རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཁ་སྔོན་ནེའུ་ཡོག་ཏུ་འགྲོ་དུས། ཁ་བ་བབས་སོང་། ཁ་བ་བབས་ནས་ལས་ཁུངས་མང་པོ་སྒོ་བརྒྱབ་སོང་། ཁ་སང་ཕྱིར་སློབ་གྲར་འབྱོར་བ་དང་། ཡང་ཁ་བ་བབས་སོང་། ཉི་མ་གཉིས་ལ་སློབ་གྲ་འཚོགས་མ་སོང་། དོ་དགོང་ཡང་ཁ་བ་འབབ་བཞིན་འདུག སྒེའུ་ཁུང་གི་ཕྱི་རོལ་ན་ཁ་བ་སིམ་སིམ་ཏུ་འབབ་བཞིན་འདུག གཅིག་བྱས་ན། སང་ཉིན་ཡང་འཛིན་གྲ་འཚོགས་རྒྱུ་མེད་སྲིད། དཀར་སོབ་སོབ་ཀྱི་ཁ་བ་འདི་མཐོང་ན། ཕ་ཡུལ་དྲན་པའི་ཚོར་བ་ཞིག་འགོག་མེད་ཏུ་འཕྱུར་ཡོང་གིན་འདུག ཚོར་བ་འདིའི་གཏིང་ན། ལོ་མང་པོར་བསགས་པའི་དྲན་གདུང་ཞིག་ཀྱང་ལོས་ཡོད། ཁ་བ་འབབ་ཐེངས་རེར། ངའི་སེམས་འདི་དྲན་གདུང་གིས་མནན་ནས་ཡོང་གི་འདུག ཞིབ་ཏུ་བསམ་ན། ང་སྐྱེས་ས་ཡང་། ཁ་བབ་འབབ་རྒྱུཡོད་པའི་སའི་གོ་ལའི་རི་ཁུག་གི་གྲོང་གསེབ་ཞིག་ཡིན་པ་དེ་རེད། ད་ཕལ་ཆེར་ང་ལ། ཕྱིར་དྲན་ཞིག་བྱེད་རྒྱུ་མ་གཏོགས་མེད་པ་འདྲ། དེ་ནི། ངེད་རང་བྲག་དམར་སློབ་ཆུང་དུ་ཡོད་པའི་སྐབས་ཤིག་ཡིན། སྐབས་དེ་དུས། ང་སློབ་ཆུང་འཛིན་རིམ་ལྔ་བ་རེད། ཞོགས་པ་དེར། ཁ་བ་བབས་ནས་སློབ་གྲའི་ཁོར་ཡུག་ཀུན་དཀར་ཐིང་ངེར་བཟོས་འདུག འཛིན་ཁང་གི་ཕྱི་རོལ་ན། ཁ་བ་ལེབ་མོ་ལེབ་མོ་བྱས་ནས་རླུང་གིས་འཁྱེར་བཞིན་འདུག
ཞོགས་པའི་རང་སྦྱོང་གི་དྲིལ་བརྡ་བཏང་བ་དང་། སློབ་གྲོགས་ཚོ་འཛིན་ཁང་ཏུ་འཛོམས། ང་ཚོ་རང་གི་འདུག་སྟེགས་སུ་བསྡད། ང་ཚོས་རང་སྦྱོང་དགེ་རྒན་དེ་ཡོང་བར་སྒུག་བཞིན་ཡོད། སྐར་མ་ལྔ་ལ་སྒུག སྐར་མ་བཅུ་ལ་སྒུག རང་སྦྱོང་དགེ་རྒན་དེ་སླེབས་མ་སོང་། ཕྱི་རོལ་ན་ཁ་བ་སྔར་བཞིན་འབབ་ཀྱིན་འདུག ཆག་གྲུམ་ཤོར་བའི་སྒེའུ་ཁུང་དག་གི་གསེབ་ནས། རླུང་བུ་གྲང་མོ་ཞིག་འཛིན་ཁང་དུ་འཛུལ་བཞིན་འདུག འཛིན་ཁང་དཀྱིལ་གྱི་ལྕགས་ཐབ་དེའི་ནང་ན། མེ་ལྕེ་དམར་ལྷོག་ལྷོག་ཏུ་དམར་བཞིན་འདུག ཕལ་ཆེར་ལྕགས་ཐབ་ནང་དུ་རིལ་མ་བླུགས་ཡོད་པ་འདྲ།
