སྦྲ་དཔལ་ལྡན།
ཡོད་ཚད་འཇིག་རྟེན་ཞིག་གི་འགྱུར་ལྡོག་ཁྲོད་
བདག་དང་ཁ་ཐང་རིང་བའི་མོ་ལོ་བཅོ་ལྔའི་གྲུ་ཁ་ཞིག་ནས
ལྷབ་ལྷུབ་ཏུ་གཡོ་ལ་ལྷབ་ལྷུབ་ཏུ་འབབ་པའི་
བདག་གི་བྱིས་དུས་ཀྱི་ ཁ་བ་རེ་རེར་
འདི་ལྟར་ བདག་གི་འཇིག་རྟེན་ན་མཛེས་སྡུག་དང་
སྒེག་ཉམས་ངང་འབབ་ཡོང་དུས་
ངའི་བྱིས་དུས་ཀྱི་ན་ཆུང་མའི་བརྩེ་གླུ་དང་
གཡང་དཀར་ལུག་ཁྱུ་འབའ་སྒྲ་ཚོར་ཡོང་ལ་
བརྩེ་གླུ་དང་ལུག་ཁྱུ་དེ་དག་གི་འབའ་སྒྲས་
ངའི་ཡོད་ཚད་འཇིག་རྟེན་གཞན་ཞིག་ན་
ཆེས་ལྷད་མ་ཡལ་བའི་ཕ་ཡུལ་གྱི་ཁ་བ་བཞིན་
ངའི་འཇིག་རྟེན་ན་འབབ་ན་འདོད་
འོན་ཀྱང་ འཇིག་རྟེན་ན་ཁ་དོག་མི་འདྲ་བ་མང་པའི་ཁ་བ་མང་པས་
དེ་རིང་འབབ་བཞིན་པའི་ཁ་བ་ནག་པོ་ཡིན་རེད་
ཁ་བ་ནག་པོ་དེ་བབས་ཐེངས་རེ་ལ་
ང་དང་ཕ་ཡུལ་གྱི་རླུང་རྟ་ ཉམས་རྒུད་འགྲོ་བཞིན་ཡོད་པས་
ངས་གང་ལྟར་ ཁ་བ་ནག་པོ་མཐོང་ན་མི་འདོད་པས་
ཁ་བ་དང་ཁ་ཐག་རིང་ན་ཤིན་ཏུ་འདོད་
དེའི་ཕྱིར་ ཁ་བ་ནག་པོ་ལགས་
འཇིག་རྟེན་ གོ་ལྡོག་ཏུ་འགྲོ་ཉེན་ཆེ་ནའང་
གནས་ལུགས་ལ་བདེན་པར་མེད་པར་འཛིན་ནའང་
ངས་ ཡོད་ཚད་ གནས་ལུགས་དང་
རྒྱུ་མཚན་ཚད་མར་འཛིན་གྱི་ཡོད་པས་
གང་ལྟར་ ཕ་ཡུལ་གྱི་ཁ་བ་བཞིན་དཀར་བོ་མེད་ཚེ་
ངས་ཁྱེད་ལ་གྱེས་ཕྱག་གིས་བདེ་མོ་མི་འཇིག་ཀ་མེད་བྱུང་།
༢༠༡༦ ༠༡ ༢༠ ཉིན་གྱི་སློབ་ཐུན་གྱི་བར་གསེང་ནས་ཤར་མར་བྲིས།