འདྲེ་རིག་ལྡན་གྱིས།
ཁྱེད་དྲ་བ་འདི་ཉིད་འགོ་ཚུགས་པ་ནས་བཟུང་། བོད་སྐད་ཡིག་ལ་དུང་བའི་མི་མང་པོ་ཞིག་གིས་བར་སྐབས་ཡོད་ཚད་བཙལ་ནས་ཁྱེད་ཚང་ལ་འོང་ཞིང་།
འཁྲུག་ཆ་དོད་པའི་ཆ་འཕྲིན་དུས་རབས་ཀྱི་སྟེགས་བུའི་ཟ་ཟུར་འདི་ནས་རང་རང་གི་སེམས་པ་བརླན་ས་རེ་བཙལ་བ་རེད།
ངོ་མ།
ཁ་བརྡས་མཚོན་པའི་བོད་ཡིག་དྲ་ཚིགས་གང་མང་ཞིག་ཡོད་པ་དག་གིས་དུས་རབས་འདིའི་ང་ཚོའི་སྐོམ་གདུང་བསལ་དང་སེལ་བཞིན་པ་དེར་གུས་བཀུར་བསྔགས་བརྗོད་ཞུ་འོས།
ཡིན་ན་ཡང་།
ཁ་བརྡ་ཚང་ལ་འོང་མཁན་ཚང་མ་ནི་ཆབ་སྲིད་དང་རིག་གནས་སོགས་ཀྱིས་མཚོན་པའི་ཤེས་བྱས་གནས་ཀུན་ལ་མཁས་ཤིང་རང་ཚུགས་དང་ངང་རྒྱུད་རིང་བ་ཞེ་གཅིག་མིན་པར་མ་ཟད།
ད་དུང་ཁྱེད་ཚང་གི་སྐུ་མགྲོན་དག་གི་ཁྲོད་དུ་དམིགས་ཡུལ་སྣ་ཚོགས་ཡོད་པའི་སྐབས་འཚོལ་བ་ཡང་མེད་ཅེས་ང་ཚོ་སུས་ཀྱང་ཁྲུན་ཐག་ཆོད་རྒྱུ་མ་རེད།
དེ་བས། ཁ་བརྡ་རྒད་པོས་ཀྱང་དེའི་ཚོད་ཀྱི་སྐད་ཆ་རེ་བཤད་རྒྱུ་ནི་གནད་ཀྱི་དམ་པ་རེད།
ངས་ནམ་རྒྱུན་ཁ་བརྡ་ཚང་ལ་སླེབས་ཐེངས་རེར།
སྐྱག་དྲི་འཐུལ་བའི་འཁོན་འཛིང་རེ་རེ་རིག་རྒྱུ་འདུག་པ་དང་།
དེར་མཐུད་པའི་ཁྱི་སྐད་སྣ་ཚོགས་ཀྱང་ཟ་ཟུར་མང་པོ་ཞིག་ནས་གོ་རྒྱུ་འདུག
རྒྱ་ཡིས་འཕྲོག་པའི་རང་ཡུལ་གྱི་ཁྲག་དྲི་མ་ཡལ་བར་ཡོད་སྐབས་སུ།
གཞན་ཡུལ་གྱར་བའི་ང་ཚོས་ནང་འཁྲུག་གི་མེ་ཁ་གསོས་ནས་སྡོད་པ་འདི་ཁ་བརྡ་རྒད་པོའི་དམིགས་ཡུལ་མིན་ན།
དེ་རིང་ནས་བཟུང་ཁུངས་མི་འཕེར་བའི་སྐད་ཆའི་རིགས་ལ་ཚོད་ཅིག་འཛིན་རན་འདུག
ནང་ཆོས་དང་ཚན་རིག་གི་བརྒལ་འདུ་གླེང་སྤོབས་ཤིང་།
བོད་མི་ཁྲི་ཕྲག་གི་ཚེ་སྲོག་འཕྲོག་པའི་རྒྱ་ནག་ལ་ཞི་བའི་གྲོས་མོལ་བྱེད་ཕོད་མཁན་གྱི་ང་ཚོ་ཐེགས་ཆེན་པ་ཚོར།
རང་ཁྱིམ་གྱི་ཕྱི་ནང་གླེང་སའི་ཁོར་ཡུག་དཀྱེལ་ཡངས་ཤིག་ད་དུང་ཡོད་མི་འདུག་པ་འདིར་བསམ་བློ་གཏོང་རན་རེད།
བདེན་པས་བསླུ་མི་སྲིད་ཀྱང་།
བདེན་པ་བཤད་སྟངས་ཀྱིས་བསླུ་སྲིད་པ་ཞིག་ཡིན་ན་མིག་ཡོད་ན་མཐོང་ཚོད་རེད། དེ་བས།
