མགོན་པོ་ཕྱག་གཉིས་པ།
ལོ་དང་ཟླ་བ་རེ་རེ།།
མཛུབ་མོས་བགྲང་ནས་རྫོགས་སོང་།།
རྫོགས་ཀྱང་འགྱོད་པ་མི་འདུག།
དུས་ཀྱི་ཆོས་ཉིད་རེད་མོད།།
མདུན་གྱི་སྡོང་ལོ་རེ་རེ།།
སྟོན་རླུང་གཡུག་ནས་ཁུར་སོང་།།
ཁུར་ཀྱང་སེམས་ལས་མི་འདུག།
སང་ལོ་སྐྱར་དུ་ཐོགས་ཡོང་།།
བགྲང་ནས་རྫོགས་ན་བསམ་ཡང་།།
རྫོགས་མཐའ་མེད་པ་གང་རེད།།
རང་དབང་ཆེད་དུ་མེ་མཆོད།།
འབུལ་མཁན་རྫོགས་མཐའ་མེད་ག།
ཡིད་སེམས་རྫ་རི་སྨུག་པོར།།
སྨུག་མེད་སྨུག་པས་བཟུང་སོང་།།
ཁྲ་ཆུང་མིག་གི་མཐའ་ལ།།
ཆུ་མེད་ཆུ་ཞིག་འཁོར་སོང་།།
རང་དབང་ཐོབ་རྒྱུ་ཡོད་ན།།
རྫོགས་མཐའ་མེད་ཀྱང་དྲག་ག།
རང་རང་མེ་ལ་བསྲེག་པའི།།
དོན་དག་དེ་ག་རེད་མོད།།
རང་དབང་ཉི་མ་སེར་པོ།།
མགྱོགས་པོ་འཆར་རན་ཡིན་ཏེ།།
རྒྱ་སྲིད་སྤྲིན་པ་ནག་པོ།།
རྔམ་ཁ་འཐུག་ནས་འཐུག་ཏུ།།
དཔའ་བོ་གཅིག་ཕེབས་གཉིས་ཕེབས།།
མེ་ལྕེ་འབར་བཞིན་ཕེབས་སོང་།།
བཅུ་པའི་ལྔ་མཆོད་མར་མེ།།
གྲངས་ཀ་མང་རྒྱུ་མི་འདུག།
གྲྭ་བཙུན་ཆོས་འཕྲོ་བཞག་ནས།།
རང་དབང་ཆེད་དུ་བསྲེག་སོང་།།
ཨ་པ་གུང་ཁྲན་ངའི་སྐེ།།
འདི་ཚོར་རང་དབང་སྤྲོད་དང་།།
ཕ་མས་བུ་ཕྲུག་བཞག་ནས།།
བོད་འབངས་ཆེད་དུ་འབར་སོང་།།
ཨ་པ་གུང་ཁྲན་ལོ་ལོ།།
བོད་མིར་སྙིང་རྗེས་གཟིགས་དང་།།
བོད་མི་འཕྲོ་རུང་འཕྲོ་བྱས།།
འཆི་རུ་འཇུག་རྒྱུ་ཡིན་མིན།།
ཨ་པ་གུང་ཁྲན་དྲིན་ཆེན།།
ཁྱེད་ཚོའི་ལག་པ་རེད་མོད།།
བོད་མི་གཅིག་ཤི་གཉིས་ཤི།
ཁྱོད་ཚོ་དགའ་ནི་ཨེ་ཡིན།།
མིན་ན་ཁོང་ཚོའི་རེ་འདུན།།
ཁྱོད་ཚོས་སྐོང་ན་ཆོག་ག།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
ཁྱོད་ཚོས་ཁ་ཁར་འཇོག་རོགས།།
རང་ཚོའི་སྒལ་བར་ཡོད་པའི།།
རྡོག་ཁྲེས་རང་གིས་འཁུར་རོགས།།
བཀའ་ཁྲི་བློ་བཟང་སེང་གེ།
ཁ་ཡི་གདངས་ཚོད་སྔ་སོང་།།
གཞན་ལ་མེ་བསྲེག་མ་གཏོང་།།
