དོལ་སྨྱོན།
སྤྱིར་སྔོན་ཐོན་རྒྱལ་ཁབ་ཀྱི་དྲྭ་རྒྱའི་ཁྱབ་ཚད་ལ་བལྟས་ན། རང་རེ་བོད་པའི་སྐད་ཡིག་གིས་བཀོལ་སྤྱོད་བྱེད་པའི་དྲྭ་རྒྱ་དག་ཆེས་ཉུང་ཉུང་ཡིན་མོད། འོན་ཀྱང་མི་རིགས་ཀྱི་ལ་རྒྱ་སྲོག་རྩར་བཟུང་ཞིང་རྣམ་དཔྱོད་ཀྱི་མེ་ལྕེ་འོད་དུ་འབར་ལ། ད་དུང་ཤེས་བྱའི་མེ་ཏོག་རྒྱན་དུ་སྤུད་པའི་རང་རེའི་མི་བུ་མི་ཉུང་ཞིག་གིས། ཆེས་ཐུང་བའི་དུས་ཡུན་ནང་། བོད་ཀྱི་ཁྱད་ཆོས་དང་ཡོང་སུ་འཚམས་ཤིང་། རིག་གཞུང་སྲུང་སྐྱོབ་ཀྱི་བསྟི་གནས་སུ་གྱུར་པ། ད་དུང་མདུན་སྐྱོད་དང་སྔོན་ཐོན་གྱི་རྗེས་སུ་སྙོགས་ཐུབ་པའི་དྲྭ་རྒྱ་མང་པོ་ཞིག་རང་རེའི་མིག་གི་ལོངས་སྤྱོད་དང་། སེམས་ཀྱི་ཟས་མཆོག་ཏུ་གྱུར་པ་དེ་དག་རེད།
དེ་ཡི་ནང་ནང་ནས་ཀྱང་ང་རང་དགའ་ཤོས་དང་སྣང་བར་འགྲོ་ཤོས་ནི་ཁ་བརྡ་དྲྭ་རྒྱ་འདི་རེད། རྒྱུ་མཚན་ནི། དྲྭ་རྒྱ་འདི་ཉིད་ཁྱབ་ཆེ་ཞིང་སྟབས་བདེ་ལ། ད་དུང་འདི་ཡི་ནང་དུ། སྣ་མང་རྩོམ་ཡིག་གི་མེ་ཏོག་གཡང་དུ་འཁྱིལ་ཞིང་། ཁམས་དང་མོས་པའི་མཆན་བུ་ཆར་ལྟར་འབེབས་པ། དགག་བཞག་སྤོང་བའི་རིག་ལམ་མེ་ལྟར་མཆེད་ཅིང་།དགའ་སྐྱོ་གདུང་བའི་འགྱུར་ཁྱུག་ཡོངས་སུ་རྫོགས་པ། ད་དུང་། དབྱངས་ཅན་ལྷ་མོའི་མགྲིན་པར་འགྲན་པའི་སྙན་ངག་པ་ཡོད་ལ། གཞུང་ལུགས་རབ་འབྱམས་ངག་ནས་གྱེར་བའི་མཁན་ཆེན་ཡོད། གཞན་ཡང་། གསར་འགྱུར་དང་ཆབས་སྲིད། གནའ་རབས་དང་དེང་རབས། ནང་ཆོས་དང་ཚན་རིག་སོགས། གང་ལའང་མཁྱེན་པ་བརྙེས་པའི་མི་བུ་མང་དག་ཅིག་ཁ་བརྡ་དྲྭ་བའི་མཛེས་རྒྱན་དུ་བཞུགས་ཡོད།
