ངས་ཆང་འཐུང་འདོད།
~ཁ་བའི་སྲས།
ང་ནི་སེམས་ནད་ཀྱིས་སྡོམ་པའི་མྱི་ཞིག་ཡིན།
ཡང་ན། ཁྲ་རྩ་འཁུམ་གྱིན་པའི་མི་ཞིག་ཡིན།
དེའི་ཕྱིར། ངས་ཆང་འཐུང་འདོད།
ངས་འཐོམ་ཡོམ་ཡོམ་གྱི་མི་འདི་དག་ལ་ཡང་ཆང་བླུད་འདོད།
ངས་ཆང་འཐུང་འདོད། ང་ཁྱེད་ཀྱི་མདུན་ན་དམར་རྗེན་དུ་ལངས་འདོད།
སྒྲིབ་བྱེད་ཀྱི་བག་ཆགས་དེ་དག་འུ་ཚོའི་བླ་སྲོག་འཐོར་བྱེད་ཅིག་མ་ཡིན་ནམ།
ངས་ཆང་འཐུང་འདོད། ངའི་བླ་ཁོག་ན་འབར་གྱིན་པའི་མེ་ལྕེ་ཡོད།
ངས་ནམ་མཁའ་ལས་གཞན་པའི་ནམ་མཁའ་གཞན་ཞིག་བཙལ་འདོད།
ངས་ཆང་འཐུང་འདོད། ངའི་བཟི་ཁ་མི་རིགས་ལ་ཕུལ་འདོད།
དོན་ངོ་མ་ཆང་ནི་ར་རོ་དང་བག་མེད་གཏན་ནས་མ་ཡིན།
མི་ཞིག་གི་སེམས་པ་དམར་པོའི་དན་རྟགས་ཡིན།
ངས་ཆུང་འཐུང་འདོད། ངའི་བཟི་ཁ་ཁྱེད་ཀྱིས་ཤེས་ན་འདོད།
<<ངས་ཆང་འཐུང་འདོད>>བཀླགས་པའི་མྱོང་ཚོར།
~སྤྲེལ་སྲིན།
སྔོན་འགྲོའི་སྐད་ཆ།
ང་རང་ལ་མཚོན་ན་ཁ་བའི་སྲས་ལགས་ཀྱི་སྙན་ངག་ནི་ལོ་མང་གཤིབ་པའི་ངོ་ཤེས་རྙིང་པ་ཞིག་ཡིན་ཟེར་ན་སྐྱག་རྫུན་མིན་མོད། ཡིན་ན་ཡང་ད་དུང་ཡང་ཁོང་གི་སྙན་ངག་དང་དེའི་བརྩེ་དུང་འགྲེལ་བརྗོད་བྱེད་པ་ནི་སླ་པོ་ཞིག་མིན། སྙན་ངག་འགྲེལ་བརྗོད་བྱེད་པ་ནི་མི་ཞིག་གི་སྤྱོད་པ་མཚམས་སྦྱོར་བྱེད་པ་དང་འདྲ་པོ་རེད། སྤྱིར་མི་ཞིག་མཚམས་སྦྱོར་བྱེད་པ་ལས་སླ་པོ་འམ་སྟབས་་བདེ་པོ་ཞིག་མཐོང་སྲིད་ཀྱང་དོན་དངོས་ཐོག་དེ་ནི་ནམ་ཡང་སླ་པོ་ཞིག་མིན་ཏེ་མྱི་སུམ་ཅུ་ལ་བསམ་པ་སུམ་ཅུ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཟེར་བའི་དཔེ་དང་འདྲ། སྙན་ངག་ཅིག་འགྲེལ་བརྗོད་བྱེད་པ་ནི་དེ་བས་ཀྱང་ཁག་པོ་རེད། གང་རེད་ཟེར་ན་ཀློག་པ་པོ་སོ་སོའི་གོ་བ་ལེན་སྟངས་མི་འདྲ་བ་དང་རྩོམ་པ་པོ་རང་རང་གིས་བཤད་སྟངས་མི་འདྲ་བའམ་བརྩེ་དུང་སྟོན་ཐབས་མི་འདྲ་བའི་རྒྱུ་མཚན་གྱིས་སྙན་ངག་གཅིག་ཀྱང་རིན་ཐང་མི་འདྲ་བ་རེ་ཡོང་གི་ཡོད་པ་ཐམས་ཅད་ཀྱིས་ཤེས་གསལ་རེད། དཔེར་ན་ཤེལ་ཕོར་ཞིག་གི་ནང་ཆུ་ཕྱེད་ཙམ་བླུགས་ནས་མི་གཉིས་ལ་མང་ཉུང་གི་སྐད་ཆ་འདྲི་ན་ལན་མི་འདྲ་བ་གཉིས་ཡོང་སྲིད་དེ་ནི་མིའི་བསམ་བློ་གཏང་སྟངས་མི་འདྲ་བས་རེད།
འདིར་གུས་པའི་གོ་བ་རྙེད་པ་དང་རྩོམ་པ་པོའི་བརྩེ་དུང་སྟོན་སྟངས་རྒྱ་ཆེ་བའི་ཀློག་པ་པོའི་གོ་བ་ལེན་སྟངས་ལ་ཕྱོགས་མི་འཐུན་པ་ཡོད་པར་ངེས་ཀྱང་དེ་ནི་ཉེས་པའམ་མ་འགྲིག་པ་སུ་གང་གི་ནོར་པ་ཞིག་རྩ་བ་ནས་མ་རེད་བསམ།
ནང་དོན་ནམ་བརྩེ་དུང་བསྟན་པ།
སྙན་ངག་གང་འདྲ་ཞིག་ཡིན་ན་ཡང་རྩོམ་པ་པོ་རང་ཉིད་ཀྱི་སེམས་ཀྱི་ཚོར་བ་མཚོན་ཐབས་བྱེད་ཀྱི་ཡོད་ལ་སྙན་ངག་དེས་སྙན་ངག་པའི་སེམས་ཀྱི་ཚོར་བ་མཚོན་ཡང་ཐུག<< ང་ཆང་འཐུང་འདོད།>>སྙན་ངག་འདི་ཡང་སེམས་ནད་ཀྱིས་སྡོམ་པའི་མི་ཞིག་གིས་རང་ཉིད་ཀྱི་སེམས་ནམ་ཡང་འབར་བཞིན་པའི་མེ་ལྕེ་དམར་པོ་ཞིག་བཤད་འདོད་སའི་མི་དག་ལ་སྤར་བ་རེད་འདུག གལ་ཏེ་ཁྱེད་ཀྱི་སྙན་ངག་འདི་ཞིབ་ཕྲ་ཞིག་བཀླག་པ་ཡིན་ན་ད་གཟོད་གཞི་ནས་སྙན་ངག་པའི་སེམས་ཀྱི་མེ་ལྕེ་དེ་ཚོར་ཐུབ་ལ་རྒན་རབས་པ་མང་པོ་ཞིན་ལ་འཁང་ར་ཡང་བྱེད་ངེས།
སྙན་རྩོམ་གྱི་ཚེག་ཕྲེང་རེ་རེའི་རྩོམ་པ་པོའི་སེམས་ཀྱི་བརྩེ་དུང་ཧ་ཅང་གསལ་པོ་བསྟོན་ཡོད་དེ་ཚིག་ཕྲེང་སྔ་མ་གཉིས་ཀྱི་ཆང་འཐུང་འདོད་མཁན་སུ་ཡིན་མིན་དང་ད་དུང་ཆང་བླུད་འདོད་ས་སུ་ཡིན་པ། ད་དུང་ཅི་ཕྱིར་ཆང་འཐུང་འདོད་པ་དང་གང་གི་ཕྱིར་ཆང་བླུད་འདོད་པ་སོགས་རེད། འཐོམ་ཡོང་ཡོང་གི་མི་ཟེར་དུས་ཁྱེད་ཀྱི་སེམས་ལ་གྲི་བཙུག་པ་འདྲ་ཡོང་སྲིད་དེ་དེ་དུས་ཁྱེད་ནི་ངོ་མ་འཐོམ་ཡོང་ཡོང་གི་མི་དེ་ཡིན་རྟགས་རེད།