ཁ་བརྡ་རྒད་པོ་ཁྱོད་རང་ཉིད་གཏོགས་པའི་མགྲོན་པོ་མང་པོ་ཞིག་གིས།
རང་གི་ཞེན་འདོད་དེ་མཐའ་གཅིག་ཏུ་བདེན་པར་འཛིན་པའི་མུན་དོང་དེ་ནས་མགོ་བོ་ཕྱིར་འདོན་རན་རེད།
ཁྱེད་ཀྱིས་མཐོང་བའི་བདེན་པ་དང་དྲང་བདེན།
ཕྱོགས་རིས་བྲལ་བ་དང་སྤྱི་དོན་ཡིན་པ་དེ་གཞན་ཞིག་གི་སྣང་ངོར་ཇི་འདྲ་ཞིག་ཡིན་མིན་ཐད་སྐད་ཆ་མ་བཤད་གོང་ནས་བསམ་བློ་གཏོང་དགོས་འདུག
རབ་ཡིན་ན། ཁ་བརྡ་རྒད་པོས་ཀྱང་ཁ་ནས་མ་བཤད་གོང་ལ་བསམ་བློ་གཏོང་ན་རེད།
གལ་སྲིད་ཆབ་དཔལ་རིག་གསུམ་གྱི་གནས་ལུགས་བཤད་རྒྱུའི་བློ་གྲོས་ཀྱི་སྤྱན་མིག་མེད་སོང་བའམ།
ཡང་ན་དེར་ཞིབ་ཚགས་ཀྱིས་བསམ་གཞིགས་བྱེད་པའི་དུས་ཁོམ་མེད་སོང་བ་ཡིན་ན།
ཁ་བརྡ་འདི་ང་ཚོ་ཆོལ་ཁ་གསུམ་གྱི་མི་རྣམས་འཛོམས་ནས་དགོད་ཁ་རེ་སློང་ནས་སེམས་ཐག་ཉེ་རུ་འགྲོ་སའི་དྲ་བ་དམིགས་བསལ་བ་ཞིག་བྱེད་རོགས།
ཁྱེད་ཅག་གི་སྐྱག་དྲི་དྲོ་བའི་སྐད་ཆ་དག་གི་ཤུགས་རྐྱེན་གྱིས་གནམ་ས་དུད་སྨིག་གིས་ཁེངས་པའི་བཙན་བྱོལ་བོད་ཀྱི་རྒྱལ་ས་རྡ་ས་ནས་འདྲེ་རིག་ལྡན་གྱིས་ཐོལ་བྱུང་དུ་བྲིས།
ཁ་བརྡ་ལ་སོགས་པའི་དྲ་བ་དང་དྲ་གྲོགས། མཆན་བུ་འདེབས་མཁན་ཚང་མ་འདི་འདྲའི་ཕྱོགས་ལ་དགའ་ནི་རྐྱང་རྐྱང་མ་ཡིན་ནམ། དེང་སང་རྩོམ་ཡིག་གང་ཞིག་བྲིས་ཀྱང་དེའི་ནང་དུ་དཀྲོགས་གཏམ་དང་འུད་བརྗོད་ཅུང་ཙམ་མེད་ན་ཀློག་མི་སྤྲོ་བ་འདྲ་ཞིག་ཆགས་བསྡད་པས་སྐབས་འདིར་ཁྱེད་ཀྱིས་དེ་འདྲ་བཤད་ན་སུ་ཞིག་གིས་ཉན་གི་རེད། དེ་བདེན་མིན་མཆན་བའི་གྲངས་ངེས་ཅན་ཞིག་གིས་ར་སྤྲོད་བྱས་མི་འདུག་གམ།
ང་ནི་ཁ་བརྡ་ཚང་གི་མགར་ཁང་ནས། །
བསྲེགས་བཅད་བརྡར་གསུམ་བྱས་པའི་གསེར་རྡོག་ཅིག །
ང་ནི་ཁ་བརྡ་ཚང་གི་སྦྲ་ཕུག་ནས། །
ཕ་ལོ་མ་ལོར་བྱམས་པའི་མནའ་མ་ཞིག །
ང་ནི་ཁ་བརྡ་ཚང་གི་སྦྲ་འདབས་ནས། །
བདག་པོའི་ནོར་ལུག་སྲུང་བའི་སྒོ་ཁྱི་ཞིག །
ང་ནི་ཁ་བརྡ་ཚང་གི་ནམ་མཁའ་ནས། །
གྲང་ནས་འདར་ཞིག་བྱེད་པའི་སྐར་མ་ཞིག །
