རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།། དེ་ཡང་། ཉིན་འདི་གའི་རང་ངས་དྲ་ལམ་ནས་བོད་ནང་གི་གར་སྟེགས་འདྲ་མིན་དང་། མགྲོན་པོ་གལ་ཆེན་ལ་སྣེ་ལེན་བྱེད་ས་སོགས་དུ་མ་ཞིག་ནས་ཁ་བཏགས་ཁ་དོག་འདྲ་མིན་སྤྱད་པ་ཙམ་མིན་པར། ད་དུང་གོས་ཆེན་ཡུག་རེ་ཙམ་ཁ་བཏགས་བྱས་ནས་མགུར་ལ་སྒྲོན་པ་སོགས་ཀྱི་པར་རིས་ཁག་ཅིག་མཐོང་བྱུང་ལ། མིག་ལ་མ་བདེ་བ་དང་ཡིད་ལ་མ་འཐད་པ་ཞིག་ཀྱང་བྱུང་། རྒྱུ་མཚན་དེ་འདྲ་ཞིག་ལ་རྐྱེན་བྱས་ཏེ་དེ་རིང་འདི་ནས་ངས་ཁ་བཏགས་ག་འདྲ་ཞིག་བེད་སྤྱོད་བྱེད་འོས་པ་སོགས་ཀྱི་ཐད་བསམ་ཚུལ་ཉུང་ཉུང་ཞིག་ཞུས་ན་སྙམ།
ཡར་སྔོན་ཞིག་ལ། ཨ་རིའི་རླུང་འཕྲིན་ཁང་གི་དྲ་སྣང་གི་བོད་ཀྱི་ལེ་ཚན་དུ་བོད་པ་ཞིག་གིས་ཁ་བཏགས་དཀར་པོ་རང་བེད་སྤྱོད་དགོས་ལུགས་ཀྱི་རྒྱུ་མཚན་འགའ་རེ་དྲངས་ཏེ་ཐུགས་ཚོར་ཆེན་པོས་བཀའ་མོལ་གནང་མཁན་ཞིག་བྱུང་བ་རེད། ཁོང་གི་སྐད་ཆས་ཀྱང་ང་ལ་བརྗོད་གཞི་དེའི་ཕྱོགས་ལ་དོ་སྣང་འདྲེན་པའི་རྐྱེན་བྱས་བྱུང་།
བོད་ཀྱི་ཁ་བཏགས་དཀར་པོ་ཡིན་འོས་པ་ནི་ཏན་ཏན་རྒྱབ་ལྗོངས་ཡོད་པ་ཞིག་རེད་ཅེས་ལབ་ཐུབ། དེ་ཡང་དཀར་པོས་མི་རིགས་ཤིག་གིས་ཁ་དོག་ལ་འཛིན་པའི་རིན་ཐང་མཚོན་ཞིང་། བོད་ནི་དཀར་པོ་དམིགས་བསལ་བཀྲ་ཤིས་པའི་རྟགས་སུ་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ངེས་པ་དཔེར་ན། གངས་དཀར་པོ་དང་། སྦྲང་དཀར་རྩམ་པ། ཞིམ་མངར་འོ་ཇ་སོགས་དཀར་པོ་ཡིན་པ་དང་། དཀར་ཕྱོགས་ཀྱི་ལྷ་དང་། ཆབ་སྲིད་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར་བ། ནག་ཉེས་མེད་པའི་དཀར་འདོན་བྱས་པ་སོགས་ཤིན་ཏུ་མིང་བའི་ཐ་སྙད་ཀྱི་ཁྱབ་ཁོངས་སུའང་དཀར་པོ་རང་མང་བ་ཡོང་གིན་ཡོད། འདི་དང་དར་དཀར་པོ་གཉིས་ལ་འབྲེལ་བ་ཆེན་པོ་ཡོད་སྲིད་པ་ཞིག་རེད། ཁ་བཏགས་དཀར་པོ་སྒྲོན་པ་དང་འབུལ་བ་འདིས་དྭངས་གཙང་ལྷད་མེད་ཀྱི་སེམས་པ་དང་ལ་རྒྱ་མཚོན་གྱི་ཡོད།
