ཀླུ་སྨྱོན་ཧེ་རུ་ཀ
འཛམ་གླིང་བཟང་བཙོན་ཆེན་མོའི་སྐབས་སུ།།
ནང་ལ་འཛུལ་ནས་དེབ་མང་ཀློག་བཞིན།།
དྲ་ཚིགས་འདྲ་མིན་སྒོ་གླེགས་བརྡུངས་དུས།།
ཁ་བརྡ་དྲ་བ་མིག་སྔར་ཐོགས་སོང་།།
སྤྱི་ལོ་ཉིས་སྟོང་བརྒྱད་ནས་བཟུང་སྟེ།།
འདི་ལོ་ཉིས་སྟོང་ཉི་ཤུ་བར་གྱི།།
མི་ལོ་བཅུ་གཉིས་རིང་གི་ཁ་བརྡར།།
རང་རྩོམ་སུམ་བརྒྱ་བརྒྱད་ཅུ་སྤེལ་འདུག།
ལ་ལ་རིང་ཞིང་ལ་ལ་ཐུང་འདུག།
ཁ་ཤས་འཇམ་ཞིང་ཁ་ཤས་རྩུབ་འདུག།
འགའ་རེ་སྙན་ཞིང་འགའ་རེ་འཛེར་འདུག།
ཚང་མ་བསམ་བློའི་ཐོན་རྫས་ཡིན་ནོ།།
བརྗོད་བྱ་རྗོད་བྱེད་གནམ་དང་སྤྲིན་པ།།
དགའ་སྐྱོ་ཆགས་སྡང་ཆུ་ནང་རྡོ་རིགས།།
དངོས་དང་བརྒྱུད་ནས་འཚོ་བ་མཚོན་འདུག།
དཀྱིལ་དང་མཐའ་ནས་གཏམ་རྒྱུད་བྲིས་འདུག།
ལོ་ན་བཅུ་དྲུག་སོན་པའི་དུས་ནས།།
ད་ལྟ་ལྔ་བཅུར་མ་བསླེབས་བར་དུ།།
སྨྱུ་གུ་ཞིག་དང་གཉེན་རྟགས་བརྒྱབ་འདུག།
རྩོམ་ཡིག་མང་པོའི་མི་རབས་སྤེལ་འདུག།
མཐོན་པོའི་མི་ལ་སྤྲེལ་ལད་བྲིས་མེད།།
དམའ་བ་དག་ལ་མཐོང་ཆུང་བྲིས་མེད།།
ཐད་ཀ་ཐད་ཀའི་ཚོར་བ་དམར་པོ།།
ལྷ་འདྲེ་མི་གསུམ་མ་འཛེམས་བྲིས་ཡོད།།
སྙན་ངག་དག་ནི་སྙིང་གི་ཁྲག་ཐིགས།།
སྒྲུང་གཏམ་དེ་ཚོ་མིག་མཐའི་མཆི་མ།།
ལྷུག་རྩོམ་དེ་རྣམས་སེམས་ཀྱི་ན་བུན།།
ཁ་བརྡ་དྲ་བར་མ་ལུས་བསྐྱུགས་འདུག།
བདག་ནི་དབྱངས་ཅན་ལྷ་མོས་བསྐྱངས་ཤིང་།།
ཚོར་བ་གློ་བུར་གློག་གིས་འཁྱུད་པས།།
དུས་ཐུང་རྩོམ་ཡིག་འབྲི་བར་ཚེགས་མེད།།
བྲིས་རྗེས་བསྟོད་སྨད་རེ་དོགས་བྱས་མེད།།
རྩོམ་ཡིག་ལ་ལ་མེ་ཏོག་འདྲ་བས།།
དྲི་མ་ཞིམ་གི་ཟེར་མཁན་མང་ངོ་།།
རྩོམ་ཡིག་འགའ་རེ་སྟུག་དྲི་ངར་མ།།
མང་པོ་ཞིག་གིས་སྣ་གཉེར་བྱེད་དོ།།
རང་སེམས་སྐྱོ་དུས་སྙན་ངག་འབྲི་འོ།།
རང་སེམས་སྡུག་དུས་ལྷུག་རྩོམ་འབྲི་འོ།།
དགའ་སྡུག་དབྱིངས་རིག་གཅིག་ཏུ་འདྲེས་དུས།།
ཅི་ཡང་མི་བསམ་ཏིང་འཛིན་བསྟེན་ནོ།།
འཛམ་གླིང་བཟང་བཙོན་ཆེན་མོའི་སྐབས་འདིར།།
ཁུ་སིམ་ཁ་བརྡ་དྲ་བར་ཉུལ་དུས།།
རང་རྩོམ་སྣ་ཚོགས་མིག་སྔར་སྣང་བས།།
