གནས་ཚུལ་གཏོང་མཁན། ཆོས་བཟང་།
(ཁ་བ་སྙིང་ལྕགས་ལགས་ཀྱིས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཆེད་རང་སྲོག་བློས་བཏང་བའི་ཞིབ་ཕྲའི་གནས་ཚུལ།)
ཁ་བ་སྙིང་ལྕགས། བོད་ཀྱི་ན་གཞོན་རྩོམ་པ་པོ། ཕ་ཡུལ། མཚོ་སྔོན་པོ་ཟླ་ཚང་། 1989ལོར་སྐྱེས།ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། བརྩམས་ཆོས་ལ་ལྷུག་རྩོམ་དེབ་《འབུ་མེ་ལྕེབས》དང་། བྱིས་སྒྲུང་དཔེ་རིས་དེབ་《འབུ་མེ་ལྕེབས།》 དངོས་བཤུས་གློག་བརྙན་《རྫ་ཆུ་ཁའི་བྱིས་པ》སོགས་ཡོད།
ཡུལ་དངོས་མི་སྣས་གནས་ཚུལ་ཞིབ་བརྗོད་བྱས་པ་ལྟར་ན། ཁ་བ་སྙིང་ལྕགས་ལགས་ཀྱིས་ཟི་ལིང་དུ་ལས་ཀ་གཉེར་བཞིན་ཡོད་ལ། ཁོ་ནམ་རྒྱུན་ཕྱིར་ཕ་ཡུལ་དུ་ལོག་སྐབས་མཚོ་སྔོན་པོའི་འགྲམ་དུ་ཁྲིམས་འགལ་སྒོས་གསེར་ཉ་འཛིན་པ་དང་ཉ་རྒྱ་འཇོག་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་པ་དང་། ཁོང་གིས་ཐེངས་མང་པོར་ལག་རོགས་འགའ་དང་མཉམ་དུ་མཚོ་ནང་གི་ཉ་རྒྱ་བླངས་པ་རེད།
ན་ནིང་དགུན་ཁར་ཁ་བ་སྙིང་ལྕགས་དང་ཁོང་གི་གཅེན་པོ་གཉིས་ཀྱིས་ཐེངས་གསུམ་བཞི་ལ་མཚོ་ནང་གི་ཉ་རྒྱ་བླངས་ནས་གསེར་ཉ་མང་པོ་བསྐྱབས་པ་རེད།
2015 ལོའི་ཟླ་6 པའི་ཚེས་14 ཉིན་གྱི་ཕྱི་དྲོ། (14:46)ཁ་བ་སྙིང་ལྕགས་དང་གཅེན་པོ་དཔལ་རྡོ་རྗེ། མགོན་པོ། གཞན་ལས་གྲོགས་འགྲེང་བུ་བཅས་ཀྱིས་མཚོ་ནང་དུ་ཉ་རྒྱ་བཞག་ཡོད་པ་ཤེས་ཏེ་ཁོ་ཚོ་མཉམ་དུ་མཚོ་ཁར་སོང་ནས་ཉ་རྒྱར་ཚུད་པའི་གསེར་ཉ་སུམ་ཅུ་ལྷག་ལས་ད་དུང་གསོན་ཡོད་པ་དག་ཕྱིར་མཚོ་ལ་བཏང་བ་རེད།
