བདེ་ལྡན།
དུས་ཚིགས་ཀྱི་རླུང་བུ་ཤུར་ཤུར་ལྡང་དུས།
ཨ་ཆེན་གངས་འདབས་ན་རྡོག་ཁྲེས་ཁུར་བའི་མི་རྐྱང་ཞིག
རི་གྲོང་དེར་རྐང་རྗེས་ཐར་ཐོར་རེ་བཞག་པ་ནས་བཟུང་།
གནའ་བོའི་གཏམ་རྒྱུད་དུ་གྱུར་ཟིན།
བྱིས་པ་ཚོས་བརྗོད་རྒྱུར།
དེ་ནི་བརྩེ་དུང་ཞིག
ཡང་ན་མཚོན་རྟགས་ཤིག
གང་ལྟར་ཡང་ངག་རྒྱུན་ལ་ཁྱབ་པའི།
གཏམ་རྒྱུད་རིང་པོ་ཞིག་ཆགས།
གསལ་ལ་མི་གསལ་བའི་རི་སྐེད་ཀྱི་རྐང་ལམ་དེར།
རེ་འདུན་གྱི་གོམ་ཁ་ལྷ་ལྡན་ལ་བསྒྱུར་བའི་ཨ་སྐྱོ་ཚོ་འགྲོ་རབས་ཟེར།
དུས་དེ་ནས་བཟུང་རྐང་ལམ་དེ།
རྒན་རྒོན་ཚོའི་ལབ་གླེང་བྱེད་ས་ཞིག་ཏུ་གྱུར།
བྱིས་པ་ཚོས་བརྗོད་རྒྱུར་རྫི་བོ་ཞིག་གི་བརྩེ་གླུ་ལེན་ས།
ཡང་ན་རེ་སྒུག་ཅིག
གང་ལྟར་ཡང་གཏམ་རྒྱུད་དེ་ངག་རྒྱུན་ནས།
དམངས་ཁྲོད་ཅན་དུ་གྱུར་ཟིན།
བདག་པོ་མེད་པར་རྙིང་ཞིང་རལ་བའི་ཁ་དཀྲིས་ཤིག
ངལ་རྩོལ་ཁྲོད་ཀྱི་ཞིང་པ་ཞིག་གི་ཡིན་རབས་ཟེར།
དུས་ཚོད་ཀྱི་འཕེལ་རིམ་ལ་གཞིག་སྟེ།
གནའ་བོའི་འགྲེམ་སྟོན་ཁང་ཞིག་ཏུ་བསྐྱལ།
བྱིས་པ་ཚོས་བརྗོད་རྒྱུར་སྒྲོན་མ་མཚོར་བཞག་པའི་ལེགས་སྐྱེས་ཡིན་ཟེར།