འོས་སྦྱོར་བ། བོན་པོ།
གཅིག ཁ་བཏགས་དར་ཚུལ།
ཁ་བཏགས་འདི་འཛམ་གླིང་དུ་ཐོག་མར་གསར་བཏོད་མཁན་བོད་ཡིན། སྤྱིར་གནའ་བོའི་ལོ་རྒྱུས་དག་ལས་ཁ་བཏགས་ཀྱི་ལོ་རྒྱུས་དང་བྱུང་བ་ཁོངས་དག་ཅིག་ཧ་ཅང་རྙེད་དཀའ། རེད་དེ་བོད་ཀྱི་ཡུལ་སྲོལ་དང་རྒན་རབས་ཀྱི་ངག་རྒྱུན་དག་ལོ་རྒྱུས་དང་བསྡུར་ཏེ་དཔྱད་ན། ཁ་བཏགས་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་སུ་དར་བའི་དམུ་ཐག་ཅེས་པ་དང་འབྲེལ་བ་ཡོད་པར་སྣང་། དམུ་ཐག་ཅེས་པ་ནི་གནའ་བོའི་ཐ་སྙད་ཅིག་སྟེ་གནམ་སའི་བར་གྱི་ཐག་པ་སྟེ་ཐག་པ་དཀར་པོའི་སྐས་ཐེམ་ལྟ་བུ་ཞིག་ཡོད་པར་ངོས་འཛིན། དེ་ནི་བོད་རྒྱལ་ཐོག་མ་བཙན་པོ་གཉའ་ཁྲི་ནི་དམུ་ཐག་ཅེས་པ་དེ་བརྒྱུད་ནས་ལྷ་ཡུལ་ནས་མི་ཡུལ་ལ་བབས་པར་ངོས་འཛིན་གནང་། མ་ཟད་གནམ་གྱི་ཁྲི་བདུན་ཡང་འདས་ཁར་དམུ་ཐག་ལ་འཇུས་ནས་གནམ་སྟེ་ལྷ་ཡུལ་ལ་གཤེགས་སོང་བར་གྲགས། འདི་ནི་ང་ཚོའི་ལོ་རྒྱུས་ལ་གྲགས་པའི་གཏམ་རྒྱུད་རེད། གཏམ་རྒྱུད་འདིས་བོད་སྤྱི་ཚོགས་སུ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་དུས་དེ་ནས་བཟུང་མི་རྣམས་ཀྱིས་སོ་སོའི་སེམས་ནང་དུ་དམུ་ཐག་ཅེས་པའི་ཡ་མཚན་པའི་ཐག་སྐས་དེ་ལ་འཇུས་ནས་ལྷ་ཡུལ་ལ་འགྲོ་ཐུབ་ན་སྙམ་པའི་རེ་བ་དེ་འཚོ་བའི་གླེང་བྱ་དང་ཕུགས་འདུན་མངོན་སུམ་དུ་གྱུར་སོང་། དེ་རྗེས་རིམ་གྱིས་སྐུ་མགྲོན་གལ་ཆེན་དང་ནང་མི་སེར་སྐྱ་ཕར་སྐྱེལ་ཚུར་བསུའི་སྐབས་སུ་ལྷ་ཡུལ་ནས་མར་འོང་བ་དང་ཡང་ན་ཡར་ལྷ་ཡུལ་ལ་འགྲོ་བའི་རྟེན་འབྲེལ་མཚོན་བྱེད་དུ། ས་དཀར་དང་རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་རྒྱག་པའི་སྲོལ་དར། བར་སྐབས་ཤིག་ནས་བལ་དཀར་པོའི་སྐུད་པ་རེ་ཕྲག་སྟེང་དུ་འཐེན་པ་དང་བཙེམ་པ། བལ་དཀར་པོ་འབབ་མ་རེ་སྟེར་བ་དང་བལ་འཐག་གྲུབ་བྱས་པ་མགུལ་དུ་འཐེན་པ་སོགས་བྱུང་། རིམ་གྱིས་བླ་དཔོན་སོགས་མཇལ་འཕྲད་དང་སྐྱེལ་བསུའི་སྐབས་ཀུན་ཏུ་སྤྱོད་སྒོ་ཇེ་ཆེར་སོང་།
གཉིས། ཁ་བཏགས་ཀྱི་མཚོན་དོན།
རྗེས་སུ་སོག་པོས་བོད་ས་གནས་མི་ཉུང་བ་དབང་སྒྱུར་སྐབས་སུ་བོད་ཀྱི་སྐུ་དྲག་བླ་དཔོན་དག་ལ་འཚམས་ཆེད་དར་གོས་དཀར་པོས་མགུལ་གཡོག་པ་དང་ཕྱག་ཏུ་འབུལ་བའི་སྲོལ་དར། སྐབས་འདི་ནས་བཟུང་ཁ་བཏགས་ཀྱི་མིང་འདི་མངོན་གྱུར་བྱུང་བར་མ་ཟད། ཁ་བཏགས་ཀྱི་མཚོན་དོན་ལའང་འགྱུར་བ་ཕྱུང་སྟེ། ཁ་བཏགས་ནི་ཁ་དགེ་བཀྲ་ཤིས་ཀྱི་སྣེ་ཁྲིད་པ་དང་ཁ་གཡང་གི་མགྲིན་ཚབ་པ། མཐུན་སྒྲིལ་གྱི་ལམ་ཁྲིད་པ།མི་དེ་མཐོང་ཆེན་དང་གུས་བཀུར་གྱི་རྣམ་པ་མཚོན་བྱེད་ཅིག་ཏུ་གྱུར། དེ་བཞིན་རྒྱུ་སྤས་དར་གོས་སྣ་ཚོགས་དང་། ཁ་དོག་དཀར་སེར་དམར་ལྗང་སྔོན་པོ་སོགས། རི་མོ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་པ་ཏྲའི་རིགས་སོགས། རྣམ་པ་དང་ཆེ་ཆུང་། རིང་ཐུང་སོགས་འདྲ་མིན་སྣ་ཚོགས་སུ་འགྱུར་བ་བྱུང་སྟེ་ཉིན་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ནས་དར་ཁྱབ་ཏུ་སོང་།
