ཡང་།།
ཁ་མ་ཡོད་པའི་མི་ཞིག་འདི་ན་མེད།།
ཁ་ལྕེ་བདེ་བའི་ལ་གཞས་དགུ་ཚིག་མ།།
ཁ་སྒང་བསམ་གཏན་ང་ཡིས་བརྩམས་པ་འདི།།
ཁ་ལ་ཞིམ་ཞིང་རྣ་ལ་སྙན་ན་ཡང་།།
ཁ་མ་དེ་ནས་ཡིད་ཆེས་མ་བྱེད་རོགས།།
ཁ་སྒང་བསམ་གཏན་ཕྱི་གླིང་ཡུལ་ན་ཡོད།།
ཁ་བའི་བུ་མོ་ཁ་བའི་ལྗོངས་ན་ཡོད།།
ཁ་སེམས་མཐུན་ཡང་རྒྱང་ཐག་རིང་བས་ན།།
ཁ་བ་ཅན་ལ་ལོག་རྒྱུ་དཀའ་མོ་རེད།།
ཁ་ནས་ལ་གཞས་ལངས་པ་བདེན་པ་མིན།།
ཁ་ནས་སྐད་ཆ་བཤད་པ་དོན་ངེས་མིན།།
ཁ་སང་དེ་རིང་ན་གཞོན་ཡོད་དོ་ཅོག །
ཁ་མ་མེད་པ་བུ་མོས་ཤེས་པར་གྱིས།།
ཁ་སེམས་དྲང་བོས་མོས་གཏམ་དེ་བཤད་མ་ཐག །
ཁ་བའི་བུ་མོ་ཁ་ནས་འདི་ལྟར་བཤད།།
ཁ་ཐག་རིང་བའི་ཕྱི་གླིང་ཕྱི་རྒྱལ་ན།།
ཁ་མ་མེད་པའི་མགོ་སྟོང་སྐྱ་སྟོང་ལགས།།
ཁ་བའི་ཡུལ་གྱི་མི་ཡིན་ཁྱོད་ཀྱིས་བཤད།།
ཁ་མ་མེད་པའི་སྐད་ཆ་ཁྱོད་ཀྱིས་བཤད།།
ཁ་བའི་བུ་མོ་ང་ལ་དགའ་བས་ན།།
ཁ་ཚིག་དོན་ལ་གནས་པའི་སྐད་ཆ་ཤོད།།
ཁ་ཁོག་མེད་ལ་དྲང་མོར་བཤད་པ་ན།།
ཁ་སེམས་མཐུན་པའི་ང་ལ་ཆུང་མ་ཡོད།།
ཁ་གྲངས་མང་བའི་བུ་དང་བུ་མོ་ཡོད།།
ཁ་བའི་བུ་མོས་རེ་བ་མ་བྱེད་ཅིག །
ཁ་ནས་ཚིག་འདི་དེ་མ་ཐག་པ་ན།།
ཁ་ནས་ཤོར་རམ་བརྗོད་པ་མ་ངེས་པར།།
ཁ་བའི་ཡུལ་གྱི་ལ་གཞས་ལེན་རོགས་མ།།
ཁ་མ་དེ་ནས་གཞན་ལ་ཆས་སོང་ངོ་།།
ཁ་ནས་བཤད་པའི་གཏམ་དེ་ཁྱེད་ལ་ཡོད། །ཁ་ཁོག་མཚུངས་དང་མི་མཚུངས་ཟེར་ཡག་དེ། །
ཁ་བའི་ལྗོངས་ཀྱི་བུ་མོས་ཞིབ་དཔྱད་ནས། །ཁ་ལ་མི་སྨྲ་རྒྱ་གྲམ་འབྱིན་པར་སྲིད། །
ཁ་མ་མེད་པའི་ན་ཆུང་བྲོ་ར་ནས།། ཁ་ནས་བླངས་པའི་ལ་གཞས་དགུ་ཚུགས་མས།། ཁ་བའི་ལྗོངས་ཀྱི་བུ་མོ་འགུགས་མཁན་དེ།། ཁ་བའི་ཕོ་གསར་ཁ་སྒང་བསམ་གཏན་ཡིན།།
བསམ་གཏམ་འདིའི་ཁ་ལག་གཉིས་ཀ་ཅིག་བདེ་ཀི མུ་མཐུད་ནས་ཀློག་ན་འདོད་ཀི
གླུ་ལངས། གླུ་བླངས་ལ་བཅོས།
མྱི་སྟུག་གི་བླངས་རབས་ལ་མི་དོ་ཡང་་་་་འགྲིག་ཙམ་རེད།