ད་དུང་རས་དཀར་གྱི་འབུལ་རྟེན་གྱི་མཐའ་འདེགས་པ། བལ་བསྟན་དཀར་པོ་དང་འབྲས་དཀར་གྱི་གཡུང་དྲུང་སོགས་ཀྱིས་བག་གསར་ལ་རྟེན་འབྲེལ་བྱེད་པ། མཆོད་རྟེན་ལ་རྩི་དཀར་བྱུགས་ཏེ་དུས་ཆེན་གྱི་རྣམ་པ་མཚོན་པ་སོགས་ལ་ཉེ་བཟང་པོ་ཧ་ཅང་མང་པོ་དེ་དག་ཀྱང་དཀར་པོ་དང་འབྲེལ་བ་ཡོད་པ་ཞིག་རེད།
དེ་བཞིན། གླིང་གེ་སར་གྱི་སྒྲུང་དུའང་དམིགས་བསལ་ལྷ་ཀླུ་གཉན་གསུམ་སོགས་མཚོན་བྱེད་དར་སྣ་ལྔ་བ་སོགས་འབྱུང་བ་ཙམ་ལས་སྤྱིའི་ཆ་ནས་ནི། དར་དཀར་པོ་དྲི་མ་མེད་པ་ཞིག་བཏོན་ཏེ། ཞེས་དང་། དར་དཀར་སྲིད་ན་རིང་བ་ཞིག་མདུན་དུ་བཞག་སྟེ། ཞེས་པ་ལྟ་བུ་ཁོ་ན་འབྱུང་བ་ཚང་མས་ལོས་མཁྱེན། གེ་སར་གྱི་སྒྲུང་ནི་གནའི་བོད་མདོ་ཁམས་ཀྱི་མི་དག་གི་འཚོ་བའི་བསྡུས་གཟུགས་གསོན་པོ་ཡིན་པའི་ཆ་ནས་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེ།
ད་དུང་། སྔོན་གྱི་ཆབ་ཤོག་ཆེན་པོ་དག་གི་དཔེར་བརྗོད་དུའང་། རབ་དཀར་ལྷ་རེག་བཅས་ཞེས་པ་ལྟ་བུའི་མཚོན་དཀར་པོ་ཁོ་ན་དང་འབྲེལ་བ་མ་གཏོགས། དབང་མདོག་དང་། དབང་སྔོན་མདངས་འཛིན་ལྟ་བུའི་བརྗོད་ཚིག་གིས་ཁ་དོག་གཞན་སྤྱད་པ་མཐོང་དཀའ། དེས་ན་འདི་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡང་འདུག
བོད་སྐད་ཀྱི་བསམ་དཀར་དང་སེམས་དཀར་ལྟ་བུ་རྒྱ་ཡིག་ཏུ་བསྒྱུར་ན་བསམ་བཟང་དང་སེམས་བཟང་གི་ཚིག་རང་བེད་སྤྱོད་མ་བཏང་བར་ཐད་དཀར་དཀར་པོ་རང་ལ་བསྒྱུར་ན་གོ་དོན་མི་སྟོན་པ་ཡིན་མོད། བོད་ལ་དཀར་པོ་ནི་དགེ་བ་དང་བཟང་པོའི་ཚབ་བྱེད་པའི་མིང་ཚིག་ཅིག་ཡིན་སྟབས་གོ་དོན་སྟོན་པ་ལ་དཀའ་ཚེགས་མེད་པ་ཙམ་དུ་མ་ཟད་ཤིན་ཏུ་འབྱོར་བའི་ཚིག་ཅིག་ཡིན། འདི་ཡང་ཕན་ཐོགས་ཡོད་པའི་དཔྱད་ཐབས་ཤིག་ཡིན།