དེ་བཞིན་དཀར་ཞིང་གཙང་བའི་གྲུབ་ཆ་འདིས་གཏོང་ཡུལ་གྱི་ལུས་ངག་ཡིད་གསུམ་ལ་ཉེས་སྐྱོན་གྱི་དྲི་མས་མ་སྦགས་པས་ཁ་བཏགས་གཏོང་རིན་ཡོད་པ་དང་། གཏོང་མཁན་གྱི་ལྷག་བསམ་དེ་དྲི་མས་མ་གོས་པའི་དྭངས་གཙང་ཞིག་ཡིན་པ་མཚོན་ཡོད།
སྲིད་ན་རིང་བའི་གྲུབ་ཆ་འདིས་གཏོང་ཡུལ་དང་གཏོང་མཁན་གྱི་འབྲེལ་ལམ་དང་བརྩེ་བ་ཆུ་རྒྱུན་ལས་ཀྱང་རིང་བ་མཚོན་གྱིན་ཡོད། ཁ་ཚར་མང་བའི་གྲུབ་ཆ་འདིས་མངའ་ཐང་སྟོབས་འབྱོར་དར་བའི་རྟེན་འབྲེལ་མཚོན་གྱིན་ཡོད། དེ་མིན་དམངས་ཁྲོད་དུ་གཏོང་ཡུལ་མི་འདྲ་བ་དང་གནས་ཚུལ་མི་འདྲ་བ་སྣ་ཚོགས་ཀྱིས་དབང་གིས་མཚོན་དོན་དང་གཏོང་ལུགས། ཁ་བཏགས་ཀྱི་བཤད་པ་སོགས་ཀྱང་འདྲ་མིན་སྣ་ཚོགས་ཚོགས་ཤིག་འོང་གིན་ཡོད་པས་སྐབས་ཐོབ་མི་འདྲ་བའི་གོ་བའང་མི་འདྲ་བ་སྣ་ཚོགས་ལེན་རྒྱུ་ཡོད་པ་ཡིན། དེ་བཞིན་རྒྱ་ནག་ལ་དར་དེ་ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་ནང་མཛོད་ནས་དར་བའི་ཁ་བཏགས་འདོམ་གསུམ་མ་སོགས་མང་དུ་བྱུང་། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ན་ཁ་བཏགས་དཀར་པོ་དེ་ལྷག་ཏུ་ལག་ལེན་བྱ་བའི་སྲོལ་ཆེས་ཆེར་དར་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་དེ་ནི་སྤྲོ་སྣང་དང་ཁྱད་མཚར་ལྡན་པའི་ཡུལ་སྲོལ་རིག་གནས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད།
གསུམ། ཁ་བཏགས་ཀྱི་མིང་།
དེ་བཞིན་ཁ་བཏགས་ཀྱི་མིང་ལའང་སྣ་ཚོགས་བྱུང་སྟེ། ཁ་བཏགས། ནང་མཛོད། དར་ཁ། ཁ་དར། ཨ་ཤེ སྐྱ་ཆེན། འདོམ་གསུམ་མ། ཉིན་མོ་བདེ་ལེགས། དཀོན་མཆོག་རིན་ཆེན། ལྷ་རེག ལྷ་རྫས། མཇལ་དར། བསོད་བཏགས། འཕྲིན་ལས་དར་རྒྱས་སོགས་ཡུལ་དུས་མི་འདྲ་བའི་མིང་སྣ་ཚོགས་བྱུང་ཡོད།
བཞི། ཁ་བཏགས་གཏོང་ཡུལ།
ཁ་བཏགས་འབུལ་ཡུལ་ནི་མཆོག་གསུམ་གྱི་རྟེན་གསུམ་མཆོད་མཇལ། ལྷ་གསོལ་བསང་གཏོང་། བླ་དཔོན་མཇལ་འཕྲད་དང་། འཚམས་འདྲི། དགའ་རྟགས། གཟེངས་བསྟོད། མགྲོན་པོ་སྐྱེལ་བསུ། གཉེན་སློང་། ཞུ་བཤགས། དུས་སྟོན། གླུ་གཞས། དེ་བཞིན་ལེགས་སྐྱེས་གནང་སྦྱིན་འབུལ་བ་སོགས་ཀྱི་དངོས་རྫས་དག་དང་ལྷན་དུའང་ཁ་བཏགས་རེ་འབུལ་སྲོལ་ཡོད་པ་སོགས་བཀྲ་ཤིས་དགེ་ལེགས་སོགས་ཀྱི་མཚོན་དོན་གང་མང་ལ་འབུལ་ཆོག་པ་ཡིན།
