ཁ་བརྡ་རྩོམ་སྒྲིག་པས།
ད་ཕན། ཁ་བརྡར་རྩོམ་ཡིག་བསྐུར་མཁན་དང་མཆན་བུ་འདེབས་མཁན། ཁ་བརྡ་ཀློག་མཁན་བཅས་ལ་ང་ཚོས་དགའ་བསུ་ཞུ་བཞིན་ཡོད་། ཁ་བརྡ་དྲ་བ་ཀློག་མཁན་མང་བ་དང་ང་ཚོར་རྩོམ་བསྐུར་མཁན་མང་བ། ཁ་བརྡ་དྲ་བའི་ཐོག་ཏུ་བགྲོ་གླེང་གི་འཁྲུག་ཆ་དོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན། ང་ཚོས་ཀྱང་སོ་སོ་སྒེར་བའི་དུས་ཚོད་བཏང་ནས་དྲ་བ་འདི་ཡར་རྒྱས་གཏོང་ཐབས་ལ་འབད་ཀྱི་ཡོད་། འདིར་ཁ་བརྡ་དྲ་བའི་ཀློག་པ་པོ་ཚོར་། གསལ་བཤད་དང་རེ་སྐུལ་འགའ་སྦྲགས་ནས་ཞུ་གི་ཡིན།
དང་པོ།
ཁ་བརྡར་རྩོམ་བསྐུར་བ་ཚང་མ་ང་ཚོས་དྲ་ཐོག་ལ་འགོད་ཐུབ་པ་མི་འདུག་ལ། འགོད་པའི་ངལ་བ་ཡང་བསྟེན་གྱི་མེད་། ཁ་བརྡས་སྤུས་ཀ་གཙོ་བོ་དང་གྲངས་ཀ་ཕལ་བར་འཛིན་པའི་ཕྱོགས་ལ་གོམ་ཁ་བསྒྱུར་གྱིན་ཡོད་།
གཉིས་པ།
དྲ་རྒྱ་གཞན་པར་བཀོད་ཚར་བའི་རྩོམ་སོགས་ཁ་བརྡར་བསྐུར་ན། ང་ཚོས་རྩོམ་དེ་རིགས་འགོད་མིན་གྱི་ངེས་བ་མེད་།
གསུམ།
དུས་བབ་ཟིན་བྲིས་སོགས་སུ་བཀོད་ཚར་བའི་རྩོམ་རིགས་ངེད་ཚོར་བསྐུར་ན། རྩོམ་དེའི་རིགས་གང་ཉུང་ཉུང་མ་གཏོགས་ཁ་བརྡར་འགོད་གི་མིན།
བཞི།
རྩོམ་མ་བཀོད་པ་རྣམས་མ་བཀོད་པ་རང་ཡིན་པས། དོ་བདག་ནས་ང་ཚོར་བསྐྱར་བསྐུར་ཡང་བསྐུར་མ་བྱེད་རོགས་།
ལྔ་།
གཞན་གྱི་དངོས་མིང་དང་གཏན་འཇགས་སྨྱུག་མིང་བེད་སྤྱོད་བཏང་ནས་མཆན་འདེབས་མཁན་རྣམས། ང་ཚོས་གཏན་འགོག་བྱེད་གི་ཡོད་ལ་མུ་མཐུད་དུ་འགོག་གི་ཡིན།
དྲུག
མི་གཅིག་ནས་མིང་གཉིས་གསུམ་བེད་སྤྱོད་གཏོང་བར་ཐབས་ཤེས་བྱེད་མཁན་རྣམས་ཀྱང་ང་ཚོས་འགོག་བཞིན་ཡོད་།
ཁ་བརྡ་དྲ་བ་འདི་ཡར་རྒྱས་འགྲོ་བར། ཀློག་མཁན་དང་འབྲི་མཁན་གཉིས་ཀས་གཞོགས་འདེགས་གནང་རོགས། དེ་ཙམ་ཞུ།