ནམ་མཁའ་ལས་གཞན་པའི་ནམ་མཁའ་གཞན་ཞིག་བཙལ་འདོད། ཟེར་དུས་རང་དབང་ལས་གཞན་པའི་རང་དབང་ཞིག་བཙལ་འདོད་ཟེར་བ་དང་འདྲ་པས་ད་དུང་ཡང་ང་ཚོ་ཧ་ཅང་གི་རྗེས་ལུས་ཐེག་ཡོད་པའི་མི་རིགས་ཤིག་གམ་འཚོལ་སྙེག་གི་ལམ་བུ་སྔར་ལས་རིང་པ་རྟོགས་དགོས།
སྙན་ངག་གི་སྒྱུ་རྩལ།
སྙན་ངག་གི་སྒྱུ་རྩལ་ཞེས་པ་དེ་ནི་སྙན་ངག་གི་རྒྱན་ནམ་སྙན་ངག་གི་མཛེས་པ་ལ་གོ་དགོས་པར་འདོད།
ཞབས་བྲོ་ལ་མཚོན་ན་རྐང་ལག་གཡོ་འགུལ་བྱེད་པ་ཙམ་ལ་ཞབས་བྲོ་རུ་འདོད་ཐབས་མེད་པར་རྒྱུ་ལྡན་གྱི་འགུལ་སྐྱོད་ལས་ལྷག་པའི་ལུས་ཀྱི་ཉམས་འགྱུར་ཁྱད་པར་བ་ཞིག་དགོས་ད་གཟོད་གཞི་ནས་སྒྱུ་རྩལ་གྱི་རྣམ་པ་ཞིག་མངོན་ཡོང་། དེ་བཞིན་ཚེག་ཁྱིམ་རིང་ཐུང་མཚུངས་པ་དང་ཚིགས་རྐང་ངལ་གསོ་མཉམ་པ་ཙམ་གྱི་སྙམ་ངག་གི་སྒྱུ་རྩལ་མངོན་ཐབས་མེད་དེ་ཞབས་བྲོ་བཞིན་ཁྱེད་ཀྱི་སྙན་ངག་ལའང་འགུལ་སྐྱོད་ཀྱི་རང་བཞིན་མངོན་པར་བྱེད་དགོས།
འབྲི་ཐབས་གླེང་བ།
སྔ་ནས་ད་བར་བོད་ལ་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གཉིས་སུ་དབྱེར་ཡོད་ཅིང་ཁ་བའི་སྲས་ཀྱི་སྙན་ངག་<< ང་ཆང་འཐུང་འདོད།>>འདི་ཕལ་ཆེར་དེང་རབས་སྙན་ངག་གི་ཁོངས་སུ་གཏོགས་པ་འདྲ། ཡིན་ན་ཡང་རྩོམ་པོ་རང་ཉིད་ལ་འབྲི་སྟང་མཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ནི་སྙན་ངག་པ་ལ་དགོས་པའི་རྒྱན་ནམ་སྒྱུ་རྩལ་ཞིག་ཡིན་པར་ཁས་ལེན་ཆོག ཀློག་པ་པོ་རྣལ་མ་ཞིག་ཡིན་ཚད་སྙན་ངག་འདིའི་སྒྱུ་རྩལ་ནི་རང་བཞིན་གྱིས་རྟོགས་ཡོང་།
མཇུག་བསྡུ་བ།
མཐར་དུ་ང་རང་གིས་བཀླགས་པའི་སྙན་ངག<< ང་ཆང་འཐུང་འདོད།>>ཅེས་པ་འདིའི་མཐུན་མོང་གི་ཁྱད་ཆོས་ཡོད་པ་ནི་བཤད་པ་ཉུང་ཞིང་བསམ་བློ་ཟབ་པ་དངོས་སུ་སྤྱི་ཚོགས་དང་མཐུན་པ་མ་ཟད་ནག་ནོག་མངོན་བརྗོད་ཀྱིས་མ་བཅིངས་པ་ཀློག་སླ་བ་དང་གོ་བདེ་བ་ཞིག་འདུག་པས་ཁོ་བོའི་སེམས་དང་མཐུན་པས་ཚོར་བ་འདི་བྲིས་པའོ།