ལྔ། ཁ་བཏགས་འཛིན་ལུགས།
རྒྱུན་པར་ཁ་བཏགས་གཏོང་སྐབས་ཞིང་ཆེ་བ་ཞིག་ཡིན་ན་ཉིས་ལྟེབ་བྱ་ཞིང་གཏོང་ཡུལ་ལ་ལྟེབ་ཁ་འཁོར་བ་དང་། རང་ལ་ལྟེབ་ཁུགས་འཁོར་བར་བྱས་ནས་འབུལ་དགོས། དེ་ནི་གཙོ་བོའི་མཚོན་དོན་དེ་ཆོས་རྣམས་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བས། ཁ་དགེ་བཀྲ་ཤིས་དང་བསོད་ནམས། ཕྱྭ་གཡང་ནོར་ལོངས་སྤྱོད་བཅས་ལེགས་ཚོགས་ཐམས་ཅད་ཁ་བཏགས་ཀྱི་ལྟེབ་ཁུགས་སུ་བཞག་སྟེ་གཏོང་ཡུལ་ལ་ཁ་ཕྱོགས་ནས་འབུལ་བ་དང་། དཔེར་ན་རིན་པོ་ཆེའི་སྣོད་ནང་དུ་གསེར་དངུལ་བླུགས་སྟེ་སྣོད་ཀྱི་ཁ་འབུལ་ཡུལ་ལ་ཕྱོགས་ནས་ཕུལ་བ་ལྟ་བུ་ཡིན། གུས་པ་མཚོན་དགོས་རིགས་ལ་ལུས་ཅུང་མདུན་དུ་གུག་པ་དང་། ལག་ཟུང་གིས་ཁ་བཏགས་མཐོ་སར་འདེགས་དགོས།
དྲུག ཁ་བཏགས་གཏོང་ལུགས།
ཁ་བཏགས་གཏོང་ལུགས་ལ་ཁྱད་པར་དང་མཚོན་དོན་ཆེན་པོ་ཡོད། དཔེར་ན་ཁ་བཏགས་གཏོང་ཡུལ་ལ་གུས་པ་མཚོན་དགོས་པའི་རིགས་ཏེ། ཡོན་ཏན་པ་དང་བླ་དཔོན་སོགས་མི་སྣ་དྲག་ཤོས་དང་ལྷག་ཏུ་རང་གི་དགེ་རྒན་ཕ་མ་སོགས་གུས་པ་མཚོན་དགོས་པའི་རིགས་ཡིན་ན། ཁ་བཏགས་འབུལ་སྐབས། ལུས་ཀྱི་གུས་པ་དང་བཅས་གཏོང་ཡུལ་གྱི་ཅུང་དམའ་ས་སྟེ་ཕྱག་དང་མདུན་དུ་འབུལ་དགོས་པ་ལས་ཕྲག་སྟེང་དང་མགུལ་དུ་བསྒྲོན་ན་གུས་ལུགས་དང་མི་ཆོས་ལ་གོ་རིམ་མེད་པ་མཚོན་པས་མི་ལེགས་པ་ཡིན།
དེ་བཞིན་རང་དང་མཉམ་པའི་གྲོགས་པོའམ་འབྲེལ་བ་སྤྱིར་བཏང་བ་དག་ལ་ཕྱག་ནས་ཕྱག་ཏུ་གཏོང་ལེན་བྱས་ན་ཧ་ཅང་ལེགས་པོ་ཡོད། དེ་མིན་དགེ་རྒན་སོགས་མི་སྣ་གལ་ཆེན་དག་གིས་རང་གི་སློབ་མ་སོགས་སྤྱིར་བཏང་གི་མི་དཀྱུས་མ་དག་ལ་ཁ་བཏགས་གཏོང་སྐབས་དང་། ཁ་བཏགས་དང་ལེན་སྐབས་སོགས་སུ་མགུལ་དུ་ལེན་པ་དང་མགུལ་དུ་བསྒྲོན་དགོས་པ་ཡིན། འདི་ནི་སྤྱིར་བཏང་རྒྱུག་ཆེ་བའི་ཁ་བཏགས་གཏོང་ཚུལ་ཡིན་ལ་དེ་མིན་སྐབས་ཐོབ་ཀྱི་དགོས་དབང་དང་དམིགས་ཡུལ་མི་འདྲ་བས་དམངས་ཁྲོད་དུ་གཏོང་ཚུལ་དང་ལེན་ཚུལ་མི་འདྲ་བ་མང་དུ་དར་ཡོད།
བདུན། ཁ་བཏགས་ཀྱི་ཐོབ་ཐང་།
དེང་གི་ཁ་བཏགས་ཀྱི་ཁ་དོག་ལ་དཀར་པོ། སེར་པོ། དམར་པོ། སྔོན་པོ། ལྗང་ཁུ་སོགས་སྣ་ལྔ་ལས་གྲུབ་པ་ཡོད་ལ། དཀར་པོ་ནི་སྐྱེ་བོ་མཆོག་དམན་སུ་ཡིན་ཁྱད་མེད་པར་གཏོང་ལེན་བྱ་ཆོག་པར་མ་ཟད། མཚོན་དོན་དང་གྲུབ་ཆའང་ཕུན་སུམ་ཚོགས་པས་སྤྱི་ཚོགས་ཁྲོད་དུ་ཧ་ཅང་རྒྱུག་ཆེ་བའི་ཁ་བཏགས་གཅིག་པུ་དེ་ཡིན། ཁ་བཏགས་ཀྱི་ཐོབ་ཐང་ལྟར་བཤད་ན་སྔོན་པོས་ནམ་མཁའ་མཚོན་པས་གོ་གནས་ཆེས་མཐོ་ཤོས་ཡིན། དེ་ནས་སྤྲིན་པ་དཀར་པོ། རླུང་དམར་པོ། ས་སེར་པོ། ཆུ་ལྗང་ཁུ་སོགས་སོ་སོའི་ཁ་དོག་མཚོན་པ་ཡིན།