ཁ་བརྡ་དྲ་ཁང་ལ་ཁ་བརྡ་བྱེད་པར་ཕེབས་མཁན་སུ་ཡིན་ཡང་། ཁ་ཁོག་མེད་པར་ཁ་བརྡ་མཁན་པོའི་ཁ་ལ་ཉན་དགོས་གི་རེད། དེ་ལྟར་ཁ་མིག་ཡར་བལྟ་བྱེད་ན་ཁ་ལས་རླུང་རྟ་དར་གི་རེད།
ཁ་བའི་ལྗོངས་གི་མི་རྣམས་ནི། །
ཁ་བ་ཅན་ལ་ཤ་ཚ་ན། །
ཁ་རོགས་མ་འདུག་ཁ་བརྡའི་ནང་། །
ཁ་བརྡ་བྱེད་པར་ད་ཕེབས་ཤིག །
དྲ་བའི་རྩོམ་སྒྲིག་པའམ་དྲ་བདག་ཅིག་ལ་མཚོན་ནའང་སྒྲིག་གཞི་དེ་འདྲ་ཞིག་ངེས་པར་དགོས་གལ་ཆེན་བས་འཐད་ལྡན་དུ་བཟུང་སྟེ་རྒྱབ་སྐྱོར་ཡོད།
ཁ་བརྡའི་ལམ་ཁ་ཡངས་ཤིང་རྒྱ་ཆེ་ལ།།
ཁ་བརྡའི་དྲ་ལམ་སྤྱོད་སྒོ་ཤིན་ཏུ་བཟང་།།
ཁ་ཁོག་མེད་པའི་ཁ་བརྡ་བྱེད་འདོད་ན།།
ཁ་བརྡའི་སྒོ་མོ་འདི་ན་ཕྱེ་ནས་བཞག།
ཁ་བ་ཅན་གྱི་བོད་རིགས་སྤུན་ཟླ་རྣམས།།
ཁ་སེམས་མཐུན་པའི་ཁ་བརྡ་ཡོང་དཀའ་ཡང་།།
ཁ་བའི་རིག་གནས་འཕེལ་རྒྱས་གཏོང་འདོད་ན།།
ཁ་བརྡ་འདི་ལས་གཞན་ན་ཡོད་རེ་སྐན།།
ཁ་བརྡའི་མཁན་པོའི་ཁ་བརྡ་འདི།
ཁ་བ་ཅན་གྱི་གངས་ཕྲུག་ཚོར།
ཁ་བརྡ་བྱེད་དུ་ཕེབས་ཤོག་ཅེས།
ཁ་གཡང་རན་པའི་གདམས་ངག་ལགས།
མངོན་པར་བསྟོད་དོ་སྟག་ར་བ། ཐ་ཤལ་ལས་ཀྱང་ཆེས་ཐ་ཤལ་དུ་གྱུར་བ་བོན་རྫུན་དེ་ནི་ཕུ་ནུའི་ཕམ་ཁ་ནང་ཞེས་གཞིས་བཞུགས་ལྷག་བསམ་ཅན་དག་གིས་གསུངས་པ་ལྟར་སྣ་ནག་མ་འདྲེན་མཁན་ཕྱི་བཤིག་གི་སྟ་རེ་དང་ནང་བཤིག་གི་སྟེའུ་དེ་ཡིན་ངེས་ཅན་འདུག་ན་ཁྱེད་ཀྱི་རེ་སྐུལ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
ཁ་བརྡ་དྲ་བ་དང་དྲ་ཞབས་ཚངས་མ་ལ་བཀྲ་ཤིས་བདེ་ལེགས། བྱ་བ་ལེགས་ཡོངས་བར་ཤོག དགོངས་དག་ཡང་འདི་ན་མི་སྟག་ར་ཅན་ལགས། རྐུན་མས་རྟ་དེ་རྐུན་མས་བརྐུས། སྡུག་བསྔལ་ཅི་ཡོད་རྐུན་མས་ཤེས་ཟེར་རྒྱུ་བོ་རེད། ད་ཡིན་ན་བོན་ནག་ནང་འཁྲུག་མ་བྱེད་ན་མི་དགའ་འམ། ། ཁ་བརྡ་གསལ་སྒྲག་གི་རྟ་རྒྱུག་ས་དོང་བརྐོ་མ་འདུག་གོ །
ཁ་བརྡ་འདི་ལ་རྣམ་གྲངས་དུ་མ་ཡོད།།