རྒྱུ་མཚན། ཨོང་བ་ལས་རིལ་མ་འབར་ཤུགས་ཆེ། དགུན་ཁར། ང་ཚོའི་འཛིན་ཁང་གི་གསུམ་ཆ་གཅིག་དེར་ཨོང་བ་དང་རིལ་མས་ཁེངས་ནས་ཡོད། ཨོང་བ་རྣམས་བརྩིགས་ནས་ཡོད། རིལ་མ་རྣམས་སྒྱེ་ཁུག་ནང་ལ་བསྡམས་ནས་ཡོད། ལྷག་མ་གསུམ་ཆ་གཉིས་དེ། སློབ་མ་རྣམས་སྡོད་སའི་སྒྲོགས་ཙེ་དང་རྐུབ་སྟེགས་ཡིན། ཅུང་ཙམ་ནས། འཛིན་གྲའི་པན་ཀྲང་གིས། “ན་ར་ལ་ས་དྲག་མཐར་ཏེ།། ད་དེ་ག་ང་བ་མ་འ།།” ཞེས་ཀློག་འདོན་མགོ་བཙུགས་སོང་། ང་ཚོས་ཀྱང་། “ན་ར་ལ་ས་དྲག་མཐར་ཏེ།། ད་དེ་ག་ང་བ་མ་འ།།” ཞེས་པན་ཀྲང་གི་རྗེས་སུ་འབྲངས། སྐར་མ་བཅུ་ཕྱིན། ཉི་ཤུ་ཕྱིན། པན་ཀྲང་གི་སྐད་མགོ་དམའ་རུ་ཕྱིན་སོང་། ང་ཚོའི་སྐད་མགོ་ཡང་དམའ་རུ་ཕྱིན། འཛིན་ཁང་ཁུ་སིམ་མེར་གྱུར། ཕྱི་རོལ་ན་སྔར་བཞིན་ཁ་བ་འབབ་བཞིན་འདུག རང་སྦྱོང་དགེ་རྒན་དེ་ད་དུང་ཡང་སླེབས་མ་སོང་། ག་ལེར། པན་ཀྲང་རང་གི་འདུག་སྟེགས་ནས་ལངས་སོང་། པན་ཀྲང་འཛིན་ཁང་དཀྱིལ་གྱི་ལྕགས་ཐབ་རྩ་ལ་ཕྱིན་ནས། རང་གི་ལག་པ་མེ་ལ་དྲོ་འགོ་ཚུགས་སོང་། སློབ་གྲོགས་རྣམས་ཀྱང་། གཅིག་རེ་གཉིས་རེ་བྱས་ནས་ལྕགས་ཐབ་རྩ་ལ་བཅར། ང་ཚོས་ལྕགས་ཐབ་ཀྱི་མཐའ་ནས་བསྐོར། ལྕགས་ཐབ་ནང་གི་མེ་ལྕེ་དེའི་འབར་ཤུགས་ལ་བལྟས། སློབ་གྲོགས་གཅིག་གིས། ལྕགས་ཐབ་ཀྱི་ཁ་གཅོད་སྒང་ལ་མར་རྡོག་རྡོག་ཅིག་གཡུགས། སློབ་གྲོགས་གཞན་ཚོས། སོ་སོའི་རུམ་གྱི་ཅོང་རྡོག་བླངས་ནས་མར་ལ་བསྣུན། གཅིག་གིས་བསྣུན། གཉིས་ཀྱིས་བསྣུན། གསུམ་གིས་བསྣུན། མར་རྫོགས་། མར་རྫོགས་ཤུལ་ན། ཅོང་རྡོག་ལྕགས་ཐབ་ངོས་སུ་འབྱར་བ་རྣམས་ཚིགས་བཞིན་འདུག