ཁ་བཏགས་འབུལ་སྐབས་སྔོན་པོ་དང་དཀར་པོ་དམར་པོ་གསུམ་གྱིས་གཏོང་ཡུལ་མཚོན་པས་སྟེང་ཕྱོགས་སུ་འཇོག་པ་དང་། སེར་པོ་ལྗང་ཁུ་གཉིས་ཀྱིས་རང་ཉིན་མཚོན་པས་འོག་ཏུ་བཞག་སྟེ་འབུལ་དགོས། དེའི་ཕྱིར་སྣ་ལྔ་ལས་རྒྱུན་པར་དཀར་པོ་འདི་མི་སུ་ཡིན་གྱིས་སྤྱོད་བདེར་གྱུར་ཡོད་པ་དང་། གཞན་པ་དག་ལ་མཚོན་དོན་ཐུན་མིན་རེ་ལྡན་པས་གོ་རིམ་དང་དམིགས་ཡུལ་ཡོད་པའི་འོག་ནས་ལག་བསྟར་བྱ་དགོས་པ་ལས། བྱུང་རྒྱལ་དུ་གཏོང་རྐྱང་ཞིག་མིན་པ་ཤེས་དགོས།
བརྒྱད། ཁ་བཏགས་མི་གཏོང་བའི་ཡུལ།
མ་གཞི་ཁ་བཏགས་ཀྱིས་ནི་བཀྲ་ཤིས་དང་། བདེ་སྐྱིད། བརྩེ་བ། བསོད་ནམས། ཆེ་བ། གུས་པ། ཁ་དགེ་ཞལ་དྲོ་སོགས་ཕུན་སུམ་ཚོགས་པའི་དགོད་སྒྲ་དང་འཛུམ་མདང་ཞིག་མཚོན་གྱིན་ཡོད་པས། མི་ཤི་ཁྱིམ་སྟོང་དང་། བཀྲ་མི་ཤིས་པའི་དོན་རྐྱེན་སོགས་ལ་ཁ་བཏགས་གཏོང་ན་མི་ལེགས་པ་ཡིན་ལ། གཏོང་སྲོལ་ཡང་ཆེར་མེད་པར་སྣང་།
དགུ། ཁ་བཏགས་ལ་ཚང་དགོས་པ།
ཁ་བཏགས་ལ་འཛོམས་དགོས་པའི་ཆ་རྐྱེན།
གཅིག དྭངས་གཙང་དྲི་མས་མ་གོས་པ།
གཉིས། སྲིད་ན་རིང་བ།
གསུམ། ཁ་ཚར་ལྷན་ཆགས་སུ་ཡོད་པ།
དེས་ན་ལྷག་ཏུ་བོད་མི་ཞིག་ཡིན་ཕྱིན་ཁ་བཏགས་ཀྱི་བྱུང་རིམ་དང་གཏོང་ཚུལ་མཚོན་དོན་སོགས་ཀྱི་རྒྱུན་ཤེས་འདི་འདྲ་རེ་མ་ཤེས་ཐབས་མེད་དུ་སྣང་བས་འདི་ལ་དོ་སྣང་གནང་རྒྱུ་དེ་གལ་ཆེན་ཞིག་ཏུ་ཆགས་ཡོད།
༼རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།༽
ཡག་པོ་ཞིག་བྲིས་འདུག
ཁ་བཏགས་ཞེས་པའི་རྟེན་འབྲེལ་བརྡ་ཚོན་དུ་བེད་སྤྱོད་པ་འདི་ཉིད་དུས་རབས་འདི་དང་འདི་ཞེས་སུ་དར་བར་ངོས་འཛིན་དཀའ་ནའང་དུས་རབས་འདི་དང་དེ་དུས་སུ་ཡོད་པ་ཞིག་ང་ཚོས་ལོ་རྒྱུས་ལ་ལྟས་ན་ཤེས་ཐུབ་མ་ཐ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཡོད་པར་བསྒྲུབ་ཐུབ་པ་ནི། སྐབས་དེར་བོན་གྱི་རིག་འཛིན་སྟོང་རྒྱུང་མཐུ་ཆེན་དང་བཙན་པོ་གཉིས་མཇལ་འཕྲད་སྐས་སུ་བཙན་པོ་རིག་འཛིན་ལ་་་་ཟ་འོག་གི་གདན་བཏིང་ནས། དར་དཀར་གྱི་རལ་ཀ་ལ། གསེར་གྱི་གཡུང་དྲུང་བྲིས་ཏེ་ཕུལ། འཕྲ་མེན་གྱི་དཀར་ཡོལ་དུ། སྐྱེམས་པ་ཕུད་ཀྱིས་བལྟམས། ཞེས་གསལ་བར་མ་ཟད། དུས་རབས་བདུན་པའི་ཡར་སྔོན་གྱི་ལོ་རྒྱུས་ཤོད་སྐབས་སུ། དར་གྱི་ལའུ་ཞེས་ཆེ་བའི་རྟགས་སུ་དེ་ལྟར་འབུལ་སྲོལ་ཡོད་པར་དཔེ་རྙིང་མང་པོའི་ནང་ནས་གསལ་འདུག འོན་ཀྱང་སྔ་དུས་སུ་ད་ལྟའི་ཁ་བཏགས་ནང་བཞིན་གྱི་དར་རས་མེད་མོད་གཡང་དཀར་ལུག་གི་བལ་དཀར་རིང་པོ་དར་ཁ་ལྟ་བུར་བྱས་ཏེ་འབུལ་སྲོལ་ཀྱང་ཡོད་འདུག དེ་ནི་ལམ་དཀར་པོ་མཚོན་བྱེད་དང་བལ་ནི་འཇམ་ཞིང་དེས་ལ་རིང་བ་ཡིན་པས་མི་གཤིས་དར་ལས་འཇམ་ཞིང་མི་རྒྱུད་བལ་ལྟར་རིང་བར་ཡོང་བར་མཚོན་ཚུལ་དཔེ་རྙིང་དེ་ཚོ་ལས་གསལ་འདུག