ཟེར་ནས་ཞུ་བ་མཚང་ཆེ།།
ཁོང་ཚོའི་རེ་འདུན་མ་འགྲུབ།།
ག་ན་བདག་མེད་ལྷག་འདུག།
བདག་པོ་རྒྱག་མཁན་ཁྱོད་ཡིན།།
ཡང་ན་གུང་ཁྲན་ཏང་ཡིན།།
ཁྱེད་ཚོས་རང་ཉིད་སྲེགས་ཞེས།།
སྨྲ་བའི་སྤོབས་པ་ང་མེད།།
ང་རང་བསྲེག་པར་མ་ནུས།།
ད་རུང་ཡོད་ནོ་འདི་རེད།།
ནད་ཀྱིས་གདུང་བའི་རོ་གོག།
ཤིང་སྐམ་འདྲ་པོ་འདི་ཉིད།།
འཚིག་པར་སླ་བ་འདྲ་སྟེ།།
སླ་ཡང་སྤོབས་པ་མི་འདུག།
ཁྱེད་ཚོས་མ་བསྲེག་ཟེར་ནས།།
བཤད་པའི་ཐོབ་ཐང་ང་མེད།།
རྒྱ་དམར་གུང་ཁྲན་ཏང་ལ།།
དེ་ཡི་འགན་ཁུར་ཡོད་རེད།།
ཁྱེད་ཚོས་རང་ཉིད་བསྲེག་པ།།
བསྲེག་པའི་དོན་གོ་ཆོད་ཡོད།།
རང་གཞན་གཉིས་ཀྱི་དོན་རེད།།
འདི་ཕྱི་གཉིས་ཀྱི་གཏམ་རེད།།
ཡ་གི་དག་པའི་ཞིང་ནས།།
ཕྱི་མིག་གཟིགས་ནས་བཞུགས་དང་།།
མ་ཤི་དུར་ཁུང་ནང་ནས།།
ཤི་མིག་ཅེར་ནས་སྡོད་དང་།།
བོད་མི་གཞིས་བྱེས་ཚང་མ།།
ཁྱེད་ཚོའི་རྒྱབ་ན་ཡོད་རེད།།
རྒྱལ་སྤྱིའི་མི་མང་ཚང་མས།།
འབོད་སྐད་སྒྲོགས་ཀྱི་ཡོད་རེད།།
རྒྱ་དམར་ཨམ་ཅོག་སྒང་ལ།།
ཟ་འཕྲུག་ལངས་ཀྱི་ཡོད་རེད།།
རྒྱ་དམར་སེམས་ཀྱི་ནང་ལ།།
བསམ་བློ་འཁོར་གྱི་ཡོད་རེད།།
སྙན་ངག་མཁན་པོའི་སེམས་ཁམས།།
མེ་ལྕེ་བཞིན་དུ་འབར་སོང་།།
སྙན་པོ་ཚིག་གི་ཕྲེང་བས།།
ཁྱེད་ཚོར་སྐྱེལ་མ་ཞུས་ཡིན།།
ཐར་བའི་ཐེམ་སྐས་འཛེགས་ནས།།
ག་ལེར་ག་ལེར་ཕེབས་ཤིག།
དག་ཞིང་བཞུགས་ཁྲིའི་སྟེང་དུ།།
ལྷོད་ལྷོད་གནང་ནས་བཞུགས་རོགས།།
དཔའ་བོ་གཅིག་ཕེབས་གཉིས་ཕེབས། །
ཞེ་དགུའི་ལོ་ནས་བྱུང་ཡོད། །
ད་དུང་ང་དགུའི་དཔའ་ཚོགས། །
ཕེབས་གྲངས་ད་ལྟའང་ཤེས་དཀའ། །
མེར་སྲེག་ལས་འགུལ་གསར་པར། །
བོད་མི་གཅིག་ཤི་གཉིས་ཤིས། །
རྒྱ་དམར་གུང་ཁྲན་ཏང་ལ། །
ངོ་རྒོལ་མཐར་ཕྱིན་གནང་སོང་། །
ཞང་ཞུང་ངར་བའི་རྗེ་བོ་ལིག་སྙ་ཤུར། །
ལ་སོགས་བོན་གྱི་རྒྱལ་རབས་བཅོ་བརྒྱད་གྲག །