སློབ་གྲོགས་འགའ་ཤས་ཀྱིས། བསྐྱར་དུ་ཅོང་རྡོག་གི་ཚིགས་རོའི་ཐོག་ལ་བསྣུན། འགའ་ཤས་ཀྱིས་དམར་ལེམ་ལེམ་ཆགས་པའི་དུད་ཁུང་གི་ངོས་སུ་ཅོང་རྡོག་བསྣུན། ཞོགས་པའི་རང་སྦྱོང་གྲོལ་བའི་དྲིལ་བརྡ་བཏང་། སློབ་གྲོགས་ཚོ་ཕྱི་ལོགས་སུ་རྒྱུགས། ཁ་བའི་ནང་དུ་རྩེད་མོ་རྩེ་བར་རྒྱུགས། ང་ཡང་ཕྱི་ལོགས་སུ་རྒྱུགས།
ནམ་ཟླ་དགུན་ཁ་ཤར་བྱུང༌།།
ཁ་བའི་མེ་ཏོག་བབས་བྱུང༌།།
ཡངས་པའི་ས་གཞིའི་ངོས་ལ།།
ཁ་བའི་གོས་དཀར་གཡོགས་བྱུང༌།།
ལྕང་མའི་ལོ་མ་ཆུང་ཆུང༌།།
མཛེས་པའི་རྒྱན་ཆ་སྤྲས་འདྲ།།
མུ་ཏིག་བསྟར་ལ་བརྒྱུས་པའི།།
མཚར་སྡུག་ལས་ཀྱང་མཛེས་པ།།
ཁ་བ་ལེབ་མོའི་སྟེང་ལ།།
བྱིའུ་ཆུང་རྐང་རྗེས་འདྲ་མིན།།
མིག་ལམ་ཤར་བའི་མཛེས་སྡུག།
ཚིག་གིས་མངོན་ཐབས་མི་འདུག།
ཁ་བའི་གོས་གྱོན་འདབ་མ།།
ཆུ་ཤེལ་ཁང་ཆུང་འདྲ་བྱུང༌།།
ཕྱི་ནང་གསལ་བའི་མཛེས་སྡུག།
ཡིད་ཀྱིས་ཚིམས་ཐབས་མི་འདུག།
ང་རང་ཁང་ཆུང་ནང་གི།
ལྷ་སྲས་རྒྱལ་པོ་ཡིན་ན།།
མཚར་སྡུག་རྣམ་པར་བཀྲ་བ།།
གཏན་གྱི་མཛེས་སྡུག་ཡིན་ན།།
ཁ་བ་མར་མར་འབབ་དུས། །
དྷ་ས་ཡང་ཡང་དྲན་བགྱིད། །
ཁ་བ་བབས་ས་ཡུ་རོབ། །
སྐྱེས་ས་བོད་ཡུལ་ཡིན་ན། །
མེ་ཏོག་སེམས་རྩ་འགུལ་བའི། །
ཆུ་སྐྱེས་སྒྲོལ་མའི་གླུ་ཆུང་། །
ལྷབ་ལྷབ་ལྷབ་ལ་བབས་པའི། །
ཁ་བའི་བབས་སྟངས་འདྲ་བྱུང་། །
ལས་འཕྲོ་ཡོད་པ་ཡིན་འདྲ། །
ཁ་བརྡའི་ལྡུམ་རར་མཇལ་བྱུང་། །
ལས་འཕྲོ་མེད་པ་རེད་དམ། །
དངོས་མཇལ་ད་ལྟ་མ་བྱུང་། །
འབུར་འབུར་ཕ་གིའི་རི་སྟེང་། །
ཤུར་ཤུར་རླུང་གིས་འགུལ་བའི། །
ལྷབ་ལྷབ་དར་གྱི་ལས་དབང་། །
ཆུང་ཆུང་ང་དང་འདྲ་བྱུང་། །
xxxxxxxxxxxxxxxx
ངས་ད་དུང་ཁ་བ་འབབས་པའི་དུས་ཚིགས་ག་ཚོད་ཅིག
ས་མཐའ་ནས་སེམས་སྡུག་ལྷག་མ་ཅིག་དང་མཉམ་དུ་བསྐྱལ་དགོས་རྒྱུ་རེད
མཁའ་དབྱངས་སྟོང་བའི་ངོས་ནས།།