ང་ནི་ཁ་བརྡ་ཚང་གི་རྩྭ་ཐང་ནས། །
སྟོན་མཇུག་བཞད་པའི་སྤང་རྒྱན་མེ་ཏོག་ཅིག །
ཁ་བརྡ་ཚང་གི་ལོ་ལོན་ཚོའི་ཚབ་བྱས་ནས་ཁ་བརྡའི་སྐུ་ཚེ་བརྟན་པའི་སྨོན་ལམ་དང་བཅས།
ཁ་བརྡ་དྲ་བ་ཚང་གི་གསེར་རྡོག་པོར།།
གསེར་གྱི་རིན་ཐང་ཡོད་མེད་ངས་མི་ཤེས།།
ཁ་བརྡའི་གྲལ་མགོར་བཞུགས་པའི་རྒན་པོ་རེས།།
ཁ་འཛིངས་སྣ་འཛིངས་བྱེད་ལ་རབ་ཏུ་གོམས།།
དུས་བབ་ཚང་གི་གྲལ་མགོར་བཞུགས་རྣམས་ཀྱང་།།
ཁོ་ཡིན་ང་ཡིན་སྙམ་པའི་གཏམ་སྦོམ་པོ།།
ག་ཤད་མཐོང་ཡང་ཟིན་བྲིས་ཐར་ཐོར་ལས།།
དོན་སྙིང་དབེན་པ་མཐོང་བས་ཡིད་སེམས་སྐྱོ།།
ང་ཡིན་ཁོ་ཡིན་ཟེར་བའི་གཏམ་མ་བཤད།།
དོན་གྱིས་ཕྱུག་པའི་རྩོམ་གྱི་ཐང་མ་བརྡོལ།།
དྲི་ལྡན་བུང་བ་རྒྱང་ནས་ཁུག་པའི་དཔེས།།
ཁྱོད་ལ་བསྟོད་པའི་མེ་ཏོག་རིང་ནས་ཐོར།།
ཨ་ཁུ་ལགས། གོང་གི་སྐད་ཆ་དེ་ཚོར་སྤོ་ལང་མི་ཉན། ཁྱོད་འདི་ཁ་ཚིག་རྣོ་ནི་གི་ར། ང་སྐྲག་ནི་ཞིག་རེད། ཧཧཧཧ
ཁོག་ནས་གནགས་དགོས་བསམ་མཁན་ཉུང་ན་ཡང་།
སེམས་ནས་དཀྲིགས་དགོས་བསམ་མཁན་མེད་ན་ཡང་།
རང་རློམ་ཆེ་བའི་ཁྲོན་པའི་སྦལ་ཚོགས་ཀྱིས།
ཆོལ་གསུམ་བོད་མིའི་སེམས་ཁམས་ཁྲག་བཞིན་དཀྲུགས།
ཨ་མདོས་བཤད་ན་ཁམས་དབུས་ནག་པོ་རེད།
ཁམས་པས་བཤད་ན་ཨ་དབུས་ཁྲ་ཁྲ་རེད།
དབུས་པས་བཤད་ན་མདོ་ཁམས་སྨྱོན་པ་རེད།
དོན་ལ་རང་སེམས་གདོན་གྱིས་བསླུས་པ་ཙམ།
མཆུ་གཏོ་རྐུབ་ལ་བཅུག་པའི་ཁྱི་རྒན་འགའ།
རང་རྐུབ་རུལ་བའི་དྲི་ངན་མ་ཤེས་པར།
ཡངས་པོའི་རྒྱལ་ཁམས་རུལ་བར་རློམ་པའང་།
ཞེན་འདོད་དྲི་མ་མེད་པ་ཡིན་ནོ་ལོ།
ཁ་བརྡ་ནང་མཆན་མ་བྲིས་གོང་།
སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡོད་ལ་མིད། ཞེས་པའི་གཏམ་དཔེ་འདི་རང་ཉིད་ལོ་ན་བརྒྱད་དགུ་ཙམ་ཞིག་གི་སྐབས་ནས་རྣ་ལ་བྱང་བའི་སྐད་ཆ་གོ་རྒྱུ་ཅན་དེ་ཡིད་ལ་དྲན་བྱུང་། ང་ནི་རྒྱུན་དུ་ཁ་བརྡ་དང་དུས་བབ་སོགས་བལྟ་ཀློག་བྱེད་མཁན་ཞིག་ཡིན་པ་ལས་དོན་སྙིང་ལྡན་པའི་་ཟིན་བྲིས་འབྲི་ཤེས་མཁན་ཞིག་མིན། ཡིན་ན་ཡང་།
