ཚེ་རིང་ལྷ་མོ།
དམར་པོ་ཁྲག་གི་དཀྱིལ་ནས།།
གངས་སེང་རྒྱལ་དར་བསྒྲེངས་བྱུང༌།།
མེ་མདའི་ལྡིར་སྒྲའི་འཕྲོད་ནས།།
རྣམ་ཤེས་ལུས་དང་བྲལ་སོང༌།།
སྤུན་ཟླ་ཚོ། བོད་པ་ཚོ། ཡར་ལ་ལོངས་ཤོག
ཞོགས་པ་ནང་ནས་ཐོན་དུས།།
སེམས་ཐག་གཙང་མ་བཅད་ཡོད།།
མེས་པོའི་རྒྱལ་ས་ཟིན་དུས།།
བེམ་པོ་ཁྲག་གིས་ཚོས་སོང༌།།
སྤུན་ཟླ་ཚོ། བོད་པ་ཚོ། ཡར་ལ་ལོངས་ཤོག
གངས་སེང་རྒྱལ་དར་འཕྱར་དུས།།
རྒྱ་གཞུང་ཁྲག་ལ་རྔམས་སོང༌།།
བོད་འབངས་ཞི་བའི་ནུས་པ།།
མེ་མདའི་འབེན་ལ་གྱུར་སོང༌།།
སྤུན་ཟླ་ཚོ། བོད་པ་ཚོ། ཡར་ལ་ལོངས་ཤོག
མིག་ཟུང་ཟུམ་ལ་ཉེ་ཡང༌།།
རྒྱལ་བའི་བཀའ་དྲིན་དྲན་དུས།།
ཁྲག་དམར་ས་ལ་འཁྱིལ་ཡང༌།།
འགྱོད་པ་སྤུ་ཙམ་མི་འདུག
སྤུན་ཟླ་ཚོ། བོད་པ་ཚོ། ཡར་ལ་ལོངས་ཤོག