ཁ་བ་ལྷབ་ལྷུབ་བབས་བྱུང་།།
དྭངས་གཙང་ཆུ་བོའི་གཞུང་དུ།།
དཀར་འཇམ་ཡུག་གིས་བརྒྱན་སོང་།།
ཉ་མོ་འཁྱུག་རྩལ་ཅན་པ།།
ཁ་བའི་མཛེས་སྡུག་བསམ་ནས།།
ཕྱི་ལ་མཆོང་འདོད་ཡོད་ཀྱང་།།
མཚོ་མོས་དར་ཁ་སྒྲིབ་འདུག།
ཡལ་ག་རེ་རེ་སྟེང་གི།
ཁ་བའི་འདབ་མ་རེ་རེ།།
གངས་ཅན་བོད་ཀྱི་ཁ་བ།།
བབས་པ་དེ་དང་འདྲ་ལ།།
ཕྱི་ལ་ཁ་བ་བབས་པ།།
ནང་ལ་དྲོད་ཀྱིས་འབར་བ།།
ཚ་གྲང་ལྡོག་པ་འདི་འདྲ།།
ད་ལོ་ལོ་ལས་མ་བྱུང་།།
ཁ་བ་འདབ་མ་དྲུག་པ།།
ཕར་ལ་སྤར་གྱིས་བཟུང་ཡང་།།
ཡོམ་ཡོམ་འཕུར་ནས་ཕྱིན་པས།།
བྱིས་པའི་སེམས་ཁམས་གྲང་བ།།
ཁ་བ་ཚུར་ཚུར་བབས་པར།།
གོམས་པ་ཕར་ཕར་རྒྱབ་པ།།
ལྡོག་པའི་ཐྲིག་སྒྲ་རེ་རེས།།
འབོད་སྒྲ་ཡིན་ན་སྐྱིད་པ།།
ཁ་བ་བབས་པས་ཡག་བྱུང་། །
ཁ་ཤུལ་ཉི་མ་དྲོ་བྱུང་། །
ཁ་བ་མར་མར་བབས་སོང་།། མདེའུ་ཆར་འབབ་པ་འདྲ་སོང་།། དཔྲལ་བའི་གཉེར་རིས་ནང་ལ།། མི་འདོད་འཁྱག་པ་ཆགས་སོང་།། དུས་བཟང་སོས་ཀའི་ཟླ་བ།། མགྱོགས་པོ་ཤར་ན་བསམ་བྱུང་།།
ཁ་བ་བབས་པ་སྡུག་བྱུང་།། ས་གཞི་གངས་ཀྱིས་གཡོག་བྱུང་།། སྒོ་ཕྱུགས་རྟ་ནོར་ལུག་གསུམ།། ཤི་བའི་རོ་ཡིས་གངས་སོང་།། ཕྱུགས་ཀྱིས་མི་ཟ་དགུ་ཟ།། བལ་རྩིད་ཤ་ཡང་ཟ་གི། མི་སྡུག་ཁ་བའི་ཡུལ་འདི།། འགྲོ་བའི་ས་ཞིག་མ་རེད།།
ཁ་བ་མ་འབབ་ལོ་ལོ། །
ཨ་ཁུའི་རླུག་མགོ་གྲང་གི །
ཡར་མཆུ་མ་མཆུ་བར་ནས། །
ཁ་བརྡ་ཡག་མོ་མི་ཡོང་། །
ཆུང་དུས་ཁ་བའི་ཁྲོད་ནས་རྐང་ལག་ཕྱིད་པ་དྲན་ན། ཕ་ཡུལ་གྱི་ཁ་བ་ནི་ན་ཟུག་ཅིག་རེད་མོད། ས་མཐའ་ནས་ཁ་བ་མཐོང་ན། ཕ་ཡུལ་གྱི་སྣང་བ་ཞིག་འགོག་མེད་དུ་འཆར་ལ། ཕ་ཡུལ་གྱི་བརྩེ་སེམས་དང་དྲན་གདུང་གིས་སྙིང་ལ་འཚང་ཁ་རྒྱག་གི་
ཁ་བ་འབབ་པ་རང་བྱུང་ཆོས་ཉིད་རེད།
འགོག་ཐབས་མེད་པ་སེམས་ཀྱི་འགྱུ་བ་ཡིན།
མཛེས་སྡུག་འཚོལ་བ་རང་སེམས་གསོ་ཕྱིར་ཏེ།
