མེ་སྟག་མཆེད་པའི་རླབས་རྒྱུན་ཞིག་གིས་ཆུ་ཡི་འཇིག་རྟེན་གཡོ་བར་བྱས།།
ཕྱོགས་དང་མཚམས་ཀྱི་ཆུ་ཟེགས་རེ་རེ་ནམ་མཁའི་མཐོངས་ན་ལྡིང་ཞིང་འཁོར།།
ནམ་ཟླ་འཁྱགས་པའི་འགུལ་སྐྱོད་རེ་རེས་ཁ་བའི་དོག་པོ་ལྷུན་གྱིས་གྲུབ།།
སོལ་ལྟར་ནག་ཅིང་དུང་ལྟར་དཀར་བའི་ཆུན་པོ་རེ་རེའི་བབ་སྟངས་འདིས།།
མི་རིགས་ཤིག་གི་ལོ་རྒྱུས་བསྐྲུན་ཅིང་མཐའ་བཞིའི་རྒྱལ་ཁམས་གཉའ་ནས་བཀུག།
རི་བོའི་སྒང་དང་ལུང་གི་གཤོངས་ན་ལུག་རྫི་རྒན་པའི་ཀི་སྒྲ་ཡིས།།
གཅན་གཟན་རི་དྭགས་མཐའ་རུ་བྲོས་པའི་གནའ་གཏམ་རིང་མོ་ཐོས་པའི་དུས།།
གཡེང་ལ་ཤོར་བའི་སེམས་ཀྱི་རྟ་རྒོད་ལྕག་ཚན་རྣོ་མོས་སྐུལ་འདྲ་ཡང་།།
བུ་ཡུག་མཚུབ་མའི་འཇབ་རྒོལ་ཞིག་གིས་ཁ་བའི་འདམ་མ་རེ་རེ་བཞིན།།
ས་ཡི་སྙིང་དང་མཐའ་ཡི་རྒྱ་མཚོར་སྟིམ་ཚུལ་འདི་ཡིས་ཡིད་རབ་འཁྲུགས།།
ལ་ལའི་དུས་ན་ཁ་བ་སྐམ་པོ་མཐོ་སྒང་ཡུལ་ལུང་སོ་སོར་བབས།།
ལན་རེའི་བར་ན་ཁ་བའི་མེ་ཏོག་རྔ་མོང་དོག་པས་ཡུག་ཅིག་བརྫིས།།
མཚམས་རེའི་སྐབས་ན་ཁ་བའི་འདམ་མ་གཡུ་འབྲུག་འཕྲུལ་གྱིས་གཡོ་བར་བྱས།།
འབྱུང་བཞིའི་བཅུད་ཀྱིས་གཏན་ཞིང་བརྗིད་པའི་ཁ་བ་དཀར་པོའི་བྱུང་རབས་འདིས།།
གནམ་ས་གཉིས་པོ་ནམ་གནས་བར་ན་ཁ་བའི་རྟོགས་བརྗོད་རྒྱུན་མི་ཆད།།
ཁ་བའི་ཡོལ་བ་གོས་སུ་བཀླུབས་ཞིང་ཁ་བའི་འདབ་མ་ཟས་སུ་སྤྱད།།
དུས་བཞིའི་རླུང་གིས་འགྱུར་འགྲོས་འདི་ཡིས་མཐའ་ཡི་རྒྱ་མཚོིའི་དབུས་དང་འགྲམ།།
ཁ་བ་དཀར་པོ་ལྷབ་ལྷུབ་བབ་ཀྱིན་ཧི་མ་ལ་ཡའི་རི་རྩེར་འཕྱུར།།
མིག་གི་མདུན་དང་སྙིང་གི་དཀྱིལ་ན་ཁ་བའི་རྨི་ལམ་ཉིན་རེ་བཞིན།།
རྣ་བའི་གཏིང་ན་རླུང་པོའི་སྒྲ་ཡིས་ལན་རེ་མིན་པ་རྡུང་གིན་ཡོད།།
2012,12,10