མུ་ལ།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི། །
ནང་བཅུད་གསེར་ཉ་སྲུང་ཆེད། །
རང་སྲོག་ཕུལ་བའི་རྒྱལ་སྲས། །
སུ་དང་གང་ཡིན་ཨེ་ཤེས། །
གཞན་ཕན་སྤྱོད་པ་གཙང་ཞིང་། །
ལྷ་སེམས་དུང་ལྟར་དཀར་བའི། །
གངས་ཅན་བོད་ཀྱི་སྟག་ཤར། །
ཁ་བ་སྙིང་ལྕགས་ཁོང་རེད། །
དམར་ཆུང་སྙིང་གི་དབུས་ནས། །
ཁ་བའི་བདེ་སྡུག་གླེང་བཞིན། །
བསིལ་ལྡན་ལྗོངས་ལ་གཅེས་མཁན། །
སུ་དང་གང་ཡིན་ཨེ་ཤེས། །
ཡ་ཆུང་གངས་དཀར་སེམས་ནས། །
གདོང་དམར་བོད་པའི་སྐྱིད་སྡུག །
དཔེ་ལ་སྦྱར་ནས་གསུང་མཁན། །
ཁ་བ་སྙིང་ལྕགས་ཁོང་རེད། །
བཅོས་མིན་ལྷག་བསམ་དཀར་པོས། །
གངས་ཅན་བོད་པའི་ཁོར་ཡུག །
གཅེས་སྲུང་བྱེད་པའི་དཔའ་བོ།།
སུ་དང་གང་ཡིན་ཨེ་ཤེས། །
མགོ་ནག་བོད་པའི་བླ་མཚོ། །
མཚོ་མོ་ཁྲི་ཤོར་རྒྱལ་མོའི། །
གསེར་ཉའི་ཚེ་སྲོག་སྲུང་མཁན། །
ཁ་བ་སྙིང་ལྕགས་ཁོང་རེད། །
ཧྲ་ཀི བཙན་བྱོལ་བས་ཁོང་རྗེས་དྲན་བྱེད་འོས་པ་ཞིག་རེད།