ཁ་རྩུབ་ཁོག་ཡངས་ཅན་གྱི་ཁ་བརྡ་དང་།།
ཁ་ཚ་དགོས་གལ་ཆེ་བའི་ཁ་བརྡ་དང་།།
ཁ་རྩོད་ས་རྩོད་རྒྱག་པའི་ཁ་བརྡ་དང་།།
ཁ་རྩེད་དགོད་བྲོ་སློང་བའི་ཁ་བརྡ་དང་།།
ཁ་ཚོན་མི་ཆོད་རྩོད་པའི་ཁ་བརྡ་དང་།།
ཁ་ཚོང་གཡོ་སྒྱུ་ཆེ་བའི་ཁ་བརྡ་དང་།།
ཁ་ཙམ་ཚིག་ཙམ་མིན་པའི་ཁ་བརྡ་དང་།།
ཁ་འདྲི་ཉམས་ཚོད་ལེན་པའི་ཁ་བརྡ་དང་།།
ཁ་འདུམ་ནང་འགྲིག་བྱེད་པའི་ཁ་བརྡ་དང་།།
ཁ་བརྡུང་གཤེ་གཤེ་གཏོང་བའི་ཁ་བརྡ་དང་།།
ཁ་ན་མ་ཐོ་འཇིགས་སྐུལ་ཁ་བརྡ་དང་།།
ཁ་ཉུལ་སྐད་ཆ་སྔོག་པའི་ཁ་བརྡ་དང་།།
ཁ་ཏ་བསླབ་བྱ་མང་བའི་ཁ་བརྡ་དང་།།
ཁ་འཆམ་ཁོ་ནར་རོལ་བའི་ཁ་བརྡ་དང་།།
ཁ་མཆུ་རྩོད་གླེང་རྙིང་པའི་ཁ་བརྡ་དང་།།
ཁ་རྒྱབ་གཉིས་མེད་དྲང་བའི་ཁ་བརྡ་དང་།།
ཁ་བའི་རིག་གནས་སྦྱང་ན་ཁ་བརྡར་ཕེབས།།
ལགས་སོ་་་་ང་སྨྱུག་མིང་ཅན་ཚོ་གཏན་འགོག་བྱས་ན་ཆོག་པ་མ་ཟད་ཀློག་མི་ཐུབ་པ་ཞིག་བཟོས་ཀྱང་ཆོག་་་་བསམ་འཆར་མེད། ཁྱེད་ཚོ་རང་ཉིད་ཀྱིས་ཀློག་ཐུབ་པ་ཞིག་ལས་མ་བཟོས་ཀྱང་ཆོག
ཁ་བརྡའི་གཏམ་བཟང་སེམས་ལ་བཟུང་ནས།།
ཁ་བརྡའི་སྒྲིག་གཞི་ལག་ཏུ་བསྟར་རོགས།།
ཁ་གསལ་རྒྱུ་མཚན་ཡོད་པའི་བདེན་གཏམ།།
ཁ་བརྡའི་དྲ་ཚིགས་འདི་རུ་བཀོད་རོགས།།
ཁ་ཁོག་མི་མཐུན་གཏམ་འཆལ་རིང་མོ།།
ཁ་གསལ་མེད་པའི་རྙོག་གཏམ་མང་པོ།།
ཁ་བརྡའི་དྲ་ཚིགས་མེ་ལོང་ངོས་སུ།།
ཁ་ཐུག་འགོད་པའི་ངལ་བ་མ་བསྟེན།།
ཁ་བརྡ་ཚང་ལ་དྲི་བ་རེ་གཉིས་ཤིག་འདུག ཁ་བརྡའི་བཅའ་ཁྲིམས་དོན་ཚན་ལྔ་པར། “གཞན་གྱི་དངོས་མིང་དང་གཏན་འཇགས་སྨྱུག་མིང་བེད་སྤྱོད་བཏང་ནས་མཆན་འདེབས་མཁན་རྣམས། ང་ཚོས་གཏན་འགོག་བྱེད་གི་ཡོད་ལ་མུ་མཐུད་དུ་འགོག་གི་ཡིན།” ཞེས་བཀའ་གནང་འདུག དཔེར་ན་མི་གཅིག་གིས་མ་གཏོགས་བཀོལ་མི་མཆོག་པའི་དངོས་མིང་ཞིག་དགོས་པ་རེད་དམ། དཔེར་ན། དགེ་འདུན་རབ་གསལ་ཞེས་པའི་མིང་ཁ་བརྡའི་རྩོམ་སྒྲིག་པ་ལས་གཞན་པས་མི་ཞིག་ལ་དངོས་མིང་དུ་འཇུག་སྲིད་དམ་མི་སྲིད།
