མྱི་ལྟིག
གཅིག
རྒྱབ་རི་མཐོན་པོ་མཐོན་པོ་དེ་རྒས་པོ་ལོ་ལོན་ལོ་ལོན་ཞིག་དང་འདྲ་པར་སྐྱ་ཆད་ལེར་འདུག ཉལ་ཁང་གཡས་གཡོན་གྱི་ཤིང་སྡོང་དེ་ཚོའི་ལོ་འདབ་སྟེང་དུའང་སེར་ཐིག་བབས་འདུག་ལ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཟགས་ཀིན་འདུག དུས་ཚིགས་འདི་ནི་རང་ཉིད་ལ་མཚོན་ན་ཆེས་མི་སྐྱིད་པའི་དུས་སྐབས་ཤིག་རེད་ཨང་།
གཉིས།
འདབ་དྲུག་གི་ཁ་བས་རི་རྩེ་མ་གཡོག་པའི་དུས་ཚིགས་འདི་ནི་ཕ་མ་མེད་པའི་དྭ་ཕྲུག་ཞིག་གི་འཇིག་རྟེན་དང་མཚུངས་པར་མིག་ཆུ་བཞུར་དུས་ཤིག་རེད། ན་ནིང་ཁ་བ་ལེབ་མོ་དག་གི་སྟེང་དུ་རྐང་རྗེས་དཔར་བ་དེ་བྱིས་དུས་ཟོག་རྫི་ཡིན་དུས་ཀྱི་ཚོར་བ་དེ་དང་ཉེ་བས་ངས་ད་ལོ་ཡང་ཁ་བ་དབབ་པར་སྒུག་ཡོད།
གསུམ།
ད་ལོ་ངས་ཁ་བ་སྤར་མོ་གང་བཟུང་ནས་སེམས་གཏམ་ཡོད་དོ་ཅོག་ཁ་བའི་སྟེང་ལ་བྱོ་རྩིས་ཡོད། ཁ་བ་དཀར་པོས་སེམས་ཁོང་གི་ན་ཟུག་ཀུན་འཛོམས་པར་ནུས་པས་ངས་ཡོད་ཚད་ཁ་བར་གླེང་ཁོ་ཐག་ཡིན། སློབ་གྲོགས་ཚོས་དབྱར་ལྗོངས་ཀྱི་མཛེས་སྡུག་ཇི་ལྟར་གླེང་ཡང་། ངས་ལོ་གཅིག་གི་སྐྲན་ནད་དུ་འགྱུར་ལ་ཉེ་བའི་སེམས་གཏམ་མཐའ་དག་བཏུམས་ནས་བསྡད་ཡོད།
བཞི།
ཁ་བའི་རྡུལ་གྱིས་ངའི་སེམས་གཏིང་གི་སྡུག་བསྔལ་དུམ་བུར་བཏང་མྱོང་། ཁ་བའི་མདངས་ཀྱིས་ངའི་གྲང་འཁྱག་གི་ཁྱིམ་གཞིས་དྲོད་དུ་བསྐྲུན་མྱོང་། ད་དུང་། ཁ་བའི་སྟོབས་ཀྱིས་ངའི་རེ་སྒུག་གི་ས་བོན་འབུས་སུ་བཅུག་མྱོང་། ཁ་བ་ནི་ངའི་ཨ་ཕ་བཞུད་ཤུལ་གྱི་བསླབ་བྱ་གནང་མཁན་ཡིན་དང་། ཨ་མ་མེད་དུས་ཀྱི་སེམས་གསོ་གཏོང་མཁན་དེ་ཡིན་པས། སུས་བཤད་ཀྱང་ཅི་བཤད་ཀྱང་ཁ་བ་བོབས་ཤོག ༢༠༡༡ ༡༡ ༡༠དགུང་མོ།
ཁ་བ་བོབས་ཤོག་དང་ཇ་རྒོད་བསྐོལ་ཆོག་་་སྙན་ངག་ཕྲིས་ཤོག་དང་སེམས་པ་གླན་ཆོག
མྱི་ལྟིག་ལགས་ང་ཁྱོད་ཀྱི་སྐུ་མགྲོན་ཐོག་མ་ཡིན།བཀའ་དྲིན་ཆེ།
རྩམ་ཡག་པོ་ཞི་དྲག་འདུག་མི་མཐུད་ནས་བྲིས་རོགས་གནང་
མི་རིགས་ཀྱི་རང་མདངས་འཁུར་བའི་ཁ་བ་ཞིག་བབས་དང་ན། མི་རིགས་ཀྱི་བླ་སྲོག་སྦྲུམ་པའི་སྐད་ཡིག་ཅིག་སྦྱང་དང་ན། མྱི་ལྟིག་གི་ལུས་ངག་ཡིད་གསུམ་ན་རྦབ་ཆུ་བཞིན་འབབས་པ་དེའི་ས་བོན་ཁོ་ན་ཡིན། ཁྱོད་ཀྱི་ཁོར་ཡུག་ཏུ་ཁ་བ་དཀར་པོའི་འདབ་མ་ལ་རེ་སྒུག་དང་ཡིད་ཆེས་རྙེད་པར་འདུག ཁྱོད་ཀྱི་ཁོར་ཡུག་ཏུ་དྲན་གླུ་དང་སྨྲེང་གླུའི་སྐད་སྒྲ་འཇགས་མེད་རེད།