སྤྲང་བོས་རང་གི་རྩམ་ཁུག་བསྔོགས་སོ།།
ཁ་བརྡ་དྲ་བ་ཁ་དྲོ་བཀྲ་ཤིས།།
ཁ་བརྡ་དྲ་བ་ཚེ་རིང་ལོ་བརྒྱ།།
ཁ་བརྡ་དར་མའི་དུས་ཀྱི་དགའ་གྲོགས།།
ཁ་བརྡ་རྒས་པའི་དུས་ཀྱི་སྐྱོ་གྲོགས།།
གྲོགས་དག་དགའ་སྐྱོ་ཆགས་སྡང་སྐྱེས་དུས།།
ཁ་བརྡ་དྲ་བའི་ནང་དུ་ཕེབས་དང་།།
རྩམ་པ་སྣུམ་པོ་བཟའ་རྒྱུ་ཡོད་རེད།།
འོ་ཇ་ཞིམ་པོ་མཆོད་རྒྱུ་ཡོད་རེད།།
ཨ་མདོའི་ཁ་བརྡ་དྲ་བ་འདི་རུ།
ཨ་རོགས་ཁམས་པར་དམོད་མོ་བཟོ་ས།།
ཨ་ལག་སྨྱོན་པས་འདོད་གཏམ་བཤད་ས།།
ཨ་ཁ་འདི་ལ་བསྟོད་པ་འོས་སམ།།
ཁ་ནས་བོད་སྐད་སྨྲ་བའི་མི་ཡིས།།
ཁ་བའི་མི་ལ་ངན་སྨོད་འདི་འདྲ།།
ཁ་བརྡ་དྲ་བར་མ་གཏོགས་མི་འདུག །
ཁ་བ་ཅན་རྣམས་ཁ་འཐོར་གཏོང་སོང་།།
ཨ་ཁ་ད་དུང་འདི་ལ་བསྟོད་ཁུལ། །
ཨ་ལག་སྨྱོན་པས་སྨྱོ་གཏམ་ལོས་ཡིན།།
ཨ་མའི་བུ་ཞིག་ཡིན་གོ་ཆོད་ན།།
ཨ་ཁ་མ་ཡི་ངོ་གདོང་ཤེས་དགོས།།
མྱི་ཟེེར་བ་ཁྱེད་རང་ཡང་སོ་སོ་ཁམས་པའི་ཞེན་ཁོག་འཁུར། ཨ་མདོ་ལ་དམོད་མོ་བྱས།
རིགས་པ་འགོ་མཚུངས་རེད་འདུག ཧ་ཧ
ཀླུ་སྤྱོན་གྱིས།
མཐོན་པོའི་མི་ལ་སྤྲེལ་ལད་བྲིས་མེད།།
དམའ་བ་དག་ལ་མཐོང་ཆུང་བྲིས་མེད།།
ཐད་ཀ་ཐད་ཀའི་ཚོར་བ་དམར་པོ།།
ལྷ་འདྲེ་མི་གསུམ་མ་འཛེམས་བྲིས་ཡོད།།་་་ཅེས་པའི་སྐད་འདི་སྣང་བ་འགྲོ་བོ་འདྲ་ཞིག་བྱུང་། ཡིན་ཀྱང་བརྒྱ་ཆ་བརྒྱ་ཐམ་པ་དེ་འདྲ་ཞིག་མིན། མཐོན་པོའི་མི་ལ་འཛེམས་ནས་ཆབ་སྲིད་འབྲུ་མི་ཕོད་མཁན་གྱི་མི་དེ་ཁྱོད་མིན་ནམ་་་ཨ་ལ་མཆོག བོད་མི་རིགས་ལ་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་བའི་སྐབས་སུ་བླ་དཔོན་དག་ལ་སྐྲག་ནས་འབྲུ་མི་ཕོད་པར་འདི་ནི་བོད་ལ་གྱོང་རེད་ད།་་་ཤེས་པར་བྱོས་ཨ
ཁ་བརྡ་ཞེས་པའི་དྲ་ཚིགས་ཀྱི། །
རྩོམ་ཡིག་སུམ་བརྒྱ་བརྒྱད་ཅུའི་འོག །
མཆན་འགྲེལ་སུམ་སྟོང་བརྒྱད་ཅུ་ལ། །
ཆ་ཚང་ཀློག་མཁན་སྲིད་མཐའ་ཙམ། །
བླ་རྒན་སྐྱག་ས་ནི་ཆབ་སྲིད་རེད། དེ་མིན་ཡོད་ཚད་བྲིས་ཡོད། ཧ་ཧ་
ཁྱེད་ཀྱི་རྩོམ་རིག་དག་ནི་ཀློག་རིན་ཆེ་བ་འདུག