རྩོམ་པ་པོ་གཉན་ཆེན།
དར་སྲོལ་ཆེ་བའི་ཆ་འཕྲིན་དུས་རབས་འདིར། །
སྐད་འཕྲིན་དུག་གི་མདའ་མོའི་གདོང་ཁ་ནས། །
རང་ལུས་རིན་ཆེན་རྨས་མའི་མ་བཟོད་པར། །
རི་དྭགས་མདའ་མོར་གཟུར་བ་བཞིན་དུ་བྲོས། །
སྐད་འཕྲིན་གྲོགས་པོ་མང་བོས་འཚོལ་བཞིན་འདུག །
ཇི་ཙམ་བཙལ་རོང་ཡ་ལན་མེད་པ་འདི། །
སྣང་ཆུང་ཡ་མེད་བཏང་བ་མ་ཡིན་པར། །
བརྡ་འཕྲིན་ཚོགས་པ་དག་དང་གྱེས་པ་ཡིན། །
འཇིག་རྟེན་ཕྱི་ནང་སློག་པའི་སྐད་འཕྲིན་དང་། །
བརྡ་རྟགས་ནད་དུག་མཚོན་གྱི་གྲི་ཁ་ནས། །
རྨ་ཁ་མེད་པར་ཤི་མ་གསོན་དུ་གཏོང་། །
མི་མངོན་འཇབ་དམག་ཅིག་དང་ཁྱད་ཅི་ཡོད། །
སྐད་འཕྲིན་ཁ་པར་མིག་གི་གཤེད་མ་འདི། །
ལོ་དུས་མཚམས་ཚིགས་མེད་པར་སྤྱད་པས་ན། །
ལོ་ངོ་བརྒྱ་ལ་འདང་བའི་མིག་དབང་དག །
ལོ་དང་ཟླ་བ་རེ་འགར་འགྲིབ་ཏུ་འཇུག །
སྐད་འཕྲིན་ནང་གི་སྐད་ཆ་བརྒྱ་ཕྲག་དག །
ནམ་མཁའི་མཐོངས་ནས་ཟགས་པའི་འོད་རླབས་ཀྱིས། །
གཉོམ་པའི་གཟུགས་པོའི་འཁྲི་ཤིང་འཇོམས་བྱེད་པའི། །
ཡག་ལག་དབང་བོར་སྡང་བའི་དགྲ་སྟའི་ཁ། །
སྐད་འཕྲིན་གཡུགས་ནས་ཟླ་ངོ་གཉིས་ལྷག་ཕྱིན། །
སྐད་འཕྲིན་མེད་པའི་ཉིན་མོ་འདི་དག་ལ། །
སྐད་དང་གློག་གིས་ཟུངས་ཤུགས་མ་ཟད་པར། །
སྐད་ཅིག་དུས་ཚོད་ལྷོད་པོར་བསྐྱལ་བ་ཡིན། །
རིན་ཆེན་གསེར་གྱི་དུས་ཚོད་རྩ་ཆེན་དག །
སྐད་འཕྲིན་རྐུན་པོ་སྟོང་གིས་བརྐུས་གྱུར་བའི། །
གསབ་ཏུ་མེད་པའི་གོ་སྐབས་མང་བོ་ཞིག །
འགོང་བོ་འདི་ཡི་ཁ་ལ་ཤོར་བ་མང་། །
མགོ་མཇུག་མེད་པའི་སྐད་འཕྲིན་ཚོགས་པ་མང་། །
སྙིང་བོ་མེད་པའི་ལབ་རྡོལ་ཚོགས་གཏམ་མང་། །
ཉ་ཉོག་ཚོགས་པ་ཚོ་ལས་ཐོན་ནའང་། །
མ་ཧཱ་བྷ་ར་ཏཱ་ནས་ཐོན་པ་ཕངས། །