ཡང་སྨྱུག་མིང་བེད་སྤྱོད་བཏང་ནས་མཆན་འདེབས་མཁན་རྣམས་གཏན་འགོག་བྱེད་ཀྱི་ཡོད་ཅེས་བྲིས་འདུག དཔེར་ན། སྤོབས་པ་མཐའ་ཡས་དང་། བོད། ལྷ་ཀླུ་གཉན་གསུམ། ལ་སྟོད་བུ། ཀླུ་སྨྱོན། འདོད་ལྷ་ཁམས་པ་སོགས་དངོས་མིང་རེད་དམ་སྨྱུག་མིང་རེད།
དོན་ངོ་མ་འགོག་དགོས་པ་ཞིག་ལྷག་ཡོད་པ་ནི། གྲུབ་མཐའ་ཕན་ཚུན་གྱི་མཚན་གནས་བེད་སྤྱོད་ཀྱིས་མཆན་འགོད་པ་འགོག་རྒྱུ་གལ་ཆེའོ། །
བཅའ་ཁྲིམས་དོན་ཚན་ལྔ་བ་དེར་ཅི་ལྟར་བསམ་བློ་བཏང་རུང་སྟབས་བདེ་བོ་ཞིག་འགྲེལ་མ་ཐུབ་ན་ཡང་། ངས་ཚོད་ལྟ་བྱས་ན་འདི་ལྟར། དང་སྒྲ་ལ་བསམ་བློ་གཏོང་རྒྱུ་མི་འདུག དང་ནི་འབྱེད་སྡུད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག་གསུངས་པ་ལྟར། འབྱེད་སྡུད་གཉིས་ལས་གང་ལ་བསམ་བློ་བཏང་ན་ཡང་གཏན་འཇམས་སྨྱུག་མིང་བེད་སྤྱོད་གཏོང་མཁན་འགོག་རྒྱུ་ཡིན་པ་ཞིག་གོ་ཡོང་གི་འདུག་མོད། འོན་ཀྱང་ཐོག་མའི་ཡི་གེ་གཞན་གྱི་ཟེར་བ་དེ་སྙན་ངག་མེ་ལོང་ནང་གི་ཐོག་མའི་གསལ་བྱེད་ལྟར་བསམ་བློ་བཏང་ནས། གཞན་གྱི་གཏན་འཇགས་སྨྱིག་མིང་བེད་སྤྱོད་གཏོང་མཁན་ཟེར་ན། སྒྲིག་གཞི་ལྔ་བ་དེ་དག་དག་ཞིག་རེད།
ཁ་ལས་མི་དགེ་ཁྭ་ཏ་ནག་པོ་ཡང་།།
ཁ་ཞེང་ཆེ་བའི་ནགས་ཚལ་རྒྱན་ཆ་ཡིན།།
ཁ་ནག་ཞེ་ནག་དྲ་གྲོགས་ཉུང་ཤས་ཞིག།
ཁ་ནས་ཅི་ཐོན་གཡུག་རྐྱང་བྱེད་པ་ཡི།།
ཁ་ཅིག་ལ་ནི་ཡིག་འགོ་མཐོང་ཙམ་ནས།།
ཁ་ཁོག་གཉིས་ནས་ཁོང་ཁྲོ་མེ་ལྟར་འབར།།
ཁ་མིན་སེམས་ནས་བསམ་བློ་ཞིབ་བཏང་ན།།
ཁ་བ་ཅན་གྱི་ནང་མི་གཅིག་པ་རེད།།
ཁ་ལས་རླུང་རྟ་ཅན་པོ་ཁོག་ཡངས་དང་།།
ཁ་ན་མ་ཐོ་ཅན་པོ་མི་འདོད་པ།།
