མེ་ཏོག་དཀར་པོ།
དེ་རིང་ངས་ཁ་བརྡའི་སྐོར་ལ་སྐད་ཆ་ཁ་ཤས་ཤོད་འདོད་བྱུང་། ལོ་ཁ་ཤས་གཅིག་གི་གོང་ནས་དྲ་བའི་ཐོགས་བོད་ཡིག་གང་འདོད་འབྲི་ས་ཡོད་ཚུལ་ཐོས་པས་ཤིན་ཏུ་སྤྲོ་སྣང་ཆེན་པོ་བྱུང་། རྒྱུ་མཚན་ནི་རང་ཉིད་བོད་ཡིག་བྲིས་ཤེས་ཤིང་ཀློག་ཤེས་ལ། བོད་ཡིག་ལ་དུངས་པས་རེད། དེ་རྗེས་དུས་ཡུན་གང་འཚམས་རྗེས་ཁ་བརྡའི་དྲ་བ་འདི་མཐོང་། ཡིན་ནའང་དེ་སྐབས་ང་རང་སྒྲིག་འཛུག་ཅིག་གི་འོག་ལ་ཡོད་པས་དྲ་བ་བལྟ་རྒྱུ་དང་མཆན་བུ་འབྲི་རྒྱུ་སོགས་ཕར་ཕྱོགས་སྒྲིག་འཛུག་གིས་བཅུན་པས་དུས་ཚོད་མེད་ལ་ཚུར་ཕྱོགས་སྒོར་མོས་སྟོང་པས་ཀམ་པུ་ཊར་ཡང་མེད། དེ་རྗེས་གོང་གི་བར་ཆད་གཉིས་པོ་དུས་དབང་གིས་སེལ་བས་ཁ་བརྡ་བལྟ་ཤིང་ཀློག་འགོ་བརྩམས། སྟབས་མ་ལེགས་པ་ཞིག་ལ་དེའི་སྐབས་ཁ་བརྡ་ནང་ནང་དམེ་བྱེད་བཞིན་པའི་སྐབས་སྟེ། ང་ཚོའི་སྤྱི་ཚོགས་ནང་ཤིན་ཏུ་ཚོར་བ་རྣོ་བའི་ཆོས་བརྒྱུད་ཀྱི་རྙོགས་དྲ་དེ་རོ་ལངས་རྒྱག་བཞིན་པ་རེད་འདུག དེ་སྐབས་ངས་མཆན་བུ་བཏགས་སྟངས་མི་ཤེས་པས་དངངས་སྐྲག་གིས་ངས་ཀྱང་ཚིག་ཁ་ཤས་ཤིག་ཤོད་རྒྱུ་བྱུང་ན་བསམ་བསམ་འདྲ་བྱུང་ཞིང་། མཆན་བུ་འགའ་རེ་ཀློག་གིན་ཀློག་གིན་སྙིང་གྲང་ཐིང་ཐིང་འདྲ་བྱས་ནས་ཉིན་གང་བློ་མི་བདེ་ཞིང་། མཚན་མོའང་རྨི་ལམ་ཟ་ཟི་ཞིག་གིས་གཉིད་ལེགས་པོ་ཞིག་ཁུགས་མི་བཅུག དེ་ནས་ངའི་གྲོགས་པོ་ཁ་ཤས་ལ་བོད་ཡིག་གི་དྲ་རྒྱ་ཁ་བརྡ་འདིའི་སྐོར་ལ་ངོ་སྤྲོད་དང་དེའི་སྐོར་ལེགས་ཉེས་ཀྱི་བགྲོ་བ་གླེང་། མང་ཆེ་བས་ཁ་བརྡ་ནི་ཨ་མདོ་བཁྱུ་གཅིག་གིས་བྱས་པ་ཡིན་ཞིང་། ལུང་ཚན་དང་ཆོས་ལུགས་ཀྱི་ཕྱོགས་རིས་ཆེ། ཤེས་ཡོན་མེད་པའི་མི་རྐྱང་རྐྱང་འཛོམས་ས་ཡིན་པས་དེར་འགྲོ་མི