རང་ལུས་མེ་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གླུ་དབྱངས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་སྲེག་གནང་མཁན་གྱི་དཔའ་བོ་༡༥༨ལ་ཕུལ་བའི་གླུ་གཞས་གསར་ཤོས་<<ཁ་བའི་མེ་ལྕེ།>> བོད་མི་རིགས་དང་། བོད་རྒྱལ་ཁབ་ཀྱི་ཆེད་དུ། བོད་ཀྱི་ཆོས་རིག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ། བོད་ཕྱི་ནང་གཉིས་སུ་དཔའ་བོ་བརྒྱ་དང་ལྔ་བཅུ་ང་བརྒྱད་ཀྱིས། རང་གི་གཅེས་པའི་ཚེ་སྲོག་དང་། རང་གི་མི་ལུས་རིན་པོ་ཆེ་མེ་ལ་བསྲེགས་ནས་བོད་ལ་དྲག་གནོན་བཙན་འཛུལ་བྱེད་མཁན་གྱི་རྒྱ་ནག་གཞུང་ལ་ངོ་རྒོལ་གནངས་ཡོད་པ་དང་། འདི་ལྟ་བུ་ཞིག་ནི། ད་སྔ་ཡན་གྱི་འགྲོ་བ་མིའི་རིགས་ཀྱི་རང་དབང་འཐབ་རྩོད་དང་། “བཙན་རྒོལ་རྒྱལ་སྐྱོབས་”ཀྱི་ལེའུ་གང་དུའང་བྱུང་མ་མྱོང་བ་ཞིག་ཡིན་པས། ཕྱོགས་བཅུ་དུས་གསུམ་གྱི་བོད་མི་ཡོད་དོ་ཅོག་གིས། ཁོང་རྣམ་པའི་རླབས་ཆེ་བའི་མཛད་རྗེས་དེ་དག་དུས་ནམ་ཡང་སྙིང་ཁོང་རུས་པའི་གཏིང་ལ་བརྐོ་དགོས། ཁོང་རྣམ་པའི་མཛད་རྗེས་བླ་ན་མེད་པ་དེ་དག་ནི་དུས་ནམ་ཡིན་ཡང་། མི་རབས་ནས་མི་རབས་སུ། ཡིད་ལ་དམ་པོར་བཅང་དགོས། བཅངས་ནས་ཁོང་རྣམ་པའི་ཕུགས་འདུན་དེ་དག་མངོན་དུ་འགྱུར་བ་ལ་ང་ཚོས་འབད་པ་དུས་རྟག་ཏུ་བྱ་དགོས་སྟབས། ཐེ་ཝན་དུ་གནས་སྡོད་བོད་ཀྱི་གཞས་པ་ལྷུན་གྲུབ་ལགས་ནས། ཆེས་བཀུར་བར་འོས་པའི་དཔའ་བོ་བརྒྱ་དང་ལྔ་བཅུ་ང་བརྒྱད་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་སྲེག་གནངས་པ་དེ་རྗེས་དྲན་སླད། ཁ་བའི་མེ་ལྕེ་ཞེས་པའི་གླུ་དབྱངས་གསར་པ་བཏོན་ཡོད་པ་འདི། རང་རེའི་ཁ་བ་རི་བའི་སྤུན་ཟླ་ཕོ་མོ་རྣམས་ཀྱི་དར་ལུང་སྙན་གྱི་བུ་གར་འབུལ་ལོ། །