བོད་ལུང་པར་ཆ་མཚོན་ན་རས་དང་དར་གྱི་ཐོན་ཁུངས་རྒྱ་གར་དང་རྒྱ་ནག་སོགས་ཡིན་ནའང་། དེ་དག་བེད་སྤྱོད་བྱེད་སའི་གདོད་མའི་རིག་གཞུང་དེ་རྒྱ་གར་དང་རྒྱ་ནག་ནས་བྱུང་བ་མ་རེད། དཔེར་ན་ཇ་ཡི་ཐོན་ཁུངས་རྒྱ་གར་དང་རྒྱ་ནག་སོགས་ཡིན་ནའང་། བོད་ཇ་བཟོ་བའི་ལམ་ལུགས་ནི་བོད་རང་གི་དགོས་མཁོ་དང་བསྟུན་ནས་བོད་པས་གསར་གཏོད་བྱས་པ་ལྟ་བུའོ། དེ་ཡིན་ནའང་དེང་སང་བོད་མི་ཚོས་བོད་ཇས་ན་ཚ་མང་པོ་བཟོ་གི་འདུག་ཟེར་ནས་སྐད་ཤོར་བསྡད་བཞག །
“དེ་བཞིན་ཁ་བཏགས་ཀྱི་མིང་ལའང་སྣ་ཚོགས་བྱུང་སྟེ། ཁ་བཏགས། ནང་མཛོད། དར་ཁ། ཁ་དར། ཨ་ཤེ སྐྱ་ཆེན། འདོམ་གསུམ་མ། ཉིན་མོ་བདེ་ལེགས། དཀོན་མཆོག་རིན་ཆེན། ལྷ་རེག ལྷ་རྫས། མཇལ་དར། བསོད་བཏགས། འཕྲིན་ལས་དར་རྒྱས་སོགས་ཡུལ་དུས་མི་འདྲ་བའི་མིང་སྣ་ཚོགས་བྱུང་ཡོད།” ‘བལ་དར། ཞེས་པ་ཚུད་མི་འདུག ཕལ་དག་ཆ་འདི་ལྟར་ཉིན་ངེས། ཡིན་ན་བཤད་དགོས་མང་བར་ད་ལྟ་རང་ལོང་མེད། རྗེས་སུ་འབྲི་ངེས།
བོད་པའི་སྤྱི་ཚོགས་ནང་འབུ་རས་ཟེར་བ་ཞིག་ཧ་ཅང་རྩ་ཆེན་བརྩི་སྲོལ་འདུག དེའི་བྱུང་ཁུངས་དང་བཟོ་རྩལ་བོད་རང་ལ་ཡོད་པ་ཡིན་ནམ། །
ཁ་བཏགས་ཟེར་ཟེར་བ་འདི་མིང་ཚིག་མ་དག་པ་ཞིག་ཡིན་པར་ངེས། སྤྱིར་ན་ཁ་བཏགས་ཞེས་པ་ནི་སྡེབས་གསོད་བྱས་པའམ་མང་པོ་བསད་པའི་དོན་ལ་འཇུག་པས་བཀྲ་ཤིས་པ་ཞིག་མ་རེད། བོད་ཀྱི་སྤྱི་ཚོགས་ཕལ་མོ་ཆེས་ཁ་དར་ཞེས་འབོད་པ་མ་གཏོགས་ཁ་བཏགས་ཞེས་འབོད་སྲོལ་མི་འདུག དེ་དོན་དག་གཅིག་ཡིན།
གནད་དོན་གཞན་ཞིག་ནི་དེང་དུས་སུ་བོད་དུ་འགྱིག་རས་ཀྱིས་བཟོས་པའི་ཁ་དར་མང་པོ་བཟོས་ནས་སྣོད་བཅུད་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་འདུག འགྱིག་རས་འདི་རིགས་འབྱུང་བ་ལ་ཐིམ་དཀའ་བའི་རྫས་ཡིན་པས་ཤིང་ལ་བཏགས་ན་ཤིང་སྐེམས། ཆུ་ལ་འཕངས་ལ་ཆུ་འགག སྲོག་ཆགས་ཀྱིས་ཟོས་ན་འཇུ་མི་ཐུབ། རྩྭ་ཐང་ལ་འཕངས་ན་རྩ་སྐྱེ་མི་ཐུབ་པའི་རྫས་ངན་མ་རུང་བ་ཞིག་རེད། བོད་དུ་ཁ་དར་འདི་བེད་སྤྱོད་ཉུང་ཙམ་དང་། དེ་ཡང་བསྐྱར་སྤྱོད་མང་པོ་བྱེད་ཐུབ་ན་སྣོད་བཅུད་ལ་གནོད་སྐྱོན་ཆུང་ངེས་རེད། ལྷག་པར་གཞི་བདག་མཆོད་པའི་སྐབས་སོགས་སུ་འགྱིག་རས་ཀྱིས་བཟོས་པའི་དར་མང་པོ་གཡུག་པ་སོགས་ནི་སྣོད་བཅུད་ལ་ཕོག་ཐུག་འགྲོ་གཞི་ངོ་མར་གྱུར་འདུག་པ་དགོས་འཇགས་ཞུ།
གང་ལྟར་བོད་མི་རིགས་རང་གི་ལག་ཤེས་ལས་བྱུང་བའི་ཐོན་བསྐྱེད་ཅིག་མ་ཡིན་ན། དེ་དག་ཉོ་རྒྱུ་དང་བེད་སྤྱོད་གཏོང་རྒྱུ་ཉུང་དུ་བཏང་ན་ལེགས་པེར་སེམས། དཔེར་ན། དེང་སང་བོད་པ་ཚོས་སེམས་ཅན་གྱི་པགས་པའི་ཚབ་དུ་གོས་ཆེན་ཟེར་བ་དེ་ཧ་ལས་བེད་སྤྱོད་བྱེད་བཞིན་འདུག གོས་ཆེན་ནི་བོད་མི་རིགས་ཀྱི་ལག་ཤེས་ལས་བྱུང་བའི་རྒྱུ་ཆ་ཞིག་རྩ་བ་ཉིད་ནས་མ་རེད། བོད་མི་རིགས་ཀྱི་རང་མདངས་དངོས་གནས་དེ་སྟོན་འདོད་ན། གོས་ཀྱི་རྒྱུ་ཆ་དེ་ཚོ་ཡང་བོད་རང་སའི་བོད་མི་རིགས་ཀྱི་ལག་ཤེས་ལས་ཐོན་པའི་དངོས་རྫས་ཤིག་ངེས་པར་དུ་ཡིན་དགོས་ཀྱི་ཡོད་པ་རེད། །
ད་དུང་དེང་སང་བན་བོན་གྱི་དགོན་པ་ཚང་མས་ཆགས་སྡང་གིས་སྒོར་འབུམ་ཕྲག་མང་པོ་འགྲོ་སོང་སྟངས་ནས་ལུང་པ་གཞན་ནས་བཟོས་ཡོང་བའི་ཟངས་གོག་དང་རགས་གོག་ཀྱི་སྐུ་འདྲ་འབུམ་ཕྲག་མང་པོ་ཞིག་ཉོ་བཞིན་འདུག དད་ལྡན་བོད་རིགས་ཉམས་ཆུང་ཚོའི་ལག་ནས་བསྡུས་པའི་དཀོར་དངུལ་དེས་ལུང་པ་གཞན་གྱི་མི་ཚོ་ཕྱུག་པོ་ཡག་ཐག་ཆོད་བཟོ་བཞིན་པ་རེད། ད་བསམ་བློ་ཡག་པོ་བཏང་ན་ལེགས་པར་སེམས་སོ།
བོན་པོ་ལགས་ཀྱིས་གསུངས་པད་ེ་ཧ་ཅང་བདེན་པ་རེད།་དེང་སང་བོད་མིས་བཟོས་པའི་ལག་ཤེས་ཐོན་རྫས་ཉོ་རྒྱུ་མི་འདུག བོད་མིའི་སྲོལ་རྒྱུན་གྱོན་ཆས་དང་། སྐུ་འདྲ་བཟོ་གྲྭ་ཆེ་ཁག་ཚང་མ་ཁྲིན་ཏུ་ལ་བཙུགས་ཡོད་འདུག ལས་བྱེད་པ་མང་ཆེ་བ་རྒྱ་མི་རེད། རྟེན་གསུམ་སོགས་བོད་མི་རང་གིས་བཟོ་ཤེས་པ་ཚང་མ་ཡང་དེང་སང་རྒྱ་མིས་བཟོ་གྲྭ་རུ་བཟོས་ནས་སྤུས་ཚད་མར་ལྷུང་བ་དང་། ཡོང་སྒོ་ཐོབ་མཁན་མི་རིགས་གཞན་རེད། ཐ་ན་ཁ་དར་ཀྱང་བོད་པས་བཟོ་པ་མེད་ཐོག རྒྱུ་སྤུས་ཀྱང་སྣོད་བཅུད་ལ་གནོད་གཞིར་གྱུར་པ་རེད་འདུག་པ་མཁྱེན་གལ་ཆེ་བར་མཐོང
སྤོབས་པ་མཐས་ཡས་ཀྱེ། ཁ་བཏགས་ཟེར་ན་གོ་བ་གཅིག་རང་ལས་ལེན་རྒྱུ་མེད་པ་ཞིག་ག་ལ་ཡིན། ལྷག་པར་དུ་ཡང་ཨ་མདོའི་ཡུལ་སྐད་བྱེ་བྲག་པ་ཞིག་ལ་སྦྱར་ནས་བཤད་དགོས་པ་དང་བཤད་ཐུབ་པ་ཞིག་དེ་བས་མིན། ཁ་བཏགས་གི་ཚིག་འགྲེལ་འདི་ཡིན་ཏེ། ཁ་གང་རེ་དོ་རེ་བྱས་ནས་བཏགས་པའམ་འཐག་བཞག་པས་རྒྱུ་མཚན་གྱིས་ཁ་བཏགས་ཤེས་འབོད་པ་རེད། དར་ཁ་ཟེར་བ་དང་ཁ་དར་ཟེར་བའང་དེ་མཚུངས་སུ་སྒྲ་བཤད་དུ་ཡོད་པ་རེད། ཧོབ་བཤད་དང་ཧམ་བཤད་བྱས་ན་འགའ་རེ་ལོག་ལམ་དུ་གཡུག་མི་འཇོག་པའི་ངེས་པ་མི་འདུག དེར་བརྟེན་ཁ་རོག་གེར་འདུག་མ་ཐུབ་པར་སྐད་འདི་ཤོར་སོང་།
བལ་དར་སྐོར་ལ་མང་ཙམ་གསུང་དང་།
ཁ་བཏགས་སུས་བཟོ་མིན་དེ། གལ་ཆེན་པོ་མ་རེད། སུས་བྱེད་སྤྱོད་བཟང་པོ་བཀོལ་ཡོད་མེདདེ་གལ་ཆེན་པོ་རེད། སྐུ་འདྲ་སུས་བཟོ་མིན་དེ་ཡང་ག་ལ་ཆེན་པོ། སུས་གུས་བརྩི་དང་དད་མོས་དད་མིན་དེ་གལཆེན་པོ་རེད། མཚོན་ཆ་སུས་བཟོས་ཡོད་མེད་དེ། གལ་ཆེན་པོ་མ་རེད། དེ་བྱེད་སྤྱོད་བཏང་ནས་མི་གསོད་ཁྲག་སྦྱོར་གྱི་འཚེ་བ་སུས་བྱེད་མིན་དེ། ཤེས་པ་གལ་ཆེ་བ་བཞིན་ནོ།།