ཁ་བརྡའི་བཟའ་དཔོན་ཁ་ལ་ཉན་རྒྱུ་བྱེད།།
ཁ་བརྡའི་སྒྲིག་གཞི་ལྟར་རྒྱུ་མཚན་ངེས་ཅན་རེ་མེད་ཚེ་སྨྱུག་མིང་དང་མིང་རྫུན་སོགས་འགོག་རྒྱུ་གལ་ཆེ།
བོན་མིན་བོན་དུ་བརྫུས་པའི་བོད་ཡིག་མིང་ཅན་གྱི་བོན་དེ་གཏན་འགོག་ཅི་ནས་གནང་རྒྱུའི་རེ་བསྐུལ་ཤུགས་དྲགས་དང་བཅས་ཏེ་ཞུ་བ་མ་ཟད། ལྷག་ཤེས་ནས་མཆན་ཨང་དྲུག་པའི་ནང་གསལ་སྐྱེས་བུ་སྒེར་ལ་སྨོད་ཚིག་དང་ཆོས་ལུགས་ཀྱི་བར་སྡང་གཟུགས་ཀྱི་མཆན་སྤེལ་བ་འདི་ཡང། ཁ་བརྡ་ཚང་ནས་བསུབས་གནང་བར་ཞུ། དྲང་བདེན་དང་ཕྱོགས་བྲལ་གྱི་ལམ་ལ་བསྐྱོད་པའི་ཁ་བརྡ་ཚང་ལ་འབོད་བསྐུལ་གྱི་ཚུལ་དུ། སྟག་མིང་པས།
ཁོས་ཁོ་བོའི་རྩོམ་བརྐུ་བཤུས་བྱས་ཏེ། ཞེས་སུ་བཅོས་རོགས།
དངོས་གནས་ཡག་པོ་རེད། ཇོ་བོ་རིལ་ལུ།
ངོ་མ་ཡིན། ཁ་བརྡ་དྲ་ཚིགས་ཚང་གི་བྱ་བ་ལམ་འགྲོ་དང་སྐུ་བསོད་དར་རྒྱས་ཡོང་བའི་སྨོན་འདུན་དང་བཅས་ཏེ་ཁ་བརྡ་ཚང་ལ་རྩོམ་ཉོག་བསྐུར་མཁན་ཞིག་གིས།
ངོ་མ་ཡག་པོ་འདུག
ཁ་ནས་བཤད་པ་ལྟར་ལག་བསྟར་གནང་ན་ཕྱིན་ཆད་ཁ་བརྡ་ཚང་གི་སྐད་ཆར་ཉན་འཇོག་བྱ་བར་ཕན་པར་ངེས།
སྟག་གསོད་འབྲོང་འདུལ་ཡང་ལྷག་པ་ཡེ་ཤེས་ཀྱི་བསྙོན་ནད་བྲག་ཆ་ལྟ་བུའི་དོན་མེད་ལད་ཟློས་
ཞིག་གི་ལམ་ལ་འབད་པ་བྱེད་བཞིན་ཡོད་པ་འདྲ། དགོས་མེད་ལད་ཟློས་ཙམ་ཁོ་ནར་ཞུགས་
འདོད་ན་དང་པོ་ནས་ཐད་ཀར་ཁ་གསང་ན་ཁྱོད་ལ་ཡ་ལན་བྱེད་མཁན་ཉུང་དུ་འགྲོ་ཡི་རེད་དེ་
མིན་གཞན་དག་གིས་ལབ་རྒྱུ་དེ་ཐད་ཀར་ལད་མོ་བྱས་བསྡད་ན་ཕམ་རྒྱལ་གྱི་དབྱེ་བ་འབྱེད་
མཁན་ཞིག་གཏན་ནས་ཡོང་རྒྱུ་མེད་མོད། ད་དུང་ བཤུས་དང་བཤུས་ གཅིག་པུ་བཤད་བསྡད་
ན་ཕར་བཤུས་ཚུར་བཤུས་ མ་བཤུས་མཁན་སུ་ཡིན་ནམ།མར་ལ་རློམ་ནས་ཉིན་མཚན་ཐམས་
ཅད་ཆུ་དཀྲུགས་ལྟ་བུ་ལས་མ་འདས་མོད། དེ་རེད་དམ་ལགས།
ངས་ཁེ་ཉིན་རང་གིས་ཐག་མ་ཆོད་པའི་དྲི་བ་