་རུང་ཟེར་ལ། འགའ་ཤས་ཀྱིས་ཁ་བརྡར་སོང་ནས་གཞན་ཕྱོགས་ལ་དགག་པ་ནན་མོ་བྱེད་དགོས་པའི་བསམ་ཚུལ་བཏོན། ངས་ནི་ཁོང་ཚོས་བཤད་པ་ཚང་མ་བདེན་པར་མ་འཛིན་པར་ཁ་བརྡར་སོང་ནས་རང་གི་ཤེས་པའི་བོད་ཡིག་རྐང་ཆག་ལག་ཆག་འདི་བེད་སྤྱོད་གཏོང་ས་དང་། གལ་ཆེ་ཤོས་ཤིག་ལ་བོད་ཀྱི་ཆོས་དང་རིག་གཞུང་། འདས་པའི་བྱུང་བའི་རབས། འབྱུང་འགྱུར་གྱི་ཁེ་ཉེན། ད་ལྟའི་གནས་སྟངས་སོགས་ལ་བསམ་བློ་བརྗེ་རེས་དང་། སྤྱིར་རྒྱལ་པོ་གཙོ་ཡང་གྲུ་ལ་འགྲོ་དུས་མཉན་པ་གཙོ་བོ་ཡིན་པ་ལྟར་གནས་སྟངས་གཅིག་གི་སྒང་ལ་གཞན་རྣམས་ཀྱིས་ཀྱང་མ་མཁྱེན་པ་འགའ་ཤས་ཕྲན་ལྟ་བུས་ཤེས་པ་ཡོད་སྲིད་པས་དེ་ཚོ་ལེགས་སྐྱེས་སུ་ཕུལ་ཐུབ་པའི་རེ་བ་དང་བཅས་ཁ་བརྡར་མཆན་བཏགས་འགོ་ཚུགས། དེ་ནས་བཟུང་ཁ་བརྡ་འདི་ངའི་གྲོགས་པོ་ཡག་ཤོས་ཤིག་ཏུ་གྱུར། དུས་ཚོད་དང་དྲ་བའི་མཐུན་རྐྱེན་ཡོད་ས་ཞིག་ན་སླེབས་ཚེ་ང་ལ་རོགས་པ་གཞན་གྱི་དགོས་པ་མེད། ཀམྤུ་ཊར་ལ་ངོ་གཅེར་ནས་དུས་ཚོད་གཏོང་རྒྱུ་མང་དྲག་པས་དགའ་ཉེ་དང་གྲོགས་པོ་ཚོའི་ས་ནས་ཁ་བརྡུང་བཟེད་དགོས་བྱུང་བའང་ཉུང་ཉུང་མིན།་དེས་ན་ངའི་གཅེས་པའི་ཁ་བརྡ་ལ་བསམ་ཚུལ་ཁ་ཤས་འབྲི།
༡ ༽ ཡི་གེ་ཨ་མ་ཤར་སའི་ངོས་དེ་ཅུང་འོད་ཆུང་བའི་མདོག་ཅིག་ལ་བསྒྱུར་ན་མིག་ལ་མི་གནོད་པར་ཕན། འདི་རྩམ་གཟན་ནམ་རྩམ་དགའི་བསམ་འཆར་ཡང་ཡིན།
༢༽ གཡོན་གྱི་༼མཆན་མང་ཤོས་ཀྱི་རྩོམ་ཡིག་༽ཅེས་པའི་འོག་ཏུ་ཡོད་པའི་རྩོམ་ཡིག་སོ་སོའི་འགོར་ཨང་ཀི་བཀོད་རྒྱུ།
དེ་ཡང་དཔེར་ན།
ཨང་། རྩོམ། མཆན་བུ་གྲངས།
༡ བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས། ༤༡༩
༢ རྒྱ་རི་སྒྲོལ་མ་། ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན། ༢༩༧