གཉའ་ཁྲི་ནས་བཟུང་རྒྱལ་པོ་འབྱུང་རབས་མང་། །
གནམ་རི་ཡན་ཆོད་བཀའ་དྲིན་མ་བརྗེད་ཅིག །
སྲོང་བཙན་ནས་བཟུང་ད་ལྟའི་༸བཅུ་བཞིའི་བར། །
ཕྱག་རྗེས་མཛད་རྗེས་མང་ལ་བློ་སྤོབས་བསྐྱེད། །
ད་ལྟའི་བོད་རིགས་གཞིས་བྱེས་གཉིས་གྱེས་ཀྱང་། །
སོ་སོས་ནུས་པ་རང་སར་སྤྱི་རུ་སྒྲིལ། །
མགོན་པོ་ཕྱག་གཉིས་ཁྱོད་ཀྱིས།།
ཚོར་བའི་སྙན་ངག་བྲིས་འདུག
བལྟས་བལྟས་རིག་རིག་ངང་དུ།།
ཚེ་སྲོག་ང་ལྔ་བཞུད་སོང་།།
བདག་དང་བདག་འདྲའི་སྐྱེ་བུས།།
ཚིག་གི་ཕྲེང་བ་སྤེལ་ཏེ།།
ཚོར་བའི་སྡུག་བསྔལ་འདི་ཚོ།།
ཕར་གཡུག་ཚུར་བརྡབ་བྱེད་ཀྱི།།
རང་དབང་རང་བཙན་ཟེར་བ།།
བསྐལ་པའི་བར་དུ་ཨེ་ཐོབ།།
དབུ་མའི་ལམ་ཐག་རིང་བས།།
བསྐལ་པའི་བར་དུ་ཨེ་སླེབས།།
ལམ་འཕྲང་དོག་པོ་གཉིས་པོར།།
གཤིན་རྗེའི་གཤེད་མས་བསྲུངས་འདུག།
ཐབས་ཤེས་སྣ་མང་ཁྲོད་ནས།།
ལོ་ཟླའི་རྡུལ་ཕྲན་སྤུངས་ཀྱི།།
ལམ་གསུམ་རྙེད་མཁན་ཡོད་ཀྱང་།།
འགྲོ་མཁན་ཁྲིད་མཁན་མི་འདུག།
དེར་ཡང་བསྐལ་པའི་བར་དུ།།
སླེབས་པའི་ངེས་པ་ཨེ་ཡོད།།
མེད་མེད་མེད་པོའི་ངང་དུ།།
སྡུག་སྡུག་སྡུག་གིས་རྫོགས་འགྲོ།།
བོད་བོད་བོད་ཀྱི་དཀའ་སྡུག།
ནམ་ནམ་ནམ་ཞིག་རྫོགས་སམ།།
ཡིད་ཕྱ་མོ་རེད།
བཙན་པོའི་བརྒྱུད་པས་མེ་ཡི་དཀྱིལ་འཁོར་སྐྲུན།།
བདེན་པའི་ང་རོས་རྫུན་རྣམས་མེ་ལ་བསྟིམས།།
བསྟན་སྲིད་ཕྱིར་དུ་ཕྱི་མའི་ལམ་ལ་ཆས།།
གངས་ཅན་དཔའ་རྒོད་རྣམས་ལ་ཅིས་མི་བསྟོད།།
ཐུ་བྷོད་བརྟུལ་ཕོད་ཅན་གྱི་དྲུག་བཅུ་ཡིས།།
མེ་སྟག་ཙམ་ཡང་བསྲན་བྲལ་ལུས་ཅན་ལ།།
མེ་ཡི་ཚ་ཚ་སྤྲོས་སྟེ་བདེན་དོན་བརྩད།།
ཁྱེད་རྣམས་གཙུག་ཏུ་བཀུར་བར་ལོས་ཀྱང་འོས།།
ཀླ་ཀློའི་དཔུང་སྟོབས་དྲག་གཏུམ་ཆེ་ན་ཡང་།།
ཞུམ་སྣང་སྤུ་ཙམ་མེད་པའི་དཔའ་ཐུལ་ཚོས།།
རང་རིགས་ཕྱིར་དུ་རང་སྲོག་མཆོད་མེར་སྒྲོན།།
དོན་གྱི་དཔའ་བོ་རྣམས་ལ་རྟག་ཏུ་བསྟོད།།