ཇི་ལྟར་བསམ་ཀྱང་ཐམས་ཅད་ཆོས་ཉིད་ཅིག
ཆུ་སྐྱེས་སྒྲོལ་མ་དང་མེ་ཏོག་དཀར་པོའི་བརྩེ་དུང་གི་འགོ་ཚུགས་ས་ཐོག་མ་སྟེ། ཁ་བའི་གླུ་ཆུང་འདི་དངོས་ནས་སྙན་མོ་འདུག་ག ངས་ཡང་ཁྱེད་གཉིས་ལ་འཚམས་འདྲིའི་ཚུལ་དུ་གླུ་གཞས་ཆུང་ཆུང་ཞིག་ངག་གི་དབྱངས་རྟ་ལ་དྲངས་ནས་ལེན་ཆོག
དྲྭ་གྲོགས་ཚོ། མཉམ་དུ་ཡིན་ད།
=============
འབབ་ཤོག་ཁ་བ་འབབ་ཤོག།
རི་ལུང་ཀུན་ཏུ་འབབ་ཤོག།
ལ་ལུང་དཀར་པོར་འགྱུར་ཤོག།
ཐམས་ཅད་ཁ་བས་གཡོག་ཤོག།
ཁ་བ་གངས་རིའི་རྒྱུ་རེད།།
ཇི་ཙམ་བབ་ཀྱང་ཆོག་གི།
ཁ་བ་མེད་པའི་ཤུལ་ན།།
གངས་རི་ཡོང་ཐབས་མེད་ཀི།
ཁ་བའི་འདབ་མ་རེ་རེས།།
གངས་རིའི་སེམས་ཁམས་མཚོན་གི།
གྲང་རེག་རླུང་ཤུགས་རྣོན་པོས།།
ཁ་བའི་ལས་དབང་མཚོན་གི།
ཁ་བ་མར་མར་བབས་ཚེ།།
སྐྱི་བསེར་ལྡང་ཤུགས་ཆེ་ཡང།།
རབ་དཀར་ཁ་བའི་རང་མདངས།།
འགོག་ཐབས་ཁོ་ལ་མེད་ཀི།
ཤར་ཕྱོགས་ཉི་མའི་དྲོ་ལ།།
དྲོད་འཇམ་བདེ་སྐྱིད་ལྡན་ཡང་།།
ཁ་བ་དཀར་པོའི་རང་མདངས།།
སྐྱོབས་ཐབས་ཁོ་ལ་མེད་ཀི།
ཉི་མ་ཇི་ཙམ་དྲོ་ཡང་།།
ཁ་བ་དཀར་པོའི་དགྲ་རེད།།
ཁ་བ་བཞུས་པའི་རྗེས་ལ།།
གངས་ལྗོངས་བྱེ་མའི་ཐང་རེད།།
འབབ་ཤོག་ཁ་བ་འབབ་ཤོག།
རི་ལུང་ཀུན་ཏུ་འབབ་ཤོག།
ལ་ལུང་དཀར་པོར་འགྱུར་ཤོག།
ཐམས་ཅད་ཁ་བས་གཡོག་ཤོག།
ཁ་བ་མར་མར་བབས་དུས།
ཚ་བའི་ལུང་པ་དྲན་སོང།
ཚ་བས་ཚ་སྨྱོན་བྱེད་དུས།
ནུབ་ཕྱོགས་ལུང་པ་དྲན་བྱུང།
ནུབ་ཕྱོགས་ལུང་པར་ཕྱིན་དུས།
ཁ་བ་ཡིད་ལ་དྲན་བྱུང།
ཁ་བ་མར་མར་བབས་དུས།
གཞན་ཡུལ་ཡིད་ལ་དྲན་སོང།
བརྟན་པ་མེད་པའི་ཁ་བ།
རྫི་ཆེན་རླུང་གིས་གཏོར་སོང།
ང་དང་འདྲ་བའི་བོད་རིགས།
ཡུལ་གྲུ་ཀུན་ཏུ་འཐོར་སོང།
ཁ་བའི་ལྗོངས་ལ་ཡོད་དུས།
ཚ་བའི་ཡུལ་ལྗོངས་དྲན་བྱུང།
ཚ་བའི་ཡུལ་དུ་སླེབས་དུས།
ནེའུ་ཡོག་ཡིད་ལ་དྲན་སོང།
