རྡོ་རྗེ་རིན་ཆེན། (སྐྱ་རེངས)
ཁ་བ། ཁ་བ་ལྷ་མོ།
ཧི་མ་ལ་ཡའི་ཡང་རྩེ་ཡི་ཁ་བ།
ཁྱོད་རང་ངའི་འཇིག་རྟེན་དུ་བབས་པ་ནས།
ངའི་སེམས་ཀྱི་རྡུལ་ཚུབ་དྭངས།
ལྷ་མོ། ཁ་བ་ལྷ་མོ།
མི་ཡི་དྭངས་རྩེ་ཡི་ལྷ་མོ།
ཁྱོད་རང་ངའི་རྨི་ལམ་དུ་ཡོང་བ་ནས།
ངའི་ཡིད་ཀྱི་སྐྱོ་སྡུག་སངས།
ཁ་བ་ལྷ་མོ།
ཁྱོད་ནི་ཁ་བ་ཡིན་ལ་ལྷ་མོའང་ཡིན་པས།
ང་ཁྱོད་ཀྱི་ལག་ཟུང་ལ་འཇུས་ཏེ།
ཕ་ཡུལ་དུ་ཐེངས་གཅིག་ལོག་འདོད།
ཁ་བ་ལྷ་མོ།
ཁྱོད་ནི་ལྷ་མོ་ཡིན་ལ་ཁ་བའང་ཡིན་པས།
ང་ཁ་བའི་འདབ་མ་རུ་སྤྲུལ་ཏེ།
ཕ་ཡུལ་དུ་ལན་གཅིག་འབབ་འདོད།