དོལ་སྨྱོན།
ཁ་བརྡ། དབྱངས་ཅན་ལྷ་མོའི་ནུ་ཟུང་ལས་འབབ་པའི་འོ་མ་མངར་མོ།
ཁ་བརྡ། འཇམ་པའི་དབྱངས་ཀྱི་རལ་གྲི་ལས་མཆེད་པའི་མེ་ལྕེ་དམར་མོ།
ཁ་བརྡ། ཐོན་མི་མཁན་པོའི་ཟུངས་ཁྲག་ལས་བཞུར་བའི་དབྱངས་གསལ་གྱི་དོ་ར།
ཁ་བརྡ། མེས་པོ་ཚོའི་རུས་རྐང་ལས་ཟགས་པའི་རྣམ་ཤེས་དྲོན་མོ།
ཁ་བརྡ། ཡབ་མེས་ཚོའི་རྔུལ་ཆུ་ལས་གྲུབ་པའི་ཕ་ཁྱིམ་སྨུག་པོ།
ཁ་བརྡ། སྣ་མང་ཤེས་བྱས་བྱུར་བུར་གཏམས་པའི་བང་མཛོད་ཆུང་ཆུང་།
ཁ་བརྡ། གཞུང་ལུགས་ཀྱི་དཀའ་གནད་འགྲོལ་སའི་གསེར་གྱི་ལྡེ་མིག
ཁ་བརྡ། ལོ་རྒྱུས་ཀྱི་རྙོག་འཁྲང་སེལ་བའི་སྒྲོན་མེ་ཚེ་འབར།
ཁ་བརྡ། སྙན་ངག་གི་མེ་སྟག་མཆེད་སའི་བསྟི་གནས་མཛེས་པོ།
ཁ་བརྡ། མཛེས་མའི་བྲང་གཞུང་ལས་ཡངས་པའི་སྙན་ཚིག་གི་འབྱུང་གནས།
ཁ་བརྡ། དཔའ་བོའི་གྲི་རྩལ་ལས་མྱུར་བའི་དགག་བཞག་གི་བསྟི་གནས།
ཁ་བརྡ། མེ་ཏོག་མའི་ནུ་ཟུང་ལས་མཛེས་པའི་མིག་གི་ལོངས་སྤྱོད།
ཁ་བརྡ། རོ་དྲུག་གིས་མཚོན་ཐབས་བྲལ་བའི་སེམས་ཀྱི་ཟས་མཆོག
ཁ་བརྡ། གཤོག་རྩལ་རྒྱས་པའི་རྒོད་པོ་ཚོས་གནམ་འཕང་གཅོད་ས།
ཁ་བརྡ། རྒྱས་ལ་ཁད་པའི་རྒོད་ཕྲུག་ཚོས་གཤོག་རྩལ་སྦྱོང་ས།
ཁ་བརྡ། སྐད་ཡིག་ལ་དུངས་བ་ཟབ་པའི་མི་བུ་ཚོས་མིག་ཟུང་ཅེར་ས།
ཁ་བརྡ། ལས་ཅན་ཚོས་རང་ཉིད་ཀྱི་མདོ་དོན་གྲུབ་ས།
ཁ་བརྡ། ལས་མེད་ཚོས་དུས་ཚོད་ཀྱི་འཁོར་ལོ་སྐོར་ས།
ཁ་བརྡ། སྐྱིད་ན་སྐྱིད་པའི་གླུ་དབྱངས་མཉམ་དུ་ལེན་ས།
ཁ་བརྡ། སྡུག་ན་སྡུག་པའི་མིག་ཆུ་མཉམ་དུ་བཞུར་ས།
ཁ་བརྡ། དབྱངས་གསལ་སུམ་ཅུའི་ལང་ཚོ་ངོམ་ས།
ཁ་བརྡ། ན་ཆུང་མཛེས་མའི་ལང་ཚོ་ལས་ཐོན་པའི་མེ་ཏོག་རྐང་གཅིག
ཁ་བརྡ། ཡོད་ཚད་ལ་གསོན་ཤུགས་རྒྱས་པའི་དཔྱིད་རླུང་བསིལ་མོ།
ཁ་བརྡ། སྙན་ངག་མཁན་པོའི་མིག་ཟུང་ནས་ལྷུང་བའི་མིག་ཆུའི་ཐིག་པ་དྲོན་མོ།
ཁ་བརྡ། སྙན་དགུས་གཏམས་པའི་དབྱངས་ཅན་མའི་པི་ཝང་རིང་མོ།
ཁ་བརྡ། སྣ་མང་མེ་ཏོག་དུས་གཅིག་བཞད་པའི་ལྡུམ་ར་མཛེས་པོ།
ཁ་བརྡ། བརྩེ་དུང་དང་ལག་འཇུས་འཚོ་བའི་མེ་ཏོག་དཀར་པོ།
ཁ་བརྡ། དོན་མེད་དོན་ཡོད་དུ་སྐུལ་སའི་སྨྱུག་རྩེ་རྒོད་པོ།