བསམ་ཚེ་ལག་ཏུ་བླངས་ན།
ཁ་ཆར་རླུང་གིས་གཏོར་བཞིན།
ཁ་བ་གངས་ལྗོངས་རི་ལ།
ཁ་བའི་གཞོན་ནུ་མེད་ཀི།
དྭངས་གཙང་སེམས་པ་དཀར་པོས།།
ཁ་བའི་གླུ་ཆུང་ལེན་པར།།
མེ་ཏོག་དཀར་པོས་གླུ་ལན།།
བཏང་བ་དངོས་པོའི་ཆོས་ཉིད།།
མཚོན་གི་མེད་ཀི་གསུང་མཁན།།
བརྡ་སྤྲོད་རྐང་ཀྱོག་བང་ཆེན།།
ལྷོ་ཕྱོགས་འོད་སྣང་ཕེབས་ནས།།
རམ་འདེགས་གནང་བ་བཟང་ཡང༌།།
ཁ་བའི་མཛེས་ཆོས་སྙན་རྩོམ།།
དྲ་ལམ་མཛེས་མའི་རྒྱན་ཆ།།
དེ་ལ་མིག་ཟཻར་སྐྱོན་མཁན།།
སྣང་བ་འཁྲུལ་བ་མ་གནང༌།།
ལ་སྟོད་རི་བོ་མཐོན་པོར།།
ཁ་བའི་དབུ་རྒྱན་སྒྲོན་ནས།།
ཁ་བའི་སྙན་ཚིག་མེ་ཏོག།
ལིང་ལིང་བབས་པ་མཇལ་བྱུང༌།།
ཁ་ཤུལ་ཉི་མས་དྲོས་ནས།།
ཁ་བ་ལེབ་མོའི་སྟེང་གི།
དྲན་སོང་ཕྱིན་དུས་བྱ་ཚིག།
མགོ་བོ་ལྡོག་པ་སྐྱོ་བྱུང༌།།
ཁ་བའི་གྲང་ངར་རེག་བྱས།
ཚ་བའི་ལུང་པ་དྲན་བྱུང༌།།
ནུབ་ཕྱོགས་ལུང་པར་འགྲོ་དུས།།
གངས་ཅན་བོད་ཡུལ་དྲན་བྱུང༌།།
མ་མཐོང་རྒྱང་གི་གྲོགས་མོ། །
ཨ་ཅེ་ཆུ་སྐྱེས་སྒྲོལ་མའི། །
དབྱངས་ཀྱི་རྟ་ལ་དྲངས་པའི། །
གླུ་འདི་དངོས་གནས་སྙན་བྱུང་། །
མཐོན་པོ་ཨ་སྔོན་གུང་ནས། །
ཉི་མའི་འཛུམ་སྟངས་ཤིག་གིས། །
མ་གིའི་ས་གཞིར་སྡོད་མཁན། །
ང་ཚོར་དྲོད་སྐྱིད་ལྟེར་སོང་། །
ཁ་བ་བབས་པའི་གླུ་ཆུང་། །
ཁ་བརྡའི་དྲ་རྒྱའི་མཛེས་སྡུག །
མཛའ་བརྩེའི་གླུ་ཆུང་ལེན་སའི། །
སྤངས་ལྗོངས་ངོ་མ་རེད་ཤག །
ཕར་ལ་ལྐོག་བལྟས་བྱས་པས། །
ཚུར་ལ་ཟུར་བལྟས་གནང་གིས། །
ལྷད་མེད་མཛའ་བརྩེས་བཅིངས་པའི། །
ལྷད་མེད་མཚོན་རྟགས་མིན་ནམ། །
བཅོས་མིན་གཞས་ཆུང་ཞིག་གིས།།
མེ་ཏོག་འདབ་བརྒྱ་གྲོལ་ན།།
མཛེས་པའི་ཞལ་རས་མཇལ་དུས།།
ངོ་གདོང་ལག་གིས་མ་གཡོགས།།
ཁ་བརྡའི་ནགས་ཀྱི་ཚལ་ལ།།
མེ་ཏོག་འདྲ་མིན་སྣ་ཚོགས།།
ནམ་ཕུགའཁྱོལ་བའི་མེ་ཏོག།།