ཕྱི་ཟླ་དགུ་བའི་ནང་གྲོས་ཚོགས་རྭ་བའི་ཐོག་ཆོལ་ཁའི་ཕྱོགས་ཞེན་གྱིས་དབང་གིས་བཀའ་སྤྱི་གཉིས་ཀའི་མདུན་ཚོགས་ནས་དཔུང་བ་སྦོམ་པོ་དྲག་ཏུ་མངོན་ཏེ། ཤེལ་བུམ་གྱི་གྲོས་ཚོགས་དེ་བཞིན་རབ་ཏུ་རྣོ་བའི་ཚིག་གི་སྟ་རི་དུ་མ་གཅིག་མཇུག་གཉིས་མཐུད་དུ་བསྣུན་གང་ཐུབ་བྱས་པར་བརྟེན། གྲོས་ཚོགས་ཀྱི་ཕུང་བོ་དེ་ཉིད་ཐལ་བའི་རྡུལ་བཞིན་གཏོར་བ་དེས། ༧རྒྱལ་བའི་བཀའ་དགོངས་རྒྱང་དུ་དོར་བ་དང་། མི་མང་གི་བྲང་ཁོག་ལ་ཆུ་བླུག་པ་དང་གཉིས་སུ་མེད། ད་དུང་པེ་ཅིན་སྲིད་གཞུང་གི་འདོད་ཐོག་ལ་རྟ་རྒྱུགས་པའི་སྲི་ཞུ་ཡང་བསྒྲུབས་པ་རེད།
མ་ཟད། སྐབས་དེ་ཙམ་ཞིག་ལ་ད་དུང་གནས་ཚུལ་གཞན་ཞིག་ནི་ཁ་བརྡའི་ཐོག་ཟིན་བྲིས་བ་ཁག་ཅིག་གིས་དགེ་ལུགས་དང་རྙིང་མ་དབར་གྱི་ཕྱོགས་ཞེན་དྲག་ཏུ་གླེང་བ་དང་། ཕན་ཚུན་གྱི་སྐྱོན་ཚང་འདོན་གང་ཐུབ་བྱས་པ་དེ་འདྲ་བ་ནི་སྔ་ན་མ་བྱུང་བ་ལྟ་བུ་ཞིག་རེད།
རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་ཕྱོགས་ཞེན་ཟེར་བ་འདི་ནི་ཆིག་སྒྲིལ་གྱི་ཕུང་བོ་བསྲེག་བྱེད་དབྱེ་འབྱེད་ཀྱི་མེ་སྟག་གསོན་པོ་ཞིག་ཡིན་སྟབས། རང་གིས་རང་ལ་དམ་ཞིག་བཅས་ནས་མཆན་བུའི་སྨྱུ་གུ་ས་ལ་མ་བཙུགས་གོང་། དྲན་གསོ་རུང་བའི་སྨྱག་མིང་སྟེ། མདོ་ལྷ་ཁམས་པ་ཞེས་བཏགས་པ་དང་། དེ་ནས་དེའི་ངང་ལ་དུས་ནམ་ཞིག་གི་ཚེ་ཡང་རང་ཉིད་མཆན་སུ་ཞུགས་སྐབས་མདོ་ལྷ་ཁམས་གསུམ་གྱི་སྤྱི་མི་ཞིག་བྱེད་རྒྱུ་དང་། ཁ་བརྡ་ཟིན་བྲིས་ཀློག་ཐེངས་རེ་རེར་ཡང་ཆོལ་གསུམ་སྤྱི་མིང་ཚིག་གསུམ་མ་འདི་ཡིད་ལ་དྲན་པ་བྱེད་ཀྱི་ཡོད།
དྲ་གྲོགས་ལྷན་རྒྱས།
མདོ་ལྷ་ཁམས་ཟེར་བ་ལས་མདོ་དབུས་ཁམས་གསུམ་ཞེས་ན་ཡག་ཁ་ཞིག་རེད་པ། ཁྱེད་ཀྱི་དགོངས་ཚུལ་དངོས་གནས་བཟང་གི རྒྱབ་སྐྱོར་ཞིག་བྱས་པ་ཡིན།
