བློ་གྲོས་རབ་བརྟན།
ང་སྐྱེ་ས་ནི་བོད་ཡུལ་རེད། བོད་ཡུལ་ནི་ཁ་བཏགས་ཀྱི་ལུང་པ་རེད། ང་སྐྱེས་ཉིན་ནས་བཟུང་ང་ཁ་བཏགས་དང་འབྲེལ་ཡོད། ང་ལ་བར་ཆད་མེད་ཕྱིར། དྲིན་ཕ་མ་དང་ནང་མིས་ཁ་བཏགས་འཐེན་ཏེ་མཆོག་གསུམ་ལ་གསོལ་བ་བཏབ། ངའི་གཉེན་ཉེ་ཚོས་ཁ་བཏགས་འཐེན་ནས་ང་སྐྱེས་པར་དགའ་སྤྲོ་བྱས། དེ་དུས་ང་ལ་བསྐོན་པ་དང་ལྷ་ལ་འཐེན་པའི་ཁ་བཏགས་ནི་དཀར་པོ་རེད།
ང་འཚར་ལོངས་བྱུང་། དྲིན་ཕ་མས་ཁ་བཏགས་བསྐོན་ཏེ་སློབ་གྲྭར་བསྐྱལ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ཆོས་ལུགས་ཀྱི་དུས་ཆེན་མང་པོ་ཕ་མ་དང་མཉམ་དུ་དགོན་པར་བསྐྱོད་དེ། ཁ་བཏགས་འཐེན་ཏེ་དགེ་སྒྲུབ་བྱས། དེ་དུས་སྐུ་གསུང་ཐུགས་རྟེན་དང་བཞུགས་ཁྲི་དག་གི་མདུན་ན་སྤུངས་པའི་ཁ་བཏགས་ནི་དཀར་པོ་རེད།
ང་སློབ་གྲྭ་མཐར་ཕྱིན། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་རྒྱུས་མངའ་ཕྲན་བུ་ཆགས། ཁ་བཏགས་སྐོར་ལ་བསམ་བློ་བཏང་། ཁ་བཏགས་དཀར་པོ་དེས་བོད་མི་རིགས་ཀྱི་གཡོ་སྒྱུ་མེད་པའི་སེམས་པ་མཚོན་འདུག་བསམ། ད་དུང་བོད་ཡུལ་དུ་གངས་རི་མང་ལ། ཁ་བའང་འབབ། ཕྱིའི་ཁོར་ཡུག་གི་མཛེས་སྡུག་དང་ཁ་བཏགས་བར་ཡང་འབྲེལ་བ་རེ་ཡོད་རྒྱུ་རེད་བསམ།
ང་སྐྱབས་བཅོལ་དུ་བསླེབས། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དྲོན་པོ་དང་མཇལ། ངས་ཁ་བཏགས་དཀར་པོ་འདོམ་གང་བཟུང་ནས་ཞབས་རྡུལ་སྤྱི་བོས་བླངས། ངའི་སེམས་སུ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཡིན་ལ། ངས་བཀྱགས་པའི་ཁ་བཏགས་དེ་ཡང་དཀར་བོ་ཡིན་པས། བླ་མ་དང་སློབ་མའི་བར་ལ་རྟེན་འབྲེལ་བཟང་བོ་བརྩིས།
འོན་ཏེ་ལོ་འགའི་སྔོན་ནས། ངའི་ཁ་བཏགས་དཀར་པོ་ཇེ་ཉུང་རེད། ཁ་བཏགས་ཁྲ་ཁྲ་དང་སྔོན་པོ། སེར་བོ་མང་པོ་འདུག བོད་ནས་དར་ཏེ་བཙན་བྱོལ་དུ་བསླེབས་པ་འདྲ། བོད་ནས་ཡོང་མཁན་ཚོས་ཁྱེར་ཡོང་བའང་མཐོང་། ངའི་སེམས་སུ་ཁ་བཏགས་ནི་དཀར་པོ་ཡིན་ལ། བོད་མི་ཚོའི་སེམས་པའི་མཚོན་དོན་དང་། ངོ་རྟགས་གཙོ་བོ་ཞིག་ཀྱང་ཡིན་པས་ན། རྒྱུ་མཚན་གང་གིས་བོད་མི་ཚོས་རང་གི་ངོ་རྟགས་དེ་སྒྱུར་གྱིན་ཡོད།
བོད་ཡུལ་ཉམས་བཞིན། བོད་མི་ཚོ་འཐོར་བཞིན་པའི་སྐབས། ངའི་ཁ་བཏགས་དཀར་པོའི་ཚེ་སྲོག་ལའང་ཉེན་ཁ་སླེབས། འོན་ཏེ་ཉེན་ཁ་དེ་ཕྱིའི་རྐྱེན་ཁོ་ན་མ་རེད་ལ། གཙོ་བོ་ནང་རྐྱེན་རེད། འོན་ཏེ་རང་ངོས་ནས་ཁ་བཏགས་དཀར་པོའི་ཚེ་སྲོག་སྐྱོབ་ཕྱིར། ང་མ་འཆི་བར་དུ་ཁ་བཏགས་དཀར་པོ་སྤྱོད་རྒྱུ་ཡིན།
བློ་གྲོས་རབ་བརྟན་ལགས་ཀྱི་རྩོམ་ཡིག་ལ་ནང་དོན་ཟབ། མུ་མཐུད་འབྲི་རོགས་གནང་།