སྒྲོལ་མ་ཁོ་ན་ཡིན་འགྲོ།
སྙན་གཏམ་ཕར་བྲིས་ཚུར་བྲིས།།
དུས་ཀྱི་ལ་མོ་བརྒལ་སོང༌།།
ཞོགས་པའི་ཉི་མ་གཞོན་ནུ།།
བསུ་བའི་ཕོ་ཉ་ཕེབསབྱུང༌།།
བསམ་ཡས་བྱ་ཕོ་དཀར་པོ།།
བྱ་སྐད་སྔ་པོ་མ་བསྐྱོན།།
ང་དང་མེ་ཏོག་དཀར་པོའི།།
སྙན་གཏམ་འབྲི་འཕྲོ་ལུས་སོང༌།།
ཆུ་སྐྱེས་སྒྲོལ་མའི་སྙན་ངག།
ཁ་བའི་ཟོལ་གྱིས་བབས་བྱུང་།།
སྙན་ངག་ནང་གི་ཁ བ།།
སེམས་པའི་རི་ལ་བབས་སོང་།།
ལ་སྟོད་ཁ་བས་གཡོགས་བྱུང།
བུ་ཆུང་སེམས་པ་གྲང་ཆུང།
དྲོད་ལྡན་ཆུ་སྐྱེས་ཡུལ་དུ།
མི་ཐོགས་མཇལ་བའི་སྨོན་ལམ།
ལ་རྩེའི་ཁ་བའི་ཆུ་རྒྱུན།
རྒྱ་ཐང་གཏིང་གི་ཡུལ་དུ།
ཆུ་སྐྱེས་འདབ་སྟོང་གྲོལ་བའི།
གསོས་སུ་ལེགས་པར་དྲངས་ཡོད།
བུ་ཆུང་སེམས་པ་གྲང་དུས།
དཔྱིད་དཔལ་ཆུ་སྐྱེས་དྲན་སོང།
གནས་རིགས་ཡུལ་གྱིས་བསྐལ་བས།
མཇལ་བའི་སྐལ་བཟང་མི་འདུག
ནམ་ཟླ་དགུན་ཁ་ཤར་སོང།
ཆུ་སྐྱེས་སྐྱེས་ཁ་བས་གཡོགས་སོང།
མི་རིང་དཔྱིད་ཀྱི་དཔལ་ཡོན།
བཞད་པའི་སྨོན་ལམ་བཏབས་ཡོད།
ལ་སྟོད་ཁ་བ་མེད་ན།
དྭངས་གཙང་ཆུ་རྒྱུན་མི་འབེབས།
གངས་ཆུ་ཆུ་སྐྱེས་འཛོམས་པས།
ཁ་བརྡའི་ཚལ་ཆེན་རྒྱས་སོང།
བསམ་ཡས་བྱ་ཕོ་དཀར་པོ། །
བྱ་སྐད་སྒྲོགས་པ་སྔ་བྱུང། །
ང་དང་ཆུ་སྐྱེས་སྒྲོལ་མར། །
བར་ཆད་ཁྱོད་ཀྱིས་བྱས་སོང་། །
ལང་ཤོར་ང་ཡི་སེམས་པ། །
ཨ་ཅེ་ཁྱོད་ཀྱིས་བཟུང་ན། །
རྩམ་མ་རྩམ་ཁུག་གཅིག་གིས། །
ཉིན་ཟས་མཚན་ཟས་བྱས་ཆོག །
བརྩེ་གདུང་མེ་ཏོག་དཀར་པོ། །
ན་གཞོན་ཕོ་མོའི་རྒྱན་ཆ། །
དེ་ལ་ཟེའུ་འབྲུ་རྒྱས་ན། །
ད་དུང་དེ་ལས་མཛེས་པ། །
ཚིག་གསུམ་ཞུས་པའི་སོར་གདུབ། །
སྙན་ཚིག་ཁྲ་ཚོམ་ཅན་འདི། །
བྱམས་ལྡན་སེམས་ཀྱི་མཛུབ་མོར། །
ཨ་ཙི་དེ་འདྲའི་འཚམ་པོ། །
ཁ་བའི་འདམ་མ་རེ་རེས།།
སེམས་ཀྱི་ཕྱི་ནང་གཡོགས་བྱུང་།།
ལོ་མང་བྲལ་བའི་ཡུལ་དེ།།