༣ བོད་་ཀྱི་ཨོ་བྷ་མ། ཡང་ན། རྒྱ་ནག་གི་ཨོ་བྷ་མ། ༡༢༩
ལྟ་བུ་རྩོམ་མིང་ནར་རྒྱུགས་ཡོད་པ་ལ་ཤོག་ཚད་ཆུང་སྐྱོན་གྱིས་མ་ཤོང་ན་དེའི་སྟེང་མདའ་བཙུགས་པས་ཤར་ཡོང་བ་ཞིག་བཟོས།
ཨང་། རྩོམ། མཆན་གྲངས་བཅས་རེའུ་མིག་ནང་བཀོད་རྒྱུ། མཆན་གྲངས་ལ་གུག་ཤད་མི་དགོས། འདིས་མཐོང་ན་མཛེས་ཤིང་མཆན་བུ་མང་ཤོས་ཀྱི་རིགས་ད་ལྟའི་འདི་ལས་མང་བ་མཐོང་ཐུབ།
༣༽ དེའི་འོག་ཏུ་༼ཉེ་འཆར་གྱི་རྩོམ་༽ཞེས་པའི་འོག་ཏུ་གོང་དང་མཚུངས་པར་ཨང་ཀི་དང་རྩོམ་གཉིས་རེའུ་མིག་ནང་བཀོད། ཐིག་རེ་རེ་ལ་རྩོམ་མིང་རེ་རེ་ནར་རྒྱུགས་ཀྱིས་བཀོད། མ་ཤོང་བ་རྣམས་ལ་དེའི་སྟེང་མདའ་བསྣུན་པས་མཐོང་ཐུབ་པ་བཟོས།
དེསརྩོམ་ ༢༢ ཐམ་པའི་མིང་ང་ཚོས་ལས་སླ་པོར་མཐོང་ཐུབ། ད་ལྟ་རྩོམ་མིང་རིང་བའི་གྲས་ཀྱིས་ཐིག་ཕྲེང་གསུམ་རེའི་ས་བཀག་གིན་འདུག ད་ལྟ་ངས་རྩོམ་ཡིག་འདི་འབྲི་བཞིན་པའི་སྐབས་རྩོམ་ ༡༥ མིང་ལས་མཐོང་མི་ཐུབ།
༤༽ དེའི་འོག་ཏུ་༼ཉེ་འཆར་གྱི་མཆན་བུ་༽ཞེས་པའི་འོག་ཏུའང་ཨང་ཀི་གསར་དུ་བསྣན། ཨང་ཀི། མཆན་བུ་བ། རྩོམ་མིང་བཅས་རེའུ་མིག་ནང་བཀོད། དེ་ཡང་གོང་དང་མཚུངས་པར་མཆན་བུ་བ་དང་རྩོམ་མིང་གཉིས་ནར་རེར་ཐིག་ཕྲེང་གཅིག་ནང་བཀོད་པས་ང་ཚོས་མཆན་བུ་གསར་ཤོས་གྲངས་ ༤༦ ཐམ་པ་བདེ་བླག་ཏུ་རྙེད། འདིས་ཁ་བརྡར་མཆན་བུ་བཏགས་མཁན་གྲངས་མང་དུ་འགྲོ་བའི་དགེ་མཚན་ཆེ། ཡིན་ནའང་འདི་ལ་གྲངས་ཚད་གཅིག་ཡོད་ནའང་མི་འགྲིག་མིན་འདུག་དཔེར་ན། གྲངས་ ༣༥ ལྟ་བུ་ཞིག་གི་བར་དུ་བཞག་པ་ལྟ་བུའོ།།
ད་ལྟ་ཐིག་ཕྲེང་ ༤༦ ལ་མཆན་བུ་གསར་ཤོས་ ༡༦ ལས་མཐོང་མི་ཐུབ།