ཁྱད་པར་དུ་དེང་སང་གི་དུས་འདིར་ཡང་། ༧གོང་ས་ཡིད་བཞིན་ནོར་བུས་འཛམ་བུ་གླིང་གི་ཆེ་རྒུ་སུ་ཞིག་དང་མཇལ་འཕྲད་གནང་སྐབས་ཀྱང་ཁ་བཏགས་དཀར་པོ་རང་བེད་སྤྱོད་གནང་གིན་ཡོད་ཅིང་། འབྲེལ་ཡོད་གཞུང་ས་སོགས་ཀྱང་དེ་ཁོ་ན་ལྟར་ཡིན་པ་འདིར་དོ་སྣང་བྱ་རིན་ཡོད་པ་ཞིག་ངེས་པར་རེད།
མཐོང་སྣང་ལ་ཡང་། རྒྱུ་སྤས་དང་ཆེ་ཆུང་སོགས་གང་གི་ཆ་ནས་ཧ་ཅང་ཐལ་ཆེ་བའི་ཁྲ་ཁྲ་ཤིག་ཤིག་རང་ཆགས་ན་དོན་དངོས་ཀྱི་སྤུས་ཚད་དམའ་རུ་འགྲོ་བ་ཡིན་ཞིང་། མཚོན་དོན་མི་གསལ་བ། ཕར་ལྟ་སར་ཡང་མཐོང་ཚུལ་མ་ལེགས་པ་དང་རྗེས་ལུས་དང་རིག་གཞུང་གི་ཆུ་ཚད་དམའ་བ་སོགས་ལྡོག་ཕྱོགས་ཀྱི་ལྟ་ཚུལ་བསྐྱེད་སྲིད་ལ། དོན་དངོས་ཀྱི་རིན་ཐང་བརླགས་རྒྱུའི་ཉེན་ཁ་མེད་པ་མིན།
དེས་ན་མི་ཆེན་དང་ཤུགས་རྐྱེན་ཡོད་པ་དག་གིས་ངེས་པར་དུ་ད་ནས་དམིགས་བསལ་སྣ་ཁ་མང་པོ་བེད་སྤྱོད་དགོས་པ་སོགས་མིན་པའི་སར་ཁ་བཏགས་ནི་དཀར་པོ་རང་བེད་སྤྱོད་གནང་ན་ཤིན་ཏུ་འཚམས། རྩ་བས་དཀར་པོ་ཡིན་ན་ཡང་ཚོན་ཁྲ་སྣ་མ་སྣ་ཚོགས་བྱེད་པ་འདིའང་ཆེར་མི་ལེགས།
དེ་བཞིན། ཁ་བཏགས་ལ་ངོ་བོའི་ཆ་ནས། མཇལ་དར། འབུལ་དར། མགྲོན་དར། འཚམས་དར། རྫོང་དར། འཛོམས་དར་སོགས་ཀྱི་དབྱེ་བ་ཡོད་ཅིང་། བླ་མ་དང་དཔོན་པོ་ལ་མཇལ་དར། དགེ་འདུན་པར་སྐུ་མགྱེད་སོགས་འབུལ་རྟེན་འདེགས་བྱེད་འབུལ་དར། སྐུ་མགྲོན་ཕེབས་གསུ་ལ་དགའ་བསུའི་མཚོན་བྱེད་མགྲོན་དར། གཞན་གྱི་ནང་ལ་རྐྱེན་ཆག་བྱུང་བར་ཐུགས་གསོའི་ཆེད་དང་། ཡང་སྨན་ཁང་དུ་ནད་པར་འཚམས་འདྲི་བྱེད་པའི་ཅ་དངོས་སམ་ཤོག་ཁུག་སོགས་དང་མཉམ་དུ་ལྕིབས་ཏེ་སྤྲོད་པ་འཚམས་དར། ནང་མིའི་སློབ་ཕྲུག་ཐག་རིང་གི་སློབ་གྲྭར་སྐྱེལ་བ་ལྟ་བུར་གནམ་ཐང་ནས་སྐྱེལ་མ་བྱེད་པ་ལྟ་བུ་རྫོང་དར་། བཙོན་གྲོལ་ཐོབ་པ་དང་ཡུན་རིང་བྲལ་བའི་གྲོགས་དགའ་མཛའ་སོགས་སླར་འཛོམས་སྐབས་སྒྲོན་པའི་འཛོམས་དར་སོགས་ཏེ།(ཐ་སྙད་འདི་དག་ཁུངས་དང་རྒྱུ་མཚན་ངེས་ཅན་ཡོད་པའི་ཐོག་ནས་བཏགས་པ་ཡིན་ན་ཡང་ཚང་མ་དོན་ལ་འབྱོར་མིན་སོགས་དཔྱོད་ཅིག)སྒྲོན་སྟངས་ཀྱི་ཆ་ནས་ཀྱང་། བླ་མ་སོགས་རང་ལས་རྒན་པར་མདུན་དམའ་བ་ནས་འདེགས་པ། ཐོབ་ཐང་འདྲ་མཉམ་གྱི་མཇལ་འཕྲད་ལྟ་བུར་ཕན་ཚུན་རྩེ་སྤྲོད་བྱེད་པ།