ཀྱེ་མ་ཀྱེ་ཧུད་གངས་ཅན་སྣོད་བཅུད་ཀུན།།
ནུབ་ལ་ཉེ་བའི་གཉན་འཕྲང་དུས་འདི་རུ།།
འཛམ་གླིང་མིག་སྔར་བདེན་པའི་དཔང་བོའི་ཕྱིར།།
དཔའ་རྒོད་རེ་རེ་བཞིན་དུ་མེ་ལ་མཆོང་།།
ལ་ལས་མེ་མདའི་མདུན་དུ་ཁུ་ཚུར་སྒྲེང་།།
རང་སྲོག་འབེན་ལ་འཇོག་མཁན་མང་ན་ཡང་།།
རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་གང་སར་བཀོན།།
མི་ཡི་ཚེ་སྲོག་རིན་ཐང་ཅིས་མ་མཚུངས།།
སྤྱིར་ན་གོ་ལ་ཧྲིལ་པོའི་བདེ་རྩའི་སླད།།
ཡང་དགོས་གངས་ཅན་ལྗོངས་ཀྱི་བདེན་དོན་ཕྱིར།།
ཚེ་སྲོག་ཤོར་མཁན་གནར་བཅོད་མྱངས་མཁན་ཚོའི།།
ཡིད་ལ་བརྣག་པའི་དོན་རྣམས་མྱུར་འགྲུབ་ཤོག།།
གོང་དུ་སྨོས་པའི་དཔའ་རྒོད་ཁྱེད་རྣམས་ཀྱི།།
ཕྲལ་དུ་མི་འདོད་རིགས་རྣམས་མྱུར་ཞི་སྟེ།།
མཐར་ཐུག་སྤྱན་རེས་གཟིགས་ཀྱི་རྗེས་གཟུང་ནི།།
ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་སྨོན།།
མགུར་མ་ཆུ་མིག་རང་བརྡོལ།
ཀློག་བཞིན་དཔྱད་བཞིན་རྫོགས་དུས།།
ཡིད་སེམས་གུག་པས་མ་ཚད།
ཕྱག་གསུམ་འཚལ་འདོད་སྐྱེ་སོང་།།
ནད་གིས་གདུང་བའི་གནས་ཚུལ།།
ད་ལྟ་གོ་མ་ཐག་དུ།
གློ་སྙིང་མཆིན་པའི་གསེང་ལ།།
སྐྱོ་བའི་སྨུག་ཞིག་འཐིབས་ཐལ།།
གུ་རུ་མགོན་པོ་ཕྱག་གཉིས།
བྲིས་བ་ཡིག་རྩ་ཆེ་འི།།
བསམ་པ་གཏིང་དཔག་ཆེ་འི།།
བརྗོད་པ་ཁ་ཚིག་རྣོ་འི།
གུ་ཤི་མགོན་པོ་ཕྱག་གཉིས།
ཡིག་ངག་གཉིས་འི་བདག་པོ།
རྒྱ་བོད་གཉིས་འི་ལམ་སྟོན།
མེད་དུ་མེད་པའི་མི་རྒན།
ན་མོ་མགོན་པོ་ཕྱག་གཉིས།།
སྟབས་བཟང་སྟེས་དཔང་ཟིག་གིས།།
ལྟས་བཟང་ཛཱ་ཏིའི་སྨན་ཟིག།