ཁ་བརྡ། དོན་ཆེན་དོན་མེད་དུ་སྒྱུར་སའི་སོར་རྩེ་ཡང་མོ།
ཁ་བརྡ། རང་དབང་ངང་སེམས་ཀྱི་ན་ཟུག་ཕྱིར་འདོན་ས།
ཁ་བརྡ། དག་པ་དང་མ་དག་པའི་ཡི་གེ་གང་འདོད་དུ་འབྲི་ས།
ཁ་བརྡ། མི་རིགས་ཀྱི་ལ་རྒྱ་སྨྱུ་གུའི་ལམ་ནས་ཟློས་གར་བསྒྱུར་ས།
ཁ་བརྡ། ཆོས་ཀྱི་ལ་ཞེན་དུམ་བུ་དང་དུམ་བུ་བྱས་ཏེ་བརྗོད་ས།
ཁ་བརྡ། དོལ་པོ་སྨྱོན་པས་དགའ་བ་དང་སྐྱོ་བའི་གླུ་ལེན་ས།
ཁ་བརྡ། མེ་ཏོག་ང་ཡི་རྣམ་དཔྱོད་ཀྱི་རི་མོ་པིར་གྱིས་འབྲི་ས།
ཁ་བརྡ། ཁ་སྐད་མི་འདྲ་རང་རང་ཡུལ་སྐད་བརྗོད་ས།
ཁ་བརྡ། དོན་མཐུན་མཁས་པའི་བགྲོ་གླེང་བྱེད་ས།
ཁ་བརྡ། དོན་མེད་སྐྱེ་བོས་ཁ་སྣ་རྩོད་ས།
ཁ་བརྡ། ཕོ་ཡིས་མོ་གདོང་མཛེས་རིས་གྱོན་ས།
ཁ་བརྡ། མོ་ཡིས་ཕོ་སྐད་དྲག་པོ་བརྒྱབ་ས།
ཁ་བརྡ། ཕོ་མོའི་བར་དུ་མཐུན་སྡེབ་བྱེད་ས།
ཁ་བརྡ། གཟའ་ཚང་བར་དུ་དབྱེན་སྦྱོར་བྱེད་ས།
ཁ་བརྡ། ཁྱེད་ཉིད་ཡོ་ཚད་ལྡན་པའི་དགོས་འབྱུང་ནོར་བུ།
མོ་ཡིས་ཕོ་སྐད་དྲག་པོ་བརྒྱབ་མཁན་ཞིག་ཡོད་ན། དངོས་གནས་ཡིན་་་་་་སྙིང་ནད་སང་སང་འགྲོ་ཡ་ཞིག་་་་་
དབྱངས་གསལ་རྒྱུ་སྐར་འཛུམ་པའི་ལང་ཚོ་ལ།།
ཡིད་འོང་བརྗོད་དོན་ཉི་ཟླའི་རྣ་ཆ་ཟུང་།།
ཕུན་ཚོགས་རིག་པས་བཟུང་བའི་འཇོ་སྒེག་ལས།།
འཇིག་རྟེན་ཞལ་བགྲོས་བདུད་རྩི་འཐོར་འདི་རྨད།།
ཁ་བརྡ། སྤྱི་དོན་དང་སྒེར་དོན་གཉིས་ཀ་སྒྲུབ་སའི་དྲ་ངོས་གུ་ཡངས་ཤིག
ཁ་བརྡ། དགྲ་གཉེན་ཚང་མས་མིག་ཟུང་ལྡིར་སའི་སྐྱེད་ཚལ་ཡངས་པོ་ཞིག
ཁ་བརྡ། ཚང་མས་གཤེ་ཤིང་ཚང་མས་བསྟོད་སའི་དྲ་ངོས་ཡ་མཚན་ཅན་ཞིག
ཁ་བརྡ། ཆོས་སྲིད་གཉིས་ཀའི་གནད་དོན་གླེང་སའི་གླེང་སྟེགས་གུ་ཡངས་ཤིག
ཁ་བརྡ། ཕན་གནོད་གཉིས་ཀ་ཕྲག་ཏུ་ཁུར་ནུས་པའི་དྲ་ངོས་ནུས་ལྡན་ཞིག
ཁ་བརྡ། སྣོད་བཅུད་ཀྱི་དཀར་ནག་ཁྲ་གསུམ་གསལ་བའི་མེ་ལོང་དྭངས་གཙང་ཞིག
ཁ་བརྡ། དོལ་སྨྱོན་བསེ་རུ་སོགས་ཀྱིས་རྐང་བརྐྱངས་ལག་བརྐྱངས་བྱེད་སའི་ངལ་གསོའི་ལྡུམ་རྭ་ཆེན་པོ་ཞིག
ཁ་བརྡ། བལྟས་ན་མི་འགྲིགས་ཤིང་། མ་བལྟས་ནའང་མི་འགྲིགས་པའི་དྲ་ངོས་ཁྱད་མཚར་ཞིག
ཁ་བརྡ།