༥༽ གཡས་ཀྱི་ཟུར་གྱི་ཤོག་ངོས། ཁ་བརྡ། ཡིག་མཛོད། སོགས་ཀྱི་འོག་ཏུ་ཡོད་པའི་རྣམ་གྲངས་ལ་ཨང་ཀི་རེ་བསྣན། ༼ཡིག་མཛོད་༽ཅེས་པའི་འོག་ཏུ་ཨང་ཀི། ལོ། ཟླ། རྩོམ་གྲངས་བཅས་རེའུ་མིག་ནང་བཀོད། རྩོམ་གྲངས་ལ་མདའ་བསྣུན་པས་
ཨང་གྲངས། རྩོམ་མིང་། རྩོམ་པ་པོ། མཆན་བུའི་གྲངས་བཅས་རེའུ་མིག་ཅན་གྱི་ངོས་སུ་ཤར་རྒྱུ་བཟོས། དཔེར་ན།
ཨང་། རྩོམ་མིང་། རྩོམ་པ་པོ། མཆན་གྲངས།
༡ བོད་ནང་གི་སློབ་གསོ། བེ་རི་འཇིགས་མེད། ་ ༡༠༠
༢ འདོད་པའི་བསྟན་བཅོས། དགེ་འདུན་ཆོས་འཕེལ། ༣༠༠
༣ ཆེས་མཐའ་མའི་སེམས་གཏམ། གཅན་བཟོད་རྒྱམ། ༩༠
འདི་འདྲ་ཡོད་ཚེ་རྩོམ་ཡིག་མང་པོ་ཞིག་གི་དཀར་ཆགས་ལས་སླ་པོར་མཐོང་ཐུབ་པས་སྟབས་བདེ། ད་ལྟ་སྤྱི་ཟླ་བརྒྱད་པར་མདའ་་བསྣུན་ཚེ་ངོ་གདོང་ཨ་མའི་ནང་ཤར་བ་ཇི་བཞིན་རྩོམ་ཡིག་ངོས་གཅིག་ཙམ་དང་དེ་འོག་མཆན་གྲངས་གསལ་བ་ལྟར་ན་རྩོམ་འཚོལ་བ་ལའང་ངལ་བ་ལྷག་པོ་ལྟེར།
༦༽ ད་ལྟ་ཁ་བརྡའི་ནང་འཇུག་བཞིན་པའི་མིང་གྲངས་འདི་ཡོད་ཅེས་ཟུར་ཞིག་ནས་ཨང་གྲགས་ཤར་རྒྱུ་བཟོས། འདིས་ཁ་བརྡར་སྤྲོ་བ་འཕེལ་བའི་གྲོགས་སུ་འགྲོ།
༧༽ རྩོམ་མིང་གཅིག་པ་ཡིན་པ། དཔེར་ན་ཟླ་འདིའི་ནང་༼གཡུ་ཐོག་ལམ་༽ གཉིས་འདུག འདིས་མཆན་བུ་རྣམས་མགོ་རྨོངས་པར་འགྱུར་བས་མ་མཐར་ཟླ་གཅིག་གི་ནང་རྩོམ་མིང་གཅིག་པ་བྱས་པ་གཉིས་མི་བཞག
ད་ངའི་བསམ་བློ་འཁོར་ཐུབ་གིན་མིན་འདུག གྲོགས་པོ་ཚོས་ཀྱང་བསམ་ཚུལ་གང་མང་འདོན། དེ་ནས་ང་ཚོས་ཁ་བརྡ་རྒན་མོ་འདིའི་ངོ་གདོང་གསར་པ་ཞིག་མཐོང་ཐུབ་པར་སྨོན། བཀྲ་ཤིས་བདེ་ལེགས།།
Free speach very important and it brings all the knowledge. Please don’t think in narrow way. Karpola