ངོ་མ་ང་ཚོའི་བོད་མི་འདི་ཚོ། དོན་དུ་ཆི་ཟིག་མ་འགྲིག་ནི་རེད་ཁ་བརྡ་ཚང་གི་དོ་དམ་རེད་ཡང་ན་མཆན་འཇོག་མཁན་དང་རྩོམ་འབྲི་དག་རེད? མ་གཞི་ནས་འདི་སུས་བྲིས་བ་རེད་དགེ་རབ་ཁོ་རང་ཡིན་རྒྱུ་མ་རེད། ཡ་མཚན་བལྟོས་ར་ཁོས་ཁྱི་སྐད་དང་སྐྱག་དྲི་དྲོ་བ་སོགས་ཚིག་བེད་སྤྱོད་གཏོང་སྟངས་ལ་བལྟས་རང་བཙན་འཕྲོག་མཁན་ལ་ཁ་རྡུང་གཏོང་གི་མེད་འགྲོ་སྙམ་པ་ཟིག་འདུག།
དྲ་གྲོགས་ཀླུ་ལགས། ཉིད་ཀྱིས་ཕལ་ཆེར་རྩོམ་ཡིག་འདི་འབྲི་མཁན་ཟེར་གི་ཡོད་ས་རེད། རྩོམ་གྱི་གཤམ་དུ་སྨྱུག་མིང་ཞིག་བཀོད་འདུག་པ་མིན་ནམ། ཁ་ཉིན་ཞིག་ལ་རྩོམ་ཡིག་འདི་ཁ་བརྡ་རྩོམ་སྒྲིག་པ་མི་གསུམ་ལ་དུས་མཉམ་དུ་བཏང་ཡང་བཀོད་མ་སོང་ཟེར་གིན་འདུག
ངས་ཁོང་བསྐྱར་དུ་སྐུར་དང་འགོད་ངེས་རེད་ཞུས་པ་ཡིན། དེ་རིང་འདིར་བཀོད་དེ་འདུག་པ་མཐོང་བྱུང་།
ཨོ་ལགས་སོ། གཅན་བཟོད་རྒྱམ་ལགས། ཁོས་ཚིག་བེད་སྤྱོད་གཏོང་སྟངས་ལ་བལྟས་ན་འཁོན་སེམས་ཡོད་ན་བསམ་པ་འདུག། རྗེས་མ་རྩོམ་ཡིག་ཡོད་ན་ང་ལ་བསྐུར་དང་ངས་འགྷགོད་ཆོག། མཆན་འཇོག་མཁན་ཚོས་ཚིག་བེད་སྤྱོད་གཏོང་སྟངས་ལ་ཡིད་གཟབ་བྱས་ན་ཡག་པོ་འདུག། ཁ་བརྡ་ཚང་ལ་ཕལ་ཆེར་ཕྱོགས་རིས་མེད། ཁོང་ཚོ་བྲེལ་འཚབ་ཆེ་ས་ན་ཡོད་པས་མ་ཁོམ་པ་ཡིན་རྒྱུ་རེད།
དེ་རིང་མ་གཏོགས་ཟླ་བ་གཉིས་གསུམ་ཞིག་གི་རིང་ལ་བཙན་བྱོལ་ཁྲོད་ཀྱི་དྲ་གནས་དེ་ཚོ་ཁ་འབྱེད་ཐུབ་མ་སོང་། རྒྱ་ནག་གིས་རྒྱལ་སྟོན་དུས་ཆེན་ལ་ཉེ་བ་ནས་བཟུང་རྒྱལ་ནང་དུ་ཕྱི་ལོགས་ཀྱི་དྲ་བ་གང་ཡང་སྒོ་འབྱེད་མི་ཐུབ་པས་གསར་འགྱུར་གང་ཡང་མཐོང་ཐོས་དཀའ་བོ་རེད། དེ་རིང་ཨུ་ཚུགས་བྱས་ཏེ་ཡུན་རིང་པོའི་བར་དུ་ངས་བེད་སྤྱོད་བྱེད་པའི་དྲ་འབྱེད་མཉེན་ཆས་ལ་བརྡེག་པ་ཡིན ། དུས་ཡུན་རིང་ཙམ་སོང་ནས་སྒོ་འབྱེད་ཐུབ་སོང་བས་སེམས་པ་ཧ་ཅང་དགའ་བོ་བྱུང་ཞིང་བཙན་བྱོལ་ཁྲོད་ཀྱི་བོད་མི་ཚོ་དང་དངོས་སུ་ཐུག་པའི་ཚོར་སྣང་འདྲ་ཞིག་སྐྱེས་བྱུང་། དུས་དང་བསྟུན་ནས་དྲ་གནས་མང་ཙམ་ལ་བལྟས་པ་ཡིན། སང་ཉིན་ཡང་དེ་བཞིན་དུ་སྒོ་འབྱེད་ཐུབ་པའི་སྨོན་འདུན་ཞུ་ཞིང་། མཇུག་མཐར་དྲ་གྲོགས་ཚོ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་ཁྱེད་ཚོས་བོད་ལ་ཕན་པའི་རྩོམ་ཡིག་མང་དུ་སྤེལ་རོགས།