སྐད་འཕྲིན་གྲོགས་པོ་བརྒྱ་ཕྲག་སྟོང་ཕྲག་ཡིན། །
ཉིན་མ་རེ་ལ་སྒེར་འབྲེལ་བཅུ་ཕྲག་ཡིན། །
ཡར་མར་ཚོགས་པ་མང་བོའི་འབོད་འགུག་གིས། །
གཏམ་བཤད་སྟོང་བར་སུན་སྣང་སྐྱེས་ནས་ཡོད། །
སྙན་ངག་འཁྲིད་རོགས་ཟེར་ནི་རེ་གཉིས་མིན། །
ལྟ་གྲུབ་བཤད་རོགས་ཟེར་ནས་སྐུལ་མཁན་མང་། །
ཆབ་སྲིད་གླེང་རོགས་ཞུ་བ་འཐེན་མཁན་སོགས། །
དྲ་སྟེང་འཆད་ཉན་དག་གིས་ཐང་རེ་ཆད །
རྩོམ་ཅིག་འབྲི་རོགས་ཟེར་ནི་རྫོགས་མཐའ་མེད། །
ཞུ་དག་གཏོང་རོགས་ཟེར་ནི་དེ་བས་མང་། །
གཅིག་གི་གདོང་བ་གཅིག་གིས་མི་མཐོང་བའི། །
སྐད་འཕྲིན་ནང་གི་རོགས་པར་ངོ་སོ་མེད། །
ལོ་ངོ་བཞི་ལ་སྐད་འཕྲིན་རྒྱུན་དུ་རྩེད། །
རྩ་ཆེའི་དུས་ཚོད་མང་བོ་ཆུད་ཟོས་བཏང་། །
ཡོང་སྒོ་མེད་པའི་དུས་ཀྱི་འགྲོ་སྒོ་ཅན། །
ཁ་ལག་སེམས་པ་ཁ་པར་ནང་དུ་ཕྱོགས། །
ཁ་ཕྱོགས་མེད་པའི་ཁ་བརྡ་སྣ་ཚོགས་བྱས། །
ཁ་ངོ་མི་ཤེས་ཁ་པར་གཅིག་ཏུ་འཛོམས། །
ཁ་སེམས་མཐུན་མིན་གཉིས་ཀྱི་སྐད་ཆ་ལ། །
ཁ་ལོག་ཚིག་ལོག་མདའ་མོ་འཕེན་རེས་བྱས།།
ཁ་བ་གངས་རིའི་ཕྱི་ནང་ཀུན་གྱི་གྲོགས། །
ཁ་ངོ་མ་ཐུག་སེམས་པ་འདྲེས་པའི་གཏམ། །
ཁ་པར་བརྒྱུད་ནས་ཁ་བའི་ལས་དབང་འདི། །
ཁ་ཙམ་མ་ཡིན་དཔྱད་བསྡུར་ཡང་ཡང་བྱས། །
ཁ་དང་ཁ་པར་འཕྲད་པའི་དུས་རབས་ལ། །
ཁ་པར་གཅིག་ནས་མི་ཚོགས་སྟོང་འདུས་ཀྱི། །
ཁ་ལབ་རང་དབང་འཐོབ་པའི་ཉིན་མོ་ནས། །
ཁ་བའི་སྒོ་མོ་འཛམ་གླིང་ཡོངས་ལ་ཕྱེ། །
སྒོ་མེད་ཁ་འདི་ཁ་པར་གྲུ་བཞིར་དབང་། །
ཁ་པར་གྲུ་བཞི་རྒྱུ་ཆེན་ཚོང་བས་བཟོས། །
ལག་རྩལ་ཚོང་བ་གཉིས་ཀྱི་དབང་འོག་ན། །
ཁ་ཡི་འཁོར་ལོའི་དུས་ཚོད་བྲན་དུ་འཁོལ། །
༢༠༡༧/ ༤ /༢༡ ཉིན། གཉན་ཆེན་གྱིས། །