ཉིན་ཤས་རིང་བྲེལ་འཚུབ་འཚུབ་ཀྱི་རྐྱེན་བྱས་ཏེ་རྩོམ་ཡིག་བཀླགས་མི་འདུག དགོངས་འཆར་དེ་ཚོ་དངོས་གནས་ཡག་པོ་འདུག ད་དུང་ཡར་རྒྱས་གཏོང་ཕྱོགས་ཀྱི་སྐོར་གསུངས་དང་། ངེད་ནས་གོང་གི་དགོངས་འཆར་འདི་ཁ་བརྡའི་ལག་རྩལ་པ་ལགས་དང་ལྷན་དུ་གོ་བསྡུར་དང་ཁ་བརྡའི་ལས་ཀ་བྱེད་མཁན་༼དང་བླངས་པ་༽རྣམས་དང་ལྷན་དུ་གླེང་གི་ཡིན། གང་མགྱོགས་འགྱུར་བ་གཏོང་ཆོག་ཆོག་གི་རིགས་རྣམས་འཕྲལ་དུ་གཏོང་ཐབས་དང་། ཅུང་དཀའ་བའི་རིགས་རྣམས་རིམ་གྱིས་འགྱུར་བ་གཏོང་ཐབས་བསྟེན་གི་ཡིན། ཐུགས་རྗེ་ཆེ།
ཁ་བརྡ་ཡར་རྒྱས་བཏང་ཐུབ་ན་ཧ་ཅང་ལེགས་ཤིང་དགའ་སྤྲོ་ཡོད་ཀྱང་སྨྲ་བརྗོད་ལ་སྔ་ལྟར་གུ་ཡངས་གནང་བའི་རེ་བ་ཡོད། རྒྱུ་མཚན། སྨྲ་བརྗོད་ནི་ཤེས་རིག་གི་འབྱུང་ཁུངས་དང་རྣམ་མཁྱེན་གྱི་བོན་ཡིན་པས་མི་རིགས་གང་ཞིག་གནས་ཚུལ་འདི་དང་ཁ་བྲལ་ཚེ། རིན་ཐང་བྲལ་བའི་ཡར་རྒྱས་ཀྱི་ཆ་རྐྱེན་ཞིག་རྩ་བརླགས་ཕྱིན་པ་མ་ཟད་མི་རིགས་འདིའི་གསར་གཏོད་དང་ཚུར་ལེན་གྱི་རིག་གཞུང་ལ་འགོག་རྐྱེན་ཐེབས་པས་སྔ་གནས་ལས་མདུན་མཆོང་བྱེད་ཀྱི་གོམ་སྟབས་ལ་ཚད་བཀག་ཐེབས་ངེས་ཡིན། གལ་སྲིད་མི་སུ་དང་ཚོགས་པ་སུ་ཞིག་གིས་གཏམ་བརྗོད་དབང་ལ་གུས་བཀུར་མེད་ཚེ་དེ་ནི་དམར་ཕྱོགས་ལྟར་མི་འགྱུར་བའི་ངེས་བ་མེད་ཅིང་ཁ་བརྡའི་ཕན་ནུས་དང་ཁྱབ་ཁོངས་ཇེ་ཆུང་དུ་འགྲོ་བའི་ཉེན་ཁ་ཡོད། ཁ་བརྡ་ཡི་དམིགས་བསལ་གྱི་བཟང་ཆོས་གཙོ་བོ་ནི་ནུབ་ཕྱོགས་བཞིན་རྩོམ་པ་པོ་དང་མཆན་མཁན་གྱི་སྨྲ་བརྗོད་ལ་གུས་བཀུར་བྱེད་པས་ཡིན།
ངའི་ཆེད་རྩོམ་འདི་སྤྱི་འཐུས་སྐོར་སུ་དང་སུ་ཟེར་བ་འདིའི་ལྷན་དུ་བྱུང་བར་འགྱོད་པ་བྱུང་། དྲ་གྲོགས་ཚང་མ་དེར་མགོ་འཁོར་སྡད་འདུག
བསམ་འཆར་རེ་གཉིས་ད་དུང་ཆད་སོང་འདུག ག་ལེར་འགོད་གི་ཡིན།