ཡང་སྤྱིར་བཏང་གྲོགས་པོ་ལ་མགྲོན་དར་ལྟ་བུར་ཐད་ཀར་མགུར་དུ་སྒྲོན་པ། དེ་བཞིན་ཁ་བཏགས་ཕྱིར་སློག་དགོས་པ་དང་མི་དགོས་པའི་སྐབས་སོགས་ལ་ཡང་དེ་བཞིན་རྟེན་འབྲེལ་གྱི་ས་རྒ་མ་ལོག་པ་དང་། རིག་གཞུང་གི་འགང་མ་ཉམས་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཏེ། འདིའི་ཐད་ད་དུང་ཞིབ་འཇུག་གི་ལམ་ནས་མཐུས་སྒོ་ཚང་དུ་གཏོང་འོས་པའང་ཡོད་ངེས་ཏེ། ཁ་བཏགས་ནི་བོད་རིག་པའི་ཁྱབ་ཁོངས་སུ་བོད་ཀྱི་རིག་གནས་ཀྱི་སྣང་ཚུལ་གལ་ཆེན་ཞིག་ཆགས་ཡོད་པས་སོ། །
འོན་ཀྱང་བརྗོད་གཞི་ཕྱི་མ་འདི་དེ་རིང་གི་བརྗོད་གཞི་གཙོ་བོ་མིན་པས་དེ་ཙམ་གྱིས་འཐུས་པར་བྱས་སོ།།
ཞེས་པ་འདི་ཡང་། སྤྱི་ལོ་༢༠༡༥ ཟླ་༧ ཚེས་༡༩ དགེ་བར། བོད་རང་གི་ལེགས་བྱང་བཟང་པོ་ལ་གཅེས་ཤིང་བརྩེ་བའི་བསམ་པ་དགེ་བ་ཅན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་མ་ལེ་ཤི་ཡའི་རྒྱལ་ས་དང་ཁད་ཉེ་བའི་སྒར་ཁུལ་ཞིག་ཏུ་ཉིན་གུང་གི་ཆ་ལ་བྲིས་པ་དགེའོ།།
ཁ་བཏགས་ཀྱི་སྐོར་སྔོན་ཆད་མང་བོ་གླེང་ཟིན་པ་ཡིན། དེ་དཀོན་མཆོག་གིས་བཟོས་པ་མིན་ཙང་འགྱུར་བ་བཏང་མི་ཆོག་པ་ཅང་ཨེ་ཡོད་སྙམ། ཁ་བཏགས་ནི་རས་ཁ་གང་བཏགས་པས་ན་ཁ་བཏགས་ཅེས་ཚིག་བསྡུས་པ་རེད། དེ་ཡང་རྒྱ་ནག་ནས་གཏགས་པ་རེད། རྗེས་སུ་རྒྱ་གར་དང་། དེ་སང་གང་སར་འཐག་གིན་ཡོད་རེད།
སྔོན་ཆད་གོས་ཆེན་ཟེར་ན་ལྷ་ཡི་མནབ་བཟའ་དང་མཆོད་རྫས་ལ་བེད་སྤྱོད་བྱེད་པ་རེད།
དིང་སང་རླངས་འཁོར་དང་མི་དཀྱུས་མ་ལ་ཡང་གོས་ཆེན་གཡོགས་པ་མཐོང་། ད་ཡིན་ན་དུས་དེ་འདྲ་ཞིག་གི་མཚམས་ལ་སླེབས་པ་འདྲ། ཁྱད་ཆོས་གསུམ་་ལྡན་གྱི་རིག་གཞུང་ཟེར་བ་འདི་ཡང་ཡུལ་དུས་དང་བསྟུན་ནས་འགྱུར་འགྲོ་བ་ཆོས་ཉིད་ཡིན་པས་ཐུགས་གཡེང་མ་གནང་རོགས
བསམ་ཚུལ་བཤད་པ་ཡིན།
དེང་སྐབས་མིའི་ཁམས་དང་གཤིས་ཀ་འགྱུར་འགྲོ་བཞིན་པ་དང་དུས་མཚུངས། ཁ་བཏགས་ཀྱི་མཚོན་དང་རྒྱུ་ཆ་ཡང་འགྱུར་ན་ཅི་མི་ཆོག། མ་གཞི་ཁ་བཏགས་སྤྱོད་པའི་དོན་གོ་ཆེ་རྒྱུ་མེད་ཁར་རྒྱུ་འགྲོན་དང་ལས་ལྷག་བཅས་ཀྱིས་བག་མེད་དང་དགོས་མེད་ཀྱི་ལས་ཞིག་པས་འདི་བེད་མ་སྤྱོད་ན་བཟང་།
སྐྱག་པ་གཏོང་སྟངས་ཤིག་བཤད་དགོས་ནའང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བ་ནས་འགོ་རྩོམ་དགོས་པ་ཨེ་རེད་རྫ་ཚེ་ལགས།
ཅོག་མི་ལགས། སྐྱག་པ་གཏོང་སྟངས་དང་འཕྲོད་བསྟེན་འབྲེལ་བ་ཆེན་པོ་འདུག ཆུང་དུས་ང་ཚོ་གྲོང་ཆོག་ལ་འགྲོ་བ་དང་ཁྱིམ་ཚང་རྒྱུས་མེད་དུ་འགྲོ་བ་སོགས་ཀྱིས་ཡུན་རིང་སྐྱག་པ་སྲན་ནས་བསྡོད་པ་དང་། དགེ་རྒན་གྱིས་དགེ་ཕྲུག་ཚོར་གཅིན་སྐྱག་གཏོང་སར་ཡུན་རིང་མི་མངགས་པ། དེ་བཞིན་སྐྱག་པ་ལྷོད་ལྷོད་བྱས་ནས་མ་བཏང་བས་སྒྱུ་མའི་ཁུག་མགོ་དག་ན་ལྷག་བསྡད་པ་ང་ཚོའི་ལྟེ་བའི་གཡས་གཡོན་ལ་འཛུབ་མོས་མནན་ན་དམིགས་གསར་ངོ་གཉེར་དགོས་པའི་གནོང་དང་གཟེར་མིག་ཡོད་པ་འདི་རིགས་སྐྱག་པ་གཏོང་སྟངས་མ་འགྲིག་པ་དང་འབྲེལ་བ་ཡོད། འདིའི་རིགས་ལ་རྩོམ་ཞིག་བྲིས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་འབྲི་དགོས་ངེས་རེད། ཧཧཧཧ
ཁ་བཏགས་དཀར་པོ་འམ་་དར་དཀར་དགོས་པ་གལ་ཆེན་རེད་འདུག དཀར་པོ་དེ་བོད་རིགས་ཙམ་མ་ཡིན་པ་མི་རིགས་ཚང་མས་ཡག་པོ་མཚོན་བྱེད་རེད་འདུག
ཁ་བཏགས་དང་པོ་གང་ནས་བྱུང།།
ཁ་བཏགས་དང་པོ་ལུག་ནས་བྱུང།།
གཡང་དཀར་བལ་འདབ་བསྣར་ལས་བྱུང།།
བལ་འདབ་སྤྲིན་གྱི་ཕུང་པོ་ལ།།
དཀར་སེར་ཚོས་ཀྱིས་བཙོས་པ་ལས།།
ཁ་བཏགས་ཁ་དོག་སྣ་ཚོགས་བྱུང།།
དཀར་བཟང་སྔོ་ངན་བསམ་བློ་དེ།།
རང་རྒྱུད་རྣམ་རྟོག་ངན་ལས་བྱུང།།
