གཅན་འོད་འབར།
ཁ་དོག་དང་པོ།
ཁ་དོག་ཅིག་ལ་ཐིམ་པའི་ཚེ་སྲོག་འདི།
ཐོག་མཐའ་བྲལ་བའི་གཏམ་རྒྱུད་ཅིག་གི་བྱུང་ཚུལ་ཡིན་ན།
ཁ་དོག་གིས་ཟོས་པའི་མི་ཚེ་འདི་ཡང།
མཐའ་མེད་པའི་རྒྱ་མཚོ་ཞིག་འཁྱིལ་ནས་སྐམ་ཚུལ་ཡིན་ངེས།
ཡང་སྙིང་སུ་དང་གང་ལ་ཡང་ཁ་དོག་མི་འདུག་སྟེ།
མིག་གིས་འཁྲུལ་བའི་སྣང་བརྙན་རྫུན་མ་ཞིག་དང།
སེམས་ཀྱིས་བསྐྲུན་པའི་གཟུགས་རིས་སྟོང་བ་ཞིག་སྟེ།
ནག་པོ། དཀར་པོ། སེར་པོ། དམར་པོ།
ད་དུང་ལྗང་ཁུ།
ཡོད་ཚད་ཁྱོད་དང་ང་ཡིས་གཞན་གྱི་ངོ་གདོང་རྒྱན་ཚུལ་ཞིག་དང།
ཡོངས་རྫོགས་ཁོ་དང་ཁོ་མོས་ང་ཚོར་མིང་བྱང་འདོགས་སྟངས་ཤིག་སྟེ།
བདེན་པའི་ཁ་དོག་ལས་གྱེས་པའི་ཁ་དོག་གཞན་ཞིག་གི་འགྲེལ་བ་མ་ཡིན་ནམ།
ཁ་དོག་གཉིས་པ།
མནར་མ་སོན་པའི་དུས་རབས་མང་པོ་ཞིག་དང།
ངོ་མ་ཤེས་པའི་མི་རབས་གྲངས་མེད་ཅིག་ལ།
ཡིད་ཆེས་ཁོ་ནས་སྐྱབས་སུ་བཀུར་ཞིང།
དད་འདུན་གཅིག་པོས་མགོན་དུ་མཆོད་པའི་སྐྱེས་ཆེན་འདི་ཚོ།
ཆགས་པའི་རླུང་གིས་བསེད་པའི་ན་བཟའ་དམར་སྨུག་དེའི་འོག་ན།
གཡོ་སྒྱུའི་གོས་ཀྱིས་རྒྱན་པའི་གསེར་ཁྲི་སེར་པོ་དེའི་སྟེང་ན།
ངོ་གདོང་ལ་ངེས་འབྱུང་གི་རྫུན་འབག་གྱོན་ཞིང།
ཐུགས་སེམས་ལ་ཉོན་མོངས་ཀྱི་གཡའ་བཙའ་མནབས་ནས།
སུ་ཞིག་གི་རྒྱུ་ནོར་ལ་རྔམ་པའི་ཇག་པ་ལྟར།
གང་ཞིག་གི་ལང་ཚོར་རྒོལ་བའི་ཁྲམ་པ་བཞིན།
ན་བུན་འཐིབས་པའི་རི་གྲོང་འདིའི་ཉིན་སྲིབ་ན་སྐྱེས་པའི་མིག་གོང་གི་ཚེར་མ་དམར་པོ།
མིག་ཟུང་བཙུམ་པའི་མི་ཚོགས་འདིའི་གཡས་གཡོན་ན་འཕེལ་བའི་སྙིང་ཁོང་གི་ན་ཟུག་སེར་པོ།
ཁྱོད་དང་ང་ཡིས་བློ་ཕམ་གྱི་མཆི་མ་གཏོར་ས་དང་།
ང་དང་ཁྱོད་ཀྱིས་ཡིད་ཆད་ཀྱི་སྨྲེ་ངག་འདོན་ས་སྟེ།
ཁ་སང་དེ་རིང་གི་འཁྲན་སྟོན་དམར་པོ།
དེ་རིང་སང་ཉིན་གྱི་ཁ་དོག་ནག་པོ།
འདི་ཡང་ཁ་དོག་ཅིག་ཁ་དོག་གཞན་ཞིག་ལ་འགྱུར་ཚུལ་མིན་པའི་བདེན་ཁ་སུས་སྟེར་ཐུབ་བམ།
སྤྱི་ཚོགས་ཁྲོད་ཀྱི་དངོས་སྣང་འགའ་ཚོར་ཏེ་དེ་དག་ལ་ཆེད་དུ་བྲིས་པའོ།།
འོད་འབར་མི་འདུག མུན་པ་འཐིབ་འདུག
ཁ་དོག་གསུམ་པ།
མནར་སོན་པའི་དུས་རབས་གྲངས་མེད་ཅིག་དང་།
ངོ་ཤེས་པའི་མི་རབས་གྲངས་མེད་ཅིག་ལ།
གསར་ཞེན་ཁོ་ནས་རྒྱབ་ནས་རྒོལ་ཞིང་།
གཡམ་རྒྱུགས་གཅིག་པོས་དགྲ་རུ་ལངས་པའི་བྱིས་པ་འདི་ཚོ།
ཁྲོ་བའི་རླུང་གིས་བསེད་པའི་ན་བཟའ་ཕུ་རིང་དེའི་ནང་ན།
ཁུངས་མེད་གོས་ཀྱི་རྒྱན་པའི་རྐུབ་སྟེགས་དེའི་སྟེང་ན།
ངོ་མདོང་ལ་ངོ་ཚའི་རྫུན་འབག་གྱོན་ཞིང་།
ཐུགས་སེམས་ལ་ཡབ་མེས་ཀྱི་རིང་གཞུང་གཏོར་བའི་འབར་རྫས་མནབས་ནས།
སུ་ཞིག་གི་རྒྱུ་ནོར་ལ་རྔམ་པའི་ཇག་པ་ལྟར།
གང་ཞིག་གི་ལང་ཚོར་རྒོལ་བའི་ཁྲམ་པ་བཞིན།
ན་བུན་འཐིབས་པའི་རི་གྲོང་འདིའི་ཉིན་སྲིབ་ན་སྐྱེས་པའི་མིག་གོང་གི་ཚེར་མ་དམར་པོ།
མིག་ཟུང་བཙུམ་པའི་མི་ཚོགས་འདིའི་གཡས་གཡོན་ན་འཕེལ་བའི་སྙིང་ཁོང་གི་ན་ཟུག་སེར་པོ།
ཁྱོད་དང་ང་ཡིས་བློ་ཕམ་གྱི་མཆི་མ་གཏོར་ས་དང་།
ང་དང་ཁྱོད་ཀྱིས་ཡིད་ཆད་ཀྱི་སྨྲེ་ངག་འདོན་ས་སྟེ།
ཁ་སང་དེ་རིང་གི་འཁྲན་སྟོན་དམར་པོ།
དེ་རིང་སང་ཉིན་གྱི་ཁ་དོག་ནག་པོ།
འདི་ཡང་ཁ་དོག་ཅིག་ཁ་དོག་གཞན་ཞིག་ལ་འགྱུར་ཚུལ་མིན་པའི་བདེན་ཁ་སུས་སྟེར་ཐུབ་བམ།
སྣ་ཚོགས་རང་གྲོལ་ལ་མངོན་པར་བསྟོད་དོ།
ང་ལ་དེ་ལས་ལྷག་པའི་ལབ་གླེང་ཅི་ཡང་མེད།
ཁ་དོག་བཞི་བ།
དུས་ཀྱིས་སྐྱོམ་ཞིང་འདོད་པས་གཟེར་བའི་དུས་རབས་ལས་ནར་སོན་ཞིང་།
བེམ་གཟུགས་ཀྱི་རྐང་བྲོ་བར་མེད་དུ་རྡུང་བའི་ཁ་དོག་སྐྱ་བོ།
ཅི་ཞིག་གོ་སོང་བ་ལྟར་རྣ་བ་ཅོ་རེ།
ཅི་ཞིག་ཤེས་སོང་བ་ལྟར་མགོ་བོ་ཀྲོག་གེ
གྲལ་སྒྲིག་པའི་ཁ་དོག་སྐྱ་བོའི་རུ་དཔུང་འདི།
ངའི་མཐའ་མཇུག་གི་ཚེ་སྲོག་འཕྲོག་པར་གང་ནས་བཏང་སོང་།
འགྲོ་ན་མདུན་ནས་གཙགས་ཤིང་སྡོད་ན་རྒྱབ་ནས་འཛེར་བའི་ཚེར་མ་འདི།
དམ་པ་གང་ཞིག་གི་སྤྱན་ཟུང་ལ་གཟས་པའི་སྤུ་གྲི་ཡིན་ནམ།
མེས་པོ་གང་ཞིག་གི་སྙིང་ཁོང་ལ་བཙུགས་པའི་གློ་གྲི་ཡིན་ནམ།
གཞན་གྱིས་བཙུགས་པས་ཚ་ལུགས་འདིས།
རང་གིས་བསྣུན་པས་ན་ལུགས་འདིས།
ཅི་ཞིག་གི་ཉེས་པ་བསགས་ལྟའི་ང་དང་ཁོས།
འཆི་བ་མདུན་དུ་སླེབ་ཡང་ཤི་མིག་གསོན་ལ་རེ་དུས།
ཡབ་མེས་གང་ཞིག་གི་དུར་ས་སློག་པའི་ལག་པ་འདིས།
རིག་གཞུང་གང་ཞིག་གི་རྒྱུན་ཐག་སྲེག་པའི་མེ་ལྕེ་འདིས།
ང་དང་ཁོར་སྐྱེལ་མ་བྱེད་པའི་གཡབ་མོ་མཐོང་།
འདི་ནི་ཁ་དོག་གང་ཞིག་ཁ་དོག་གཞན་ཞིག་ལ་ཞོན་པའི་བདེན་པ་མིན་ནམ།
སྤྱི་ཚོགས་སྟེང་གི་དངོས་མཐོང་གང་ཞིག་གཞིར་བཞག་ནས་བྲིས།
སྙན་ངག་གཡག་རོ་འདྲ་པོ་འདི་ལ་གོ་ལོག་ཙམ་ལས་གོ་བ་ཡག་པོ་ཞིག་མི་ལོན་གི་ཡ།
ད་གང་ཡོང་། ཆུང་དུས་སྦྱང་བ་མེད།་ཆེ་དུས་ཤེས་བ་མེད། སྐྱེ་བ་འདིར་མྱི་ལུས་ཞིག་ལང་ནོ་་་་་་་་་་།