ཁ་བརྡ་འདི་ནི་དྲྭ་རྒྱ་རེད། །
དྲྭ་རྒྱ་མཛུབ་མོའི་རྩེ་ལ་ཡོད། །
བྲིས་ཚད་ཐོན་ཡང་དགོས་དབང་གིས། །
འགའ་ཤས་དྲྭ་རྒྱ་བདག་པོས་བསྲུབས། །
དབྱངས་གསལ་སུམ་ཅུའི་ལང་ཚོ་ངོམ་ས།
ཞེས་པར།
དབྱངས་གསལ་སོ་བཞི་ལང་ཚོ་ངོམ་ས།
ཞེས་དགོས་པ་མ་ཡིན་ནམ། སྤྱིར་བཏང་ཨ་ཡིག་བབྱངས་ཡིག་ཡིན་པ་གསལ་བྱེད་ཀྱི་ཁོངས་སུ་བཅུག་པའི་དགོས་པ་དང་། བོད་ཀྱི་བརྡ་སྤྲོད་ཀྱི་མཁན་པོ་ཞིག་གིས་གསལ་བྱེད་ཉེར་དགུ་དང་། དབྱངས་ཡིག་ལྔ་རུ་གསུང་མཁན་ཞིག་ཡོད་པ་ཐོས། དེའི་མིང་ཏན་ཏན་རང་མི་དྲན། ཐུགས་རྒྱུས་ཡོད་ན། འབྲི་བར་མཛོད། ཅེས་ཞུའོ།།
ཁ་བརྡ། ཕན་ཚུན་བསམ་ཚུལ་བརྗེ་སའི་མཛའ་གཅུགས་ཀྱི་གསེར་ཟམ་ཞིག་ཡིན་ཏེ།
ཁ་བརྡ། སེམས་པའི་དགའ་སྐྱོ་གླེང་སའི་གར་སྟེགས་ཤིག་ཡིན་ཏེ།
ཁ་བརྡ། འཚོ་བའི་རྣང་བརྙན་མཐོང་བའི་མེ་ལོང་ཞིག་ཡིན་ཏེ།
བར་སྐབས་ཤིག་ནས་ཁྱེད་རང་།
ཐ་ཤལ་སྐྱེ་བོའི་ཚོའི་ངན་སྨྲས་བརྗོད་ས་དང་།
སྤྲང་འཁྱམས་ལས་མེད་ཚོའི་དབྱེན་དཀྲུགས་བྱེད་ས་རུ་གྱུར་དོན་ཅི་ཡིན།
ཁྱེད་རང་། དྲ་གྲོགས་ཚོའི་བསྟོད་ཚིག་གི་ཆང་ཁང་ནང་དུ།
ཨ་རག་མང་ཙམ་འཐུང་ཆོག་ཀྱང་།
སྔར་ཡོད་པའི་འགྱུར་མེད་རང་ཚུགས་ཀྱི་གཤིས་ཀ་དེ།
ཀླད་རྙིང་སྐྱེ་བོ་ཚོའི་ལག་ནས་མི་ཉམས་པར།
མུ་མཐུད་རྒྱང་དུ་བསྐྱོད་དང་།
དྲ་གྲོགས་ཚོ་ཕེབས་པར་སེམས་གཏིང་ནས་དགའ་བསུ་ཞུ།
ཨ་ཙི་སྨྱོན་པ་འདི། འདི་འདྲའི་ཀུན་རྟོག་པིར་གྱིས་བྲིས་པའི་ཆེད་རྩོམ་གྱི་ལྡུམ་ར་གུ་ཡངས་ཤིང་མཛེས་པ་འདི་འདྲའི་ནང་ང་དང་ང་འདྲ་བའི་མགྲོན་པོ་ནི་མ་བོས་ཀྱང་འོང་བ་ཡིན་ན་དམིགས་བསལ་གྱི་དགའ་བསུ་ཟུར་པ་ཞིག་ག་ལ་དགོས།
དེ་ཕྱིར་དབྱངས་ལྔ་བཞེད་པས་བདེ། །ཅེ་པ་ཅིག་ཀྱང་བཀླགས་མྱོང་།
ཀརྡོ་གཉེར་ཕྱག་པ་ལེགས།
དག་ཡིག་ངག་སྒྲོན་བརྩམ་པར་དམ་བཅའ་ན།
དབྱངས་ལྔ་ཡ་ར་ལ་བའི་འདོགས
ཞེས་གསུངས་པས། ཨ་ཡིག་དབྱངས་ཡིན་པ་གསལ་བྱེད་དུ་བཞག་པ་ནི་བཏགས་པ་ཡིན་གྱི། དངོས་མ་ཡིན། སྤྱིར་བཏགས་པ་ལ་དགོས་པ། རྒྱུ་མཚན། དངོས་ལ་གནོད་བྱེད་སོགས་མཚན་ཉིད་པ་རྣམས་ཀྱིས་མཁྱེན་ངེས་འབྲི་བར་མཛོད། ཅེས་སོ།