ལྔ་ལྡན་འཇའ་ཚོན་མིག་གི་རྒྱན།།
དེ་ལ་བཟང་ངན་ཡོད་མ་ཡིན།།
དཀར་པོ་གོ་འབྱེད་ནམ་མཁའི་མདོག
ལྗང་ཁུ་འདེག་བྱེད་རླུང་གི་ཁམས།།
དམར་པོ་སྨིན་བྱེད་མེ་ཡི་མདངས།།
སྔོན་པོ་སྡུད་པར་བྱེད་པ་ཆུ་ཡི་དང།།
སེར་པོ་ཐེག་ཆེན་ས་ཡི་ཁམས།།
དེ་ལ་བཟང་ངན་ཡོད་དམ་ཅི།།
ནུབ་ཕྱོགས་གངས་ཕྲུག་ལགས།
ནག་པོ་རྒྱ་ཡི་ཡུལ་གྱི་དུར་མཆོད་སྐབས།
མགོ་ལ་དར་དཀར་བསྡམས་ནས་མྱ་ངན་བྱེད།
ལུས་ལ་གོས་དཀར་གྱོན་ནས་ངུ་འབོད་བྱེད།
དར་དཀར་གོས་དཀར་མྱ་ངན་མཚོན་ཆེད་རེད།
དཀར་པོ་རྒྱ་ཡི་ཡུལ་གྱི་ཡུགས་མོ་ལ།
སྲ་རས་དཀར་པོ་མ་གཏོགས་གྱོན་དབང་མེད།
སྲ་རས་དཀར་པོ་ཡུགས་ས་མ་ཡི་གོས།
བཀྲ་མ་ཤིས་པའི་མྱ་ངན་མཚོན་ཆེད་རེད།
ཁ་དར་ནག་པོ་ཁ་ཆེར་དགོས། ཁ་དར་སེར་པོ་བོད་པར་དགོས། ཁ་དར་དཀར་པོ་རྒྱ་གར་དགོས། ཁ་དར་སྔོན་པོ་བོན་ལ་དགོས། ཁ་དར་དམར་པོ་རྒྱ་དམར་ལ་དགོས།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཧ་ཅང་ལེགས་པོ་གསུངས་འདུག
ཁ་ཐག་འགྱུར། དམུ་ཐག་འགྱུར། རང་བཙན་འགྱུར། དབུ་ལམ་འགྱུར།
སངས་རྒྱས་ཆོས་དངོས་མ་དེའི་བོད་ཀྱི་བླ་གྲུ་ཚོས་ཉམས་ལེན་བྱེད་ཐུབ་ཀིན་མེད། ཁ་བཏགས་ནི་དོན་དག་ཆུང་ཆུང་ཡིན།
རྒྱ་ཁོག་ནས་འདུག་རྒྱུ་མངས་དྲག་ནས་མདོག་ཅིག་ཁོ་ནའིwhole-colored(清一色)ལྟ་བ་ཤུགས་ཆེ་རུ་འགྲོ་གིན་འདུག དེ་ནི་རང་དབང་དང་མང་གཙོ་ལ་མི་ཕན་པའི་ལས་ཤིག་རེད། འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། མི་འདོད་བཙན་གྱིས་འཇུག་པའི་དོན་ཡང་མེད། ༧གོང་ས་མཆོག་གིས་འདི་གནང་བས་ང་ཚོས་འདི་བྱ་དགོས་ཟེར་ན་དངོས་གནས་དངོས་ཐོག་བདེན་འཚོལ་དང་འགལ་བ་མ་རེད་དམ་རྫ་ཚེ་ལགས།
ཅོ་རི་ལགས།
ནག་པོ་རྒྱ་ཡི་དུར་མཆོད་བྱེད་པའི་སྐབས།
ལུས་ལ་ནག་པོ་གྱོན་ནས་མྱ་ངན་བྱེད།
རྒྱ་གར་འཕགས་པའི་ཡུལ་དུ་དུར་མཆོད་སྐབས།
གོས་དཀར་གྱོན་ནས་མྱ་ངན་བྱེད་པ་ཡིན།