སྣ་མང་གི་བརྗོད་བྱ་གཡང་དུ་འཁྱིལ་ཞིང་། སྙན་ཚིག་གི་མེ་ཏོག་ཆར་དུ་བསྙིལ་བའི་དྲྭ་རྒྱ་འདི་ཉིད་མེ་ཏོག་ལྟ་བུའི་མཛེས་སྡུག་གཅིག་དང་། སྦྲང་རྩི་ལྟ་བུའི་རོ་མཆོག་གཅིག་ཏུ་བརྩི་ཞིང་ཡོད་མོད།བློ་ཕམ་པ་ཞིག་ལ། ད་ལྟ་ཁ་བརྡ་དྲྭ་བ་ནི། གསར་གྱུར་གྱི་བསྟི་གནས་གཙོ་བོ་ཞིག་ཏུ་གྱུར་འདུག་ལ། ཆབ་སྲིད་ཀྱི་སྟེགས་བུ་ཆེན་པོ་ཞིག་ཏུ་འཕོས་འདུག རིན་ཐང་ཆེ་བའི་ཚེ་སྲོག་དག འདི་ལྟར་ཟང་ཟིང་གི་བཅའ་དངོས་ལྟར། འཕང་མེད་དུ་གཅིག་རྗེས་གཉིས་འཐུད་ཀྱིས་འཇིགས་རྟེན་ཕ་རོལ་ཏུ་འགྲིམས་པའི་ད་ལྟའི་རང་རེ་བོད་ཀྱི་གནས་སྟངས་འདི་ལ་གཞིགས་ན། དེ་ལྟར་ཡིན་དུ་ཆོག་ཀྱང་། སྙན་ངག་གི་ལམ་ནས་ཀྱང་དེ་དག་གི་བརྗོད་བྱ་དག་འདྲེན་ཆོག་ལ། སེམས་ཚོར་དང་རྗེས་དྲན་ཡང་བྱེད་ཆོག་པས་ན། ཆེས་ཕུལ་ཏུ་བྱུང་བའི་ཁ་བརྡ་དྲྭ་རྒྱའི་དོ་ར་ཡང་མོ་འདིར། ཆེས་བཀུར་བར་འོས་པའི་སྙན་ངག་པ་ཡོངས་ལ། སྙན་ངག་གི་སྦྲང་ཆར་དག་ཀྱང་བར་བར་དུ་འཇོ་བའི་རེ་འབོད་ཞུ།
དོལ་སྨྱོན། ཁྱོད་ཀྱིས་གང་ཞིག་ཟེར་གྱི་ཡོད་དམ།
ངས་སྙན་ངག་མཁན་པོ་དག་ལ། སྙན་ངག་རེ་འབྲི་བར་སྐུལ་ཡིན། དེང་སང་ཁ་བརྡ་དྲྭ་བ་འདི་གསར་རྒྱུར་གྱི་བསྟི་གནས་ཞིག་ཆགས་འདུག སྙན་ངག་དག་མཐོང་ཡས་མི་འདུག དེ་ཙམ་ཡིན།
ད་དུང་ཁ་བརྡའི་དྲྭ་རྒྱ་འདིར་རྒྱུན་དུ་འཛོམས་བཞིན་པའི་དྲྭ་གྲོགས་ཚོར་བརྡ་དག་གི་འགྲོས་ལ་གཟབ་ནན་རེ་གནང་དགོས་རྒྱུའི་རེ་སྐུལ་ཞིག་ཀྱང་ནན་ཏུར་གྱིས་ཞུ་དགོས་འདུག ཁོམ་ལོང་རེ་བྱུང་ན་དེ་ལུགས་དགོངས་དབྱིངས་ནས་མི་བསྙེལ་བར་ཞུ།
ཤར་ཕྱོགས་ཀྱི་འོད་ལ་དགའ་བསུ་ཞུ།
བསམ་ཚུལ་དག་བདེན་པ་རེད། ངས་ཀྱང་སེམས་ལ་འཇོག་ངེས་ཡིན།
རེད་དེ་ཡིན་ནའང་ཀླུ་སྨྱོན་གྱི་སྔོན་མའི་སྙན་ངག་དག་ལ་ལྟོས་ན་འདི་ཚོ་ལ་དེ་ཙམ་བྲོ་བ་མི་འདུག
དེ་ཡང་ཉུང་ཉུང་རེད།
དོལ་སྨྱོན་གྱིས་བསམ་ཚུལ་ཡག་པོ་གསུངས་འདུག ཐུགས་རྗེ་ཆེ། ང་རང་གིས་ཀྱང་དེ་ལྟར་དྲན་ནས་ཉིན་ཤས་ཕྱིན་སོང་།
རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ།