ཁ་བའི་འབྲོག་མོ།
ལྷབ་ལྷུབ་གཡོ་བའི་ཁ་བ་གནམ་ནས་ལྷུང་།།
ཧྲག་ཧྲག་སྒྲ་དེ་རི་བོའི་མགུལ་ནས་གྲགས།།
དཔྱིད་ཀྱི་དཔལ་ཡོན་མངོན་པར་སྟོན་གྱིན་པ།།
རི་ཀླུང་དེ་ནི་ལྗང་མདོག་ལས་ལ་བྲེལ།།
ཁ་བ་འབབ་པའི་ཉིན་མོ་དེ་རིང་ལ།།
གངས་ཀྱི་ཡུལ་གྲུ་འབྲོག་སྡེ་དྲན་ལྷང་ལྷིང་།།
དྲན་པའི་གདུང་བ་མིག་ཆུའི་རྒྱུན་ལ་འདྲེས།།
ཕྱི་ནང་ཐམས་ཅད་འཁྱག་པ་རྡོ་བཞིན་གྱུར།།
མེ་ཏོག་འཛུམ་པའི་ཡལ་ག་ཕྲ་མོ་ཞིག།
འདབ་མ་ཁྲག་ཁྲིག་བཞད་པའི་ཆ་ཞིག་ན།།
བྱེའུ་ཆུང་དེ་དག་ཁ་བའི་གར་གྱིས་བཟི།།
དགའ་བའི་གླུ་དེ་མཐོ་བའི་དབྱིངས་ལ་བཏང་།།
ངྷོ་ལ་རི་བོར་ཁ་བ་གཡོག་པའི་ཉིན།།
ངྷོ་ལའི་མགུལ་ན་འགུལ་བའི་སེམས་པ་དག།
ངྷོ་ལའི་མཛེས་སྡུག་རིང་ནས་བསྟོད་པ་སྟེ།།།
ངྷོ་ལ་གངས་རིའི་རྒྱུན་ཐག་ཡིན་པས་སོ།།
ད་ལོའི་ནམ་ཟླ་དེ་ནི་ཨ་མཚར་མཚར།།
ཁ་བའི་ལས་དབང་མཚོན་པའི་ལྟས་ཡིན་ནམ།།
ཚ་གདུག་ཆེ་བའི་འཕགས་པའི་གནས་མཆོག་འདིར།།
ཁ་བས་ཡང་ཡང་བརྩེ་བའི་སྤྱན་གྱིས་གཟིགས།།
2017/3/11
བོད་རིགས་རྣལ་མ། འབྲོག་མོ་དྭངས་མ། ཚིག་སྦྱོར་སྙན་མོ། དྲན་ཚོར་སྐྱེན་པོ། ངོ་སོ་བསྟོད་དོ།