ངས་ཁྱོད་སུ་ཡིན་གང་ཡིན་མི་ཤེས་ནི་ཞིག་ལ་རྩོམ་ཇི་ལྟར་སྐུར་དགོས་པ་རེད། རྩོམ་ཡིག་ལ་ཁྱོད་ཀླུ་ཚང་ལ་སོང་ཞིག་ཟེར་དགོས་ནི་ཨེ་རེད། ཁ་བྱང་ཙམ་ཡང་བཞག་མི་འདུག མི་སེམས་མེད་ཟེར་ནོ་རེད་ཡ། ཀླུ་སྨྱོན་ཡིན་ནི་མིན་ནམ། ཁྱོད་ཀྱི་ཁ་བྱང་ཁ་བརྡ་ཚང་གི་དཔོན་ཚོའི་མཚན་ཡོད་ས་དེར་འདུག་བསམ་བྱུང་། གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ།
ཟ་རྒྱུ་འཐུང་རྒྱུ་ཡོད་ན་དགའ། བཤད་རྒྱུ་གཏམ་རྒྱུ་མེད་ན་སྲ། བསྐུར་རྒྱུ་ཡོད་ན་འདི་ལ་བསྐུར་lhuboom@yahoo.com
ཟ་རྒྱུ་འཐུང་རྒྱུ་ཡོད་ན་དགའ། བཤད་རྒྱུ་གཏམ་རྒྱུ་མེད་ན་སྲ། བསྐུར་རྒྱུ་ཡོད་ན་འདི་ལ་བསྐུར་lhuboom@yahoo.com
ཟ་ས་འཐུང་ས་ཞིག་ལ་རང་ང་རང་ང་མི་ཞིག་འབོད་དོན་མེད་ཀ དེང་སང་བོད་ནང་ནའང་སྔར་གྱི་ལུགས་སྲོལ་བཟང་བོ་ཚང་མ་ཉམས་ནས་འགྲོ་བཞིན་ཡོད་ནི་རེད། ཕྱི་ལོག་གི་མི་ཞིག་གིས་ད་ཟ་རྒྱུ་འཐུང་རྒྱུ་མི་སྟེར་འདོད་ཀི
འོན་ཀྱང་ང་འདི་མི་ཟས་མེད་ཅིག་ཡིན། ཡོད་ཡོད་ཐམས་ཅད་ལག་མགོ་སྐྱག་པ་ཡི་འཇོག་ནི་རེད། ཁྱོད་ལ་དགའ་རྒྱུ་ཞིག་འཁྱེར་ཡོང་གི་ཡིན་དཱ། ལ་དྭགས་ཁྱེར་ཡོང་པའི་གཡག་ཤ་སྐམ་པོ་ཅུང་ཙམ་ད་ཡོད་དྲ། ཁྱོད་འདི་ས་ཐག་རིང་སོང་བས་དེ་འདྲ་ཞིག་ལ་བསྐུར་ཀྱང་ཐོན་ནི་མ་ར།
རང་ཁ་གསེར་གྱི་སྒོ་མོ་ནས་ རང་སྲོག་གཅོད་ཀྱི་སྟ་རེ་ཟེར་སྲོལ་སྲིད་པའི་གཏམ་དུ་ཡོད་པ་བཞིན། སྤྱི་མི་མིང་འཁུར་མཁན་བོད་མི་དམངས་ཀྱི་འཐུས་ཚབ་དུ་གཏོགས་པ་དེ་ཚོས་སྐད་ཆ་ བཤད་ལུགས་འདིས་སེམས་པ་ལ་ན་ཟུག་རྒྱག་པ་དང་། ཨ་ཐང་ཆད་པ། རེ་བ་མེད་པ། རྒྱའི་སྲིད་གཞུང་གིས་འདོད་ཐོག་དུ་རྟ་རྒྱུག་རྒྱུར་རམ་འདེགས་བྱེད་མཁན་ཞེ་ གཅིག་ལས། བོད་མི་མང་གི་འཐུས་ཚབ་མཚོན་ཐུབ་པའི་སྐད་ཆ་བཤད་ཤེས་པ་ནས་ལག་ལེན་དུ་འཁྱེར་ ཐུབ་མཁན་གྱི་རྣམ་པ་ཞིག་མཐོང་མི་ཐུབ་པ་འདིས། བོད་རིགས་སེར་སྐྱ་མང་ཚོགས་རྒན་གཞོན་བོད་མི་རིགས་ཀྱི་བདེན་དོན་ལ་སེམས་འཁུར་ ཡོད་མཁན་གང་ན་སུ་ཡོད་པ་དག་གིས་སེམས་ཁོང་དུ་ཆུ་འཁྱག་སྐྱོག་བཀང་དང་། རྒྱའི་སྲིད་གཞུང་གིས་འདོད་བློ་ཐེངས་ཤིག་སྐོང་སོང་ཞེས་བཤད་ཀྱང་། གཏན་ནས་ནོར་མེད་ཚོད་དུ་སྣང་བའི་གྲོས་ཚོགས་ཀྱི་ཟུར་འདི་མཐོང་དུས། བོད་ཟེར་བའི་མིང་ཚིག་འོག་ནས་སྐད་ཆ་བཤད་ཤེས་པ་ནས། བསམ་བློ་གཏོང་ཤེས། བསམ་བློ་གཏོང་ཤེས་པ་ནས་ཉན་ཤེས་པ། ཉན་ཤེས་པ་ལག་ལེན་དུ་འགེལ་མཁན་མེད་པ་འདི་ནི་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་ བོ་མཆོག་གི་ཐུགས་རེ་ཆུད་ཟོས་དང་། བོད་ནང་གི་བོད་མི་ཁྲི་མ་འབུམ་གྱི་གཙོ་བའི་བོད་མི་མང་གི་ཆེད་དུ་ལུས་སྲོག་ བཏང་ཟིན་པའི་དབའ་བོ་དབའ་མོ་དག་གི་རྣམ་ཤེས་ལ་ཡང་གུས་བརྩི་ཙམ་ཡང་བྱེད་མ་ཐུབ་ པ་ཞིག་མཐོང་གི་འདུག་ན། རྗེས་ཕྱོགས་འདི་འདྲའི་བྱ་བ་ནོར་འཁྲུལ་ཅན་མི་འབྱུང་བའི་ཆེད་དུ། བོད་སྙིང་ཡོད་མཁན་གང་ས་སུ་བཞུགས་པ་དག་གིས་རང་གཅེས་རང་བདག་གིས་བོད་མི་རིགས་ ཀྱི་ལས་དབང་ལ་འགན་ཞིག་ལེན་རྒྱུར་རེ་སྐུལ་སེམས་ཁོང་རུས་པའི་གཏིང་ནས་སླར་ཡང་ ཐེངས་ཤིག་བྱེད།
གོང་གི་འདི་ནི་ཉེ་སྔོན་གྲོས་ཚོགས་ཀྱི་ཟུར་ཞིག་ཟེར་བ་དེར་བཏབ་པའི་མཆན་པུ་ཞིག་ཡིན་ན་ཡང་། དེ་རིང་འདི་རུ་ཏག་ཏག་རན་པོ་འདུག་པ་ལྟ་བུ་ཞིག་མཐོང་ནས་སྤུན་ཟླ་དག་ལ་འབུལ་བ་ཡིན་ལགས།
ཁ་སང་བྲེལ་ཟིང་གི་དབང་གིས་རྩོམ་འདི་འབྲི་མཁན་གྱི་མིང་འཇོག་རྒྱུ་བརྗེད་འདུག ཨོ་ འདི་འབྲི་མཁན་ འདྲེ་རིག་ལྡན་ཞུ་བ་ཁོང་རེད། ད་བཅོས་ཡོད།
དཔྱོད་ལྡན་དྲ་གྲོགས་ཁ་བརྡའི་ཡུལ་དུ་ཕེབས།།
ོརང་རིགས་སྐད་ཡིག་བླ་སྲོག་རིན་པོ་ཆེ།།
དྲ་བའི་དུས་རབས་ནང་དུ་ལེགས་སྤྱད་དེ།།
མི་རིགས་རྩ་དོན་བསྒྲུབ་པར་ཅིས་མི་འབུངས།།
Who is this intelligent ghost ? It is very strange name I swear. Please, write your real name. I am scare of your name before read your article. Write down your real name ………………
