ཨེ་མ་ཧོ།
ཨ་ལ་ལ་ཧོ་བུ་མོ་ཆུང་ཆུང་།།
ཧ་ཅང་བཟང་པོའི་ལས་ལ་ཡི་རང་།།
ས་སྟེང་མི་ལུས་ཐོབ་པའི་དོན་འབྲས།།
ཤ་ཞེན་སློབ་སྦྱོང་སྐུལ་མཛད་རྒྱལ་ལོ།།
ལ་རྒྱའི་ཞི་བདེ་འདྲ་མཉམ་ལྟ་བ།།
ར་རུ་འི་སྡུག་པའི་ཁ་ཆེའི་སྡོམ་པ།།
ཡ་རབས་བཟང་ཕྱོགས་ཤིང་རྟ་གསར་པ།།
འ་ཅག་མི་རིགས་ཀུན་ལ་མཁོའོ།།
ཟ་མ་མོ་ལ་འཇོན་ཐང་ཡོད་པས།།
ཞལ་རས་ནག་པོ་ཕར་ལ་གཡུགས་ནས།།
ཝ་མོ་རྒྱལ་བའི་སྐད་ངན་མིན་པར།།
ཛ་ཡའི་བསྟན་བཞིན་ཞི་བདེ་བསྐྲུན་སོང་།།
ཚ་ཚ་འུར་ཟིང་ཁྱད་དུ་བསད་ནས།།
ཙ་ལག་ཉེ་འཁོར་དགྲ་རུ་གྱུར་ཀྱང་།།
མ་དང་བུ་མོའི་ཐོབ་ཐང་ཆེད་དུ།།
བ་དན་དཀར་པོའི་ཞི་བདེ་བསྐྲུན་སོང་།།
ཕ་མེས་རྒྱུད་པའི་སྲོལ་ངན་རྒྱུན་འབྱམས།།
པ་ཀི་སི་ནས་གསང་བ་གཏོར་སྟེ།།
ན་ཆུང་བུ་མ ོའི་འཚོ་བའི་མངའ་ཐང་།།
ཐ་དག་དགོས་པའི་རེ་སྐུལ་གནང་སོང་།།
ད་ལྟའི་དུས་རབས་གསར་བའི་སྐབས་སུ།།
ཏ་ཐ་ག་ཏའི་སྙིང་པོ་འཛིན་བཞིན།།
ཉ་ཉུང་མ་བསྲེས་མཛེས་མཛངས་བུ་མོར།།
ཇ་ཆང་མཚར་གླུའི་བསྟོད་པ་འབུལ་ལོ།།
ཆ་ལུགས་ཁ་ཆེའི་གོས་ལྭ་གྱོན་ཡང་།།
ཅ་དག་སེམས་པ་གཞན་ཕན་ཅན་ལ།།
ང་ཡིས་ཁྱོད་ལ་དབྱངས་གསལ་མཆོད་པ།།
ག་དུས་ཡིན་ཡང་མངོན་པར་བསྟོད་དོ།།
ཁ་བའི་ལྗོངས་ཀྱི་དེད་དཔོན་མཆོག་དང་།།
ཀ་ཀོ་ལ་བཞིན་སྨན་རིགས་གཅིག་པས།།
ཨོ་ཌཱི་ཡ་ནས་ཀེ་ལ་ཤཱི་སོགས།།
ཨེ་མ་འཛམ་གླིང་ཞི་སྟོན་རྒྱལ་ལོ།།
ཨུ་ཚུགས་མིན་པར་ཐོལ་བྱུང་སྙན་ངག།།
ཨི་ཐི་བ་ཡི་གཏམ་བཟང་བདེན་པ།།
མ་ལ་སོགས་ལ་བསྟོད་བསྔགས་འབུལ་བས།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་སྨོན།།
ཞེས་པ་རབ་རྒྱན་ཤིང་རྟའི་སྨྲིན་ཟླའི་དབང་ཚེས་དགེ་བར་ཁ་ཆེའི་བུ་མོ་མ་ལ་ལ་ལ་དང་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤཱི་ས་ཊིར་ཐི་ལ་ནོར་བྷེར་ཞི་བདེའི་གཟེངས་རྟགས་ཐོབ་པ་ལ་ཡི་རང་བཅས་ཤྲཱི་སྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་ཕུལ་བར་དགེའོ།། །།
ཤྲཱི་སྨྱོན། ཧ་ཧ་ཧ། ཁོ་རེ་འདི་ཡང་སྨྱོན་པ་མིང་ཅན་ཞིག་ཡིན་འདུག་གི་ཨ།
བཅུ་བདུན་ལང་ཚོ་རྒྱས་བའི་གར་ལ།
ཁ་ཆེ་བ་ཡིས་ཟ་སྐལ་ཤོར།
ཁ་ཆེ་བུ་མོ་འཁྲུག་པའི་གར་ལ།
ཞི་བདེ་རྟགས་མས་མགོ་རྒྱན་གཡོག།
བུ་མོ་རྟགས་མ་འཐབ་པའི་གར་ལ།།
ཞི་བདེ་ཕྱོགས་དེར་རྒྱས་བར་ཤོག།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མ་ལ་ལ་ལ་བསྟོད་དོ།།