སེམས་ལ་ཡང་ཡང་འཁོར་བྱུང་།།
ཁ་བ་འབབ་ཐེངས་ཤིག་གིས།།
ཁ་བའི་ལྗོངས་དེ་དྲན་སོང་།།
གྲང་ངར་རྒྱ་སྟག་འདྲ་མོས།།
སེམས་འདི་འཁྱགས་ལ་སྦྱར་བྱུང་།།
དྲྭ་གྲོགས་ཚོ་ཁུ་སིམ་མེར་འདུག་ལ་
ཁོར་ཡུག་ཚང་མ་ཅ་ཅོ་ཅི་ཡང་མེད་པར་འཇམ་ཐིང་ངེར་གྱུར་འདུག་
བླ་མ་དཀོན་མཆོག་མཁྱེན་་་
ཕལ་ཆེར་
ཁ་བ་འདིའི་འབབ་ཤུགས་དྲག་པས་ཡོད་ཚད་འཁྱག་ལ་སྦྱར་ཟིན་པ་འདྲ།
ད་ཉི་མ་དྲོན་མོ་ཞིག་འཆར་ན་ཅི་མ་རུང་་་་
གནམ་རྒན་མ།
ངེད་ནས་ཁ་བའི་སྐོར་གྱི་ཕྱིར་དྲན་ཐུང་ངུ་ཞིག་བྲིས་བ་འདིར།
ངེད་ཀྱི་ངོ་ཤེས་རྙིང་པ་དང་གྲོགས་པོ་རྙིང་པ། དྲ་གྲོགས་རྙིང་པ། གཞན་དྲ་གྲོགས་གསར་བ་འགའ་བཅས་ནས་མཆན་བརྒྱབ་པར་བཀའ་དྲིན་ཆེ་ཞུ།
རྗེས་ཕྱོགས་ཀྱང་དུས་ཁོམ་བྱུང་ན། ཕྱིར་དྲན་འདི་འདྲའི་རིགས་ཁྱེད་ཅག་གི་མདུན་ལ་སྤུངས་ངེས།
བཀླགས་དུས་ཡིད་ངོར་གཟུགས་བརྙན་ཞིག་བསྐྲུན་གྱི་འདུག
རྩོམ་རིག་སོར་མོའི་འཁྱུག་འགྲོས།།
ཁ་བརྡའི་སྟེགས་ན་བསྒྱུར་བ།།
ཆུ་སྐྱེས་མེ་ཏོག་སྒྲོལ་མས།།
སྙན་ངག་ཁ་བ་ཕབ་སོང་།།
ས་ལ་བབས་པའི་ཁ་བ།།
ཚིག་གི་ལག་པས་བཏེགས་ཏེ།།
ཀློག་མཁན་སེམས་ལ་ཕབ་པའི།།
ཁ་བ་འབབ་སྟངས་མཛེས་པ།།
བུ་མོས་བྲིས་པའི་སྙན་ངག།
ཁ་བ་བཞིན་དུ་བབས་པ།།
གྲོགས་ཚོས་འཕྲོག་རེས་བྱས་ཏེ།།
སེམས་ལ་གླན་འདི་མཚར་བ།།
ཁ་བ་ཐེངས་གཅིག་བབས་པར།།
སྙན་ངག་རོལ་རྩེད་ཁ་བ།།
ག་ས་གང་ནས་བབས་པས།།
ཁ་བརྡ་ཁ་བས་གཡོགས་སོང་།།
ཁ་བརྡའི་ཁ་བའི་སྙན་ངག།
ཁ་བ་ཅན་ལ་བབས་ཏེ།།
ཁ་བ་ཅན་པ་ཚང་མ།།
ཁ་བརྡའི་ནང་ལ་འཛོམས་ཏེ།།
ཁ་བ་གངས་ཅན་ཞིང་གི།
སྙན་རིག་མེ་ཏོག་མང་པོའི།།
འཛུམ་མདངས་འདི་ནས་གྲོལ་བར།།
སྨོན་ལམ་ལན་གསུམ་འདེབས་སོ།།
ཁ་བ་འབབ་རྒྱུ་མང་ན། །
ཁ་བས་འཛམ་གླིང་ནུབ་ཡོང་། །
ཁ་ནས་ཐོན་ཚད་བྲིས་ན། །
ཁ་བརྡ་ཚིག་རྙོག་ལུད་ཡོང་། །