སྔོན་མ་ནས་ཁ་བརྡ་འདི་ལ་མིང་ཐོ་འགོད་རྒྱུ་ཡོད་པ་ཞིག་བཟོ་རོགས་གནས་ཞེས་ཐེངས་མང་ཞུ་རྒྱུ་བྱུང་། ཐུགས་རྗེས་གཟིགས་འདི་གང་མགྱོགས་ལག་ལེན་གཏོང་རོགས་གནང་། དེ་ལྟར་བྱུང་ན། སྐད་ཆ་ཤོད་དུས་འགན་ཁྲི་སྲུང་ཐུབ། དེ་མིན་གང་བསམ་དང་གང་བཤད་ཀྱིས་བོད་ཀྱི་སྤྱི་ཚོགས་འདི་ཐལ་བའི་བརྡུལ་དུ་བརླག་རྒྱུ་རེད། གཟིགས་དང་། ཆོས་ལུགས་ཀྱི་འཐེན་ཁྱེར་གྱིས་ནད་རྙིང་པ་ག་ཚོད་ཡར་བླང་མ་སོང་ངམ། སྤྱི་འཐུས་རྙོག་འདྲ་ལས་ཆོལ་ཁའི་འཐེན་ཁྱེར་ཇི་ཙམ་ཁྱབ་བརྡལ་ལ་བཏང་མ་སོང་ངམ།
ཁ་བརྡ་ལགས་ཐུགས་རྗེས་གཟིགས། འདི་ལྟར་ཡོང་བའི་རེ་བ་ཞིག་ཡིན། ངས་གསལ་པོ་ཤེས་པ་ཞིག་ལ། རྒྱལ་བ་རིན་པོ་ཆེ་ལ་ཁ་བརྡའི་ནང་གི་རྩོམ་ཇི་འདྲ་བཏོན་གྱི་ཡོད་མིན་སྙན་གསེང་གསལ་པོ་ཞུས་འདུག ཡིན་ནའི་ཁོང་གི་རྣམ་འགྱུར་ད་ལྟ་ཤེས་མ་སོང་། གལ་ཏེ་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་འདྲ་འདི་ཚོ་བོད་ཀྱི་རིག་གནས་མཁྱེན་མཁན། ཆོས་ཀྱི་གོ་དོན་རྟོགས་མཁན། བོད་མིའི་ཚན་ཉིད་ཆ་ཚང་བ་ཡོད་མཁན་གྱི་ཁོར་ཡུག་ནང་ནས་ཡོང་ན། སེམས་སྐྱོ་དགོས་པ་ཞིག་རེད་སྙམ།
ཐུགས་རྗེས་གཟིགས། ཁ་བརྡ་འདི་འགན་འཁུར་ཐུབ་མཁན་གྱི་ཟིན་བྲིས་ཁུངས་ལྡན་ཞིག་འགྱུར་བར་རོགས་པ་གནང་རོགས།
དྲ་རྒྱ་དག་ལ་ཅུང་འགྲོགས་འདྲིས་ཡོད་ན་དྲ་གྲོགས་ཚོས་སྨྱུག་མིང་སྤྱད་ཀྱང་སུ་ཡིན་ཕལ་ཆེར་ཤེས་ཀི་རེད། འོ་ན་ཁྱོད་རང་སུ་ཡིན་དང་བོད་ཡིག་དྲ་ངོས་འདིར་དབྱིན་ཡིག་འབྲི་དོན་གསལ་བཤད་བྱས་མི་འདུག་ག ལམ་སེང་ཐོག་མར་མིའི་གདོང་ལ་འཛུབ་མོ་འཛུགས་རྒྱུར་གོམས་ན་ཡག་པོ་ཡོད་པ་མ་རེད། མ་གཟི་ཁྱོད་ཀྱི་སུ་ཟེར་གིན་ཡོད། གོང་ན་སྨྱུག་མིང་འགའ་འདུག་ག རྩོམ་འདི་འབྲི་མཁན་ལ་ཟེར་གིན་ཡོད་ན། དུས་བབ་ཚང་ན་ཁོས་ཟིན་བྲིས་ཤིག་ཀྱང་གཉེར་འདུག་ན་དེར་སོང་ནས་ཁོང་དྲིས་ཤིག