2015 ལོའི་ཟླ་6 པའི་ཚེས་25 ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་ཡས་མས་སུ། ཁ་བ་སྙིང་ལྕགས་དང་ཁོང་གི་ལས་གྲོགས་ཕག་མོ་དོན་གྲུབ་གཉིས་ཀྱིས་ཅང་ཤེས་མོག་རུ་སྡེ་བའི་མཚོ་འགྲམ་དུ་མི་འགའ་ཤས་ཀྱིས་གསེར་ཉ་འཛིན་བཞིན་ཡོད་པར་དོགས་པ་སྐྱེས་ཏེ། ཁོང་གཉིས་མཚོ་འགྲམ་དུ་སོང་ནས་མི་སྣ་དེ་དག་ལ་གནས་ཚུལ་དྲིས་པ་ན། ཁོ་ཚོས་ཁྲིམས་འགལ་གྱིས་གསེར་ཉ་འཛིན་བཞིན་ཡོད་པ་ཁས་བླངས་པ་རེད། ཁྲིམས་འགལ་བ་དེ་དག་གིས་ཕེས་ཁ་རླངས་འཁོར་གཉིས་སྐོར་འདུག་པ་དང་། རླངས་འཁོར་གྱི་ཨོང་སྒམ་ནང་དུ་ཉ་འཛིན་བྱེད་ཀྱི་ཅ་ལག་འགའ་དང་གྲུ་སོགས་ཡོད་པ་མཐོང་བས། ཁ་བ་སྙིང་ལྕགས་དང་ཕག་མོ་དོན་གྲུབ་གཉིས་ཀྱིས་ས་གནས་འགོ་ཁྲིད་པ་ལ་ཁ་པར་བཏང་དེ་ཁྲིམས་འགལ་གྱི་གནས་ཚུལ་སྙན་གསེང་ཞུས་ནས་ས་གནས་འགོ་ཁྲིད་ལ་སྤྲད་པ་རེད།
སྐབས་དེར། དེ་ལས་རླངས་འཁོར་གཅིག་ཕྱིར་ཅང་ཤེས་འགག་ཏུ་སླེབས་སོང་། དགོང་མོའི་ཆུ་ཚོད་དགུ་པའི་སྟེང་དུ་སྡེ་བས་གཞོན་སྐྱེས་འགའ་རྩ་འཛུགས་བྱས་ཏེ་ཁྲིམས་འགལ་གནས་གཞིར་རྟོག་ཞིབ་བྱེད་དུ་སོང་བ་རེད།
དགོང་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་དུ། ཁོ་ཚོས་ཡང་བསྐྱར་དངུལ་མདོག་གི་ཕེས་ཁ་རླངས་འཁོར་གཅིག་ཁྲིམས་འགལ་གནས་གཞི་རུ་འཛིན་བཟུང་བྱས་པ་རེད། (དངུལ་མདོག་ཕེས་ཁ་རླངས་འཁོར་གྱི་ཨང་རྟགས་ནི་青E03755 ཡིན་པ་དང་། གཞན་མདོག་དམར་པོ་ཅན་གྱི་ཕེས་ཁ་མཇུག་ཏུ་བྲོས་སོང་བ་དེའི་ཨང་རྟགས་ནི་འོད་སྡེར་གྱིས་བཀབ་འདུག)རླངས་འཁོར་དེའི་ནང་དུ་འགྱིག་གྲུ་དང་། ལྭ་རིང་གཅིག ལྷམ་ཆ་གཅིག རྒྱང་མཐོང་གཅིག ཐོད་འདོགས་གློག་དཀར་གཅིག་བཅས་ཡོད་པ་དང་།
རླངས་འཁོར་གྱི་བདག་པོས་བཤད་རྒྱུར། ངས་ནི་མཚོ་ནང་དུ་ཉ་རྒྱ་འཕེན་པར་སོང་པའི་ཕུ་བོ་སྒུག་ཡོད་པས། ཁོ་ཕྱིར་ཐོན་ན་ང་ཚོས་དོན་དག་འདིར”ནང་གྲོས”བྱས་ནས་ཐག་གཅོད་གནང་ཆོག་ཅེས་བཤད་པ་རེད། ཡིན་ནའང་། ཁོ་ཚོས་ཐད་ཁར་རླངས་འཁོར་གྱི་བདག་པོ་དེ་ཟླ་ཚང་སྡེ་བའི་འགོ་ཁྲིད་ལ་སྤྲད་པ་རེད། དེ་ནས། ཁ་བ་སྙིང་ལྕགས་ཐེ་བའི་ཅང་སི་ཞང་གི་གཞོན་སྐྱེས་སྐོར་ཞིག་ཕྱིར་ཁྲིམས་འགལ་གནས་གཞིར་རྟོག་ཞིབ་བྱེད་དུ་སོང་།
ཟླ་6 པའི་ཚེས་26 ཉིན་གྱི་མཚན་གུང་ཆུ་ཚོད་གཅིག་ཡས་མས་སུ། མཚོ་སྔོན་པོ་རུ་གསེར་ཉ་བཟུང་སྟེ་ཕྱིར་ལོག་པའི་མཚོ་གྲུ་ཞིག་མོག་རུ་སྡེ་བའི་མཚོ་འགྲམ་དུ་སླེབས་ལ་ཉེ་སྐབས། ཁོ་ཚོས་དེ་རུ་གསེར་ཉ་སྲུང་སྐྱོབ་པ་ཡོད་པར་དོགས་ནས་མོག་རུ་སྡེ་བའི་མཚོ་ཁར་དང་རྒྱང་བཀྱེད་དེ་ཟླ་ཚང་རུ་ཁག་བཞི་བའི་ཕྱོགས་སུ་བསྐྱོད་པ་རེད། ཁྲིམས་འགལ་བ་དེ་དག་གིས་སྔ་ས་ནས་ཟླ་ཚང་རུ་ཁག་བཞི་བའི་མཚོ་འགྲམ་དུ་ཕེས་ཁ་རླངས་འཁོར་ཞིག་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་མ་ཟད། གསེར་ཉ་སྲུང་སྐྱོབ་པ་ཡོད་མེད་ཀྱི་གནས་ཚུལ་ལ་ལྐོག་ཞིབ་བྱེད་བཞིན་ཡོད་པ་རེད།
མཚོ་གྲུ་དེ་ཟླ་ཚང་རུ་ཁག་བཞི་བའི་མཚོ་འགྲམ་དུ་སླེབས་རྗེས། ཁྲིམས་འགལ་བ་དེ་དག་གིས་གསེར་ཉ་རླངས་འཁོར་དུ་བཞག་ཏེ་འབྲོ་བཞིན་ཡོད་པ་མོག་རུ་སྡེ་བའི་མཚོ་འགྲམ་དུ་གསེར་ཉ་སྲུང་སྐྱོབ་བྱེད་བཞིན་པའི་ཁ་བ་སྙིང་ལྕགས་སོགས་ཀྱིས་མཐོང་བས་རྗེས་འདེད་དང་ར་མདའ་བྱས་མོད། ཁོ་ཚོའི་རླངས་འཁོར་ལ་སྟབས་མ་ལེགས་པར་སྐྱོན་བྱུང་། དེ་བས་ཁོ་ཚོས་རྐང་ཐང་ལ་ཁྲིམས་འགལ་བ་དག་བདས་པས། ཁྲིམས་འགལ་བ་དེ་ཚོས་ལྕགས་ར་བཤིག་པ་དང་། འཚབ་འཚུབ་ངང་ལམ་བར་རིང་ཐུང་ཀུན་དུ་གསེར་ཉ་གཏོར་བཞིན་བྲོས་སོང་བ་རེད།
ཟླ་6 པའི་ཚེས་26 ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་དུ། སྔ་ཉིན་ནུབ་མོ་བྲོས་བྱོལ་དུ་སོང་བའི་ཁྲིམས་འགལ་མི་སྣ་གཉིས་ཚེས25ཉིན་འཛིན་བཟུང་བྱས་པའི་ཁྲིམས་འགལ་བ་གཞན་པ་དེ་ལེན་དུ་ཡོང་བར་མ་ཟད། ཁོ་ཚོས་གསེར་ཉ་འཛིན་པའི་ཉེས་པ་ཁས་ལེན་མ་བྱས་པ་དང་། ཁོ་ཚོ་ནི་སྐབས་དེར་ལུག་འཚོ་བར་འོངས་པ་ཡིན་པས། ངེད་ཚོར་བླངས་བཀལ་བ་རེད་ཅེས་བཤད་། ཡིན་ནའང་། ཁ་བ་སྙིང་ལྕགས་སོགས་གསེར་ཉ་སྲུང་སྐྱོབ་པ་དག་ལ་པར་དང་བརྙན་སོགས་ཀྱི་བདེན་དཔང་གང་ཡང་མེད་པས་ན་བྱ་ཐབས་ཟད་པ་རེད།
ཟླ་6 པའི་ཚེས་26 ཉིན་གྱི་ཕྱི་དྲོར། ཁ་བ་སྙིང་ལྕགས་ཀྱིས་དཔེ་ཆར་བལྟས་ཏེ་ཆུ་ཚོད་7 ཡས་མས་སུ་སླེབས་རྗེས། ཁོས་གྲོགས་པོ་ཕག་མོ་དོན་གྲུབ་དང་། ཕག་མོ་རྡོ་རྗེ། འཇམ་དབྱངས་རྒྱ་མཚོ། བློ་བཟང་བཀྲ་ཤིས། ཀུན་དཔལ་སོགས་བོས་ཏེ་མཉམ་དུ་མཚོ་འགྲམ་དུ་སོང་ནས་ཁྲིམས་འགལ་པའི་གསེར་ཉ་འཛིན་པ་དང་ཉ་རྒྱ་འཇོག་པའི་གནས་ཚུལ་གྱི་བདེན་དཔང་པར་དང་བརྙན་དུ་ཕབ་པར་གྲ་སྒྲིག་བྱས་པ་རེད།
དགོང་མོའི་ཆུ་ཚོད་བརྒྱད་པར། ཁ་བ་སྙིང་ལྕགས་ཀྱིས་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་བཤད་རྒྱུར། ངས་ཁྲིམས་འགལ་པས་གསེར་ཉ་འཛིན་པའི་པར་དང་བརྙན་སོགས་ཆ་ཆང་ཞིག་ལོན་ཡོད་ཅེས་བཤད་པར། གྲོགས་པོ་ན་རེ། ང་རང་མྱུར་དུ་ཁྱོད་ལེན་དུ་ཡོང་ཞེས་བཤད་པ་ན། ཁ་བ་སྙིང་ལྕགས་ནམ་རྒྱུན་དང་འདྲ་བར་རྩེད་མ་དགོད་ཀྱིས་བཤད་རྒྱུར། ང་ལེན་དུ་ཡོང་མི་དགོས། ང་རང་ཉིད་མྱུར་དུ་ཐོན་ཐུབ་ཅེས་ལབ་པ་རེད། དེ་ལྟར། ཁོ་ཚོ་ཕྱིར་ལོག་གྲབས་བྱེད་སྒང་དུ། ཁ་བ་སྙིང་ལྕགས་ཀྱིས་ཆུ་ཁར་འགྱིག་གི་དམ་བུ་འགའ་ཞིག་གཡེང་ཡོད་པ་མཐོང་བས། ཁོ་རང་ཐད་ཀར་མཚོ་ནང་དུ་བབས་ཏེ་ཉ་རྒྱ་བླངས་པ་དང་། ཁ་པར་གྲོགས་པོའི་ལག་ཏུ་བཞག་ནས་བཤད་རྒྱུར། ང་བརྙན་ལ་ལོངས། འདི་ནི་རྗེས་མར་བདེན་དཔང་དུ་དགོས་ནི་རེད་ཅེས་ནན་གྱིས་བཤད་སོང་།
ཕག་མོ་དོན་གྲུབ་སོགས་ཀྱིས་བཤད་པ་ལྟར་ན། མཚན་མོ་དེར་མཚོ་མོ་ཧ་ཅང་ལྷིང་འཇགས་ཡིན་ལ། རྦ་རླབས་མེད། སྤྱིར་བཏང་འདི་འདྲའི་གནས་བབས་འོག མཚོ་ནང་ཕར་གོམ་པ་བརྒྱ་100m ཙམ་སོང་ཡང་སྐྱོན་མེད་མོད། མཚན་མོ་དེར་དེ་ལས་ལྡོག་སྟེ། ཁ་བ་སྙིང་ལྕགས་གོམ་པ་ཉི་ཤུ་20m ལྷག་ཙམ་གྱི་མཚམས་སུ་སོང་ནས་ལག་པས་ཉ་རྒྱ་ཟིན་ལ་ཉེ་བའི་དུས་ཁོ་གློ་བུར་དུ་ཆུ་ལ་ནུབ་སོང་། ཁོང་གི་གྲོགས་པོ་དག་ཉེན་ཁ་ལ་མ་འཛེམ་པར་ཆུ་ལ་མཆོང་ནས་ཁོ་རང་ཆུ་ཁར་བླངས་པ་རེད། དེ་ནས་ཁོ་ས་གནས་སྨན་ཁང་དུ་བསྐྱལ་མོད། དེ་རུ་ལས་རེས་བྱེད་བཞིན་པའི་སྨན་པ་བུ་མོ་གཉིས་མ་གཏོགས་མེད་པས། ཁོ་མོ་གཉིས་ཀྱིས་མྱུར་དུ་ཁུལ་སྨན་ཁང་དུ་ཁུར་དགོས་པའི་བརྡ་བྱས། དེ་བཞིན་ཆུ་ཚོད་གཅིག་ལྷག་གི་ལམ་ཐག་བརྒྱུད་ནས་ཁུལ་སྨན་ཁང་དུ་ཐོན་པ་ན། ཁོ་རང་སྐྱོབ་མ་ཐུབ་པར་ང་ཚོ་དང་གཏན་དུ་བྲལ་བ་རེད།
སེམས་གཏིང་ནས་མྱ་ངན་ཞུ། ཁོང་ནི་མི་རབས་ཤིག་གི་མིག་དཔེ་དང་། དུས་རིམ་ཞིག་གི་རུ་འདྲེན་པའི་གྲས་ཡིན།
ལོ་རེ་རེའི་སྤྱི་ཟླ་ 6 ཚེས་ 26 ཉིན་མོར་མཚོ་སྔོན་པོའི་འགྲམ་དུ་ཁ་བ་སྙིང་ལྕགས་ཉིན་མོ་སྲུང་རྩི་བྱས་ཏེ་ན་གཞོན་དཔའ་རྒོད་འདིར་རྗེས་དྲན་བྱེད་དགོས། རྡོ་རིང་འཛུག་རྒྱུ་ས་གནས་སྲིད་གཞུང་གིས་ཆོག་མཆན་སྤྲོད་སྲིད་ཀྱི་མ་རེད། རྒྱུ་མཚན་ནི་ཁོང་ནི་སྲིད་གཞུང་གི་རྩ་འཛུགས་མི་སྣ་མིན་པས་སོ།།
ན་གཞོན་འདས་པོ་ཁོང་ལ་མྱ་ངན་གུས་འདུད་ཞུ། ཉེ་ཆར་སྐད་འཕྲིན་རྒྱུད་ལམ་ན་སྙིང་ལྕགས་ཁོང་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཆེད་འདས་གྲོངས་སུ་གྱུར་བའི་གནས་ཚུལ་རིམ་བཞིན་དུ་སླེབས། ཡིན་ནའང་། དེའི་སྐོར་མགོ་མཇུག་ཚང་བ་ཞིག་ཀློག་རྒྱུ་མ་བྱུང་། ད་རེའི་ཁ་བརྡ་ཚང་གིས་གནས་ཚུལ་ཞིབ་ཕྲ་བཀོད་པར་ཐུགས་རྗེ་ཆེ་ཞུ་ཀི་ཡོད།
ངོ་མ་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། བོད་མི་རིགས་ལ་ཕན་ཐོགས་ཆེ་བའི་བློ་ལྡན་འདི་དག་འདི་ལྟར་བཞུད་པར་སེམས་ཕམ་བྱུང་།