ལས་འཕྲོ་ཡོད་པར་སྨོན་ཤོག།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མགོན་པོ་ཕྱག་གཉིས་པ་ལགས། གོང་གི་ངག་རྩོམ་ནང་ན། མེད་ག་དང་དྲག་ག་ཟེར་བ་གཉིས་བཀོལ་འདུག་པའི་འབྲི་སྟངས་དེ་ང་རང་གི་བློ་ལ་འགྲོ་མ་སོང་། གང་ཡིན་ཟེར་ན། དེ་ནི་དྲི་བ་འདོན་པའི་ཚིག་ཡིན་དགོས་བ་རེད་བསམ། དེ་ན་ཨམ་སྐད་ལ་རེད་དང་མ་རེད་ཀྱི་དྲི་བ་ལ་ཨ་དང་ཨེ་སྤྱོད་བཞིན་ཡོད་པ་རེད། དཔེར་ན། ཨེ་རེད། མ་རེད་ཨ། ལྟ་བུ་སོགས་རྫོགས་མཐའ་ཞིག་མེད་པ་རེད། དེ་ན་གོང་གི་དེ་གཉིས་ཡང་། ཡོད་ཀི་དང་མེད་ཀི། དྲག་གི་དང་མི་དྲག་གི་ཡིན་པས་། དེ་ལ་དྲི་ཚིག་གི་ཚུལ་དུ་འབྲི་དགོས་ན། མེད་ཀི་ཨ། དྲག་གི་ཨ། ཡིན་པར་འདོད། གལ་དེ་ཨ་དང་ཨེ་བསྡུས་ཡོད་ཟེར་ན། རང་གི་འདོད་པར་ཚག་ཙམ་བསྡུ་བ་ལས(གིཨ)་ཨ་རང་ཉིད་བསྡུ་མི་ཐུབ་པར་འདོད། དགོངས་ཚུལ་ཞིག་གསུང་རོགས་གནང་། ཨ་ལགས་གཉེན་ཆེན། ཅང་ཤེས་ནི་ཟིག་མིན། ཡིན་ཡང་བསམ་བློ་རེ་གཏོང་ཁུལ་བྱེད་བཞིན་པའི་ཚོད་ཡིན། ཐུགས་རྗེ་ཆེ།
མགོན་པོའི་གཉུག་མའི་མགུར་གླུ།
བོད་མིའི་སེམས་པ་མཚོན་སོང་།
མེར་བསྲེགས་དཔའ་བོ་དཔའ་མོ།
བོད་མིའི་སྡུག་བསྔལ་མཚོན་ནོ།
མེར་བསྲེགས་ངོ་རྒོལ་དགོས་པ།
རྒྱ་མིའི་སྡུག་རྩུབ་འཐེར་འདོན།
འུ་ཐུག་བྱ་ཐབས་ཟད་པའི།
ཡིད་ཆད་འོ་དོད་ངུ་འབོད།
མེར་བསྲེགས་ངོ་རྒོལ་དགག་རྒྱུ།
བོད་མིའི་དབུ་ཁྲིད་ལས་འགན།
བུ་ཡི་སྡུག་བསྔལ་འགོག་པར།
མ་ཡི་སློབ་སྟོན་བཞིན་ནོ།
ཤིན་དུ་བློ་ཕམ་གནས་ཚུལ།
རྒྱལ་སྤྱིའི་ཐབས་སྡུག་སྲིད་བྱུས།
དངུལ་དང་དབང་ལ་མྱོས་ནས།
སྙིང་རྗེ་བདེན་གཏམ་སྐྱུར་མཁན།
འོན་ཀྱང་མི་བསླུ་རྒྱུ་འབྲས།
མིག་མདུན་འཁོར་བར་འགྱུར་ཞིང་།
ཉི་ཧོང་ཐེ་ཝན་རྒྱ་གར།
རྒྱ་དམར་གཤིན་རྗེས་འཇོམས་ལགས།
སྔོན་མ་བོད་ལ་གང་བྱས།
ད་ལྟ་ཁོང་ཚོར་འཕྲད་པ།
ཕྱིན་ཆད་བོད་ལ་གང་བྱུང་།
མ་འོངས་ཁོང་ཚོར་འཕྲད་དོ།
ཉིན་རེའི་ལྟོ་གོས་འབའ་ཞིག་གཉེར་བ་ཡི། །
འདྲེ་རྐང་ང་ཡི་རྗེས་མཐུན་སྤུན་ཟླ་དག །
ཁ་བཤད་གསོན་པོས་སྟོང་གསུམ་བསྐོར་ན་ཡང་། །
འབར་བའི་དཔའ་བོ་གཅིག་ལ་དོ་མ་ཡིན། །