ཁ་བཏགས་གང་ལས་བྱུང་བའི་འབྱུང་ཁུངས་ནི་རྒྱ་ནག་ཡིན་པ་སྨྲས་མེད་རེད། བོད་པས་ཡིན་ཞེས་ཨུ་ཚུགས་བརྒྱབ་ཀྱང་ངོ་སོ་ཅི་ཡང་ཡོད་པ་མ་རེད། སྔོན་ཆད་བོས་པས་སྣམ་བུ་འཐག་པ་ལས་དར་དང་གོས་སོགས་བཏགས་པའི་སྲོལ་མེད། བཏགས་ནི་འཐག་པའི་འདས་ཚིག་རེད། དོན་ནི་རས་ཁ་གང་བཏགས་ཏེ་ཕུལ་བ་ལ་ཚིག་བསྡུས་ནས་ཁ་བཏགས་ཤེས་མིང་བཏགས་པ་རེད། ཡང་གཅིག་བཤད་ན།
ཁ་བཏགས་ཀྱི་མིང་འདི་བོད་སྐད་ཡིན་པ་རེད། ཁ་ནི་རས་ཁ་གང་། རས་ཁ་དོ། དར་ཁ་གང་། དར་ཁ་དོ། གོས་ཁ་གང་། གོས་ཁ་དོ། ཟེར་བ་རེད།
ཁ་དར་དང་། ཁ་འཐག་ཟེར་བ་ནས་ཁ་བཏགས་ལ་སྒྲ་ཟུར་འགྱུར་བ་རེད། རྒྱ་ནག་པ་ཚོས་རང་གིས་ཐག་པའི་དར་སྲབ་ཁ་གང་ཙམ་སྐུ་མགྲོན་དང་འཚམ་འདྲི་འབུལ་སྲོལ་ཡོད་པ་དང་། དར་ཕུད་ནས་ཕ་མ་དང་རྒན་རབས་དག་ལ་ཕུལ་སྲོལ་ཡང་ཡོད་པ་རེད།
ཨ་མདོ་འབྲོག་ཕྱོགས་ནས་ལུག་པགས་དང་ཚ་རུ། མར་དང་རྩམ་པ་ཁྱེར་ནས་འཚམས་འདྲིར་འགྲོ་སྲོལ་ཡོད་པ་དང་། རོང་བ་ཚོས་དར་གོས་སོགས་ཕུལ་ནས་མགྲོན་བསུ་བྱེད་སྲོལ་ཡོད་པ་དེ་ཡང་ཁ་བཏགས་ཀྱིས་ཚབ་བྱེད་ཀྱིན་ཡོད་པ་དང་། མ་ཟད་ད་དུང་ས་ཆ་ལ་ལར་ཇ་སྦག་དང་ཀོ་རེ་ཁུར་ནས་བླ་མ་དང་དཔོན་པོ་། བག་མ་དང་མག་པ་གཏོང་ལེན་སོགས་ལ་ཡང་དར་གོས་ཀྱི་ཚབ་ལ་ཁ་བཏགས་གིས་རྫོང་བ་བྱེད།
དོན་ལ་ཁ་བཏགས་ནི་རས་ཁ་གང་གི་དོན་རེད།
ཕྱིས་སུ་དར་གོས་ཀྱི་ཐོན་ཁུངས་མང་དུ་ཕྱིན་པ་དང་མཉམ་དུ་རྒྱ་བོད་སོག་གསུམ་དུ་སྟབས་བདེ་བོའི་ཁ་བཏགས་འཁྱེར་ནས་མགྲོན་པོ་སྣེ་ལེན་བྱེད་པ་དང་ལྷ་དང་བླ་མ་དཔོན་པོ་སོགས་ལ་འབུལ་བའི་ལུགས་སྲོལ་དར་ཁྱབ་བྱུང་བ་མ་ཟད་ཁ་དོག་དང་རིང་ཐུང་སོགས་མི་འདྲ་བ་བྱུང་བ་རེད་ལ། ཐོན་ཁུངས་དང་རྒྱུ་ཆ་སོགས་ལ་རྟེན་ནས་མིང་ཡང་མི་འདྲ་བ་བྱུང་བ་དངོས་ཡོད་གནས་ཚུལ་ཡིན་པས་མང་བོ་བཤད་མི་དགོས་སྙམ།།
༠༠དམུ་ཐག་ནི་ལྷ་སྒྲུང་ཞིག་རེད། དེང་སང་ལྷ་སྒྲུང་བཤད་པའི་དུས་དེ་ཡོལ་ཟིན་པ་རེད།
་་་་་་་་་་་་་ བཏགས་ནི་འཐག་པའི་འདས་ཚིག་རེད། དོན་ནི་རས་ཁ་གང་བཏགས་ཏེ་ཕུལ་བ་ལ་ཚིག་བསྡུས་ནས་ཁ་བཏགས་ཤེས་མིང་བཏགས་པ་རེད། ་་་་་་་་་་་་་་་་་་་་
ཁ་བཏགས་ཀྱི་མིང་ལ་ཟུར་བཞི་དང་། ཟུར་ཕྱེད་གཉིས་ཀྱང་ཡོད་པ་རེད།
ཁ་བཏགས་འབྱུང་ཁུངས་ནི་ཝ་ར་ཎ་སི་ཡིན་པ་རྩོད་མེད་མེད་རེད།
གངས་ལ་་་ཁ་བ་་་དང་་་ཁཱ་་་ལབ་སྲོལ་ཡོད་པའི་་་ཁ་་་ཞེས་པའི་གོ་དོན་དེ་ག་འདྲ་ཞིག་ལ་གོའམ།
སྟོད་སྐད་དུ་སེར་བའི་རིལ་བུ་ལ། ཁ་ཏ་རིལ་ལི་་་ཡང་ལབ་སྲོལ་འདུག །
བལ་དར། ཞེས་པར་དོགས་གཅོད་ཞུ་ན། ལ་དྭགས་ཕལ་སྐད་འགའ་རེར་སྦ་དར་ཞེས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་ཐར། ༧རྒྱལ་བ་སྐུ་འཕྲེན་བརྒྱད་པས་མཛད་པ་སྤར་མ་ཤོག་གྲངས་༡༢པའི་མདུན་སྤ་དར་ཞེས་པ་ཡོད་ཅིང་། དེ་དག་ཀྱང་། བལ་དར་ཞེས་པ་སྐད་འགྱུར་བའི་དབང་གིས་སྦ་དར་དང་། སྤ་དར་ཞེས་ཆགས་པར་སེམས། དེ་ཡང་བལ་དཀར་རམ་། རས་དཀར་སོགས་ཕུལ་ནས་སམ་སྟེར་ནས་བྱ་བ་དར་བའམ་རྒྱས་པར་ཤོག ཅེས་སྨོན་བྱ་ཚིག་གི་མིང་རྒྱུ་ལ་ཐོགས་པར་མ་ཟད། ཕྱིས་སུ་གོས་ཆེན་ཡིན་ནོ་ཅོག་དར་ལས་གྲུབ་པ་ཡིན་ཟེར་དགོས་པ་བྱུང་། དྲ་གྲོགས་དཔྱོད་ལྡན་ཀ་རྡོ་གཉེར་ཕྱག་པ་སོགས་བློ་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་དཔྱད་པར་མཛོད།
སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་ད་ེཧ་ཅང་བདེན་པ་རེད། ཤོག་ཉོག་མང་པོ་གནམ་མཁར་གཏོར་ནས་ཀླུང་རྟ་བསྐྱེད་པར་འདོད་པ་ནི་བན་བོན་གང་གི་ལུགས་ཡིན་པར་སེམས། དེ་ནི་ཕལ་ཆེར་རྒྱ་མི་ཚོས་ཤོག་བུ་མང་པོ་ཞིག་མེར་བསྲེགས་ནས་ལྷ་གསོལ་སྟངས་ཞིག་འདུག ཕལ་ཆེར་དེ་ཚོ་ལ་མིག་ལྟོས་བྱས་པ་ཡིན་པར་ངེས། ད་དུང་བོད་མི་འགས་ལྷ་གསོལ་དུས་ཤོག་སྦག་མང་པོ་སྤར་གི་འདུག་དེ་ཡང་བོད་པའི་ལུགས་སྲོལ་མིན། གང་ལྟར་རང་འབྱུང་ཁོར་ཡུག་ལ་གནོད་སྐྱོན་དུ་འགྲོ་བ་དང་སྐྱེ་འགྲོ་སེམས་ཅན་ལ་གནོད་འཚེར་འགྲོ་བའི་བག་མེད་རྣམ་གཡེང་གི་ལས་ལ་དུས་དང་རྣམ་པ་ཀུན་ཏུ་འཛེམས་གལ་ཆེ་བའོ། མཐོ་སྒང་བོད་ཀྱི་ས་ཆར་ཤོག་བུ་དང་འགྱིག་དང་ཤེལ་དམ་དང་ལྕགས་རིགས་དང་རས་གོས་དང་ཆུ་ཤོག་སོགས་གད་རྙིག་གི་རིགས་གང་བྱུང་དུ་གཏོར་བ་དང་གཡུག་བ་ནི་དུས་ནམ་ཡང་བྱ་མི་རུང་ངོ་། །
བོད་ཡིག་ཐོན་མིས་བཟོས་པ་རེད། ཅེས་པ་ལྟར། ཁ་བཏགས་བོད་མི་གཅིག་གིས་གསར་གཏོད་བྱས་པ་རེད་ཅེས་སུས་ཀྱང་ཤོད་དཀའ། ཁ་བཏགས་རྒྱ་གར་ནས་དར་བའི་དབང་དུ་བྱས་ན། ནང་པའི་ཐེག་ཆུང་པ་རྣམས་ཀྱིས། ཁ་བཏགས་མི་བཀོལ་དེ། དིང་སང་མངོན་སུམ་ཚད་གྲུབ་ཏུ་གྲུབ།
འོ་ན་ཐེག་ཆེན་པ་ལྟར་བྱས་ན། པཎ་ཆེན་ནོ་རོས། རྗེ་བཙུན་ཏེ་ལོ་པ་ཐོག་མར་མཇལ་དུས་ཁ་བཏགས་ཅིག་གྲ་སྒྲིག་གནང་ཡོད་དམ་མེད་དཔྱད་དགོས་ལ། གལ་སྲིད་མེད་པར།
རྗེ་མར་པས་བོད་ནས་རྒྱ་གར་དུ་ཆོས་འཚོལ་དུ་ཕེབས་དུས། རྒྱ་གར་ལུགས་ལ་མེད་ཀྱང་། བོད་རང་ལུགས་ལྟར། མར་པས་གསེར་གྱི་མནཌལ་མཉམ་དུ་བོད་ཀྱི་ཁ་བཏགས་སམ། བལ་གོས་དཀར་པོ་འདྲ་ཕུལ་ཡོད་ན་ནི། ཁ་བཏགས་ནི། བོན་བན་གང་རུང་གི་བོད་ཡང་མེས་ཀྱི་སྲོལ་རྙིང་ཞིག་ཡིན་ངེས་ཀྱང་། ཁུངས་བཙུན་པ་ནི་མཐོང་མ་སོང་བས། འདི་ཙམ་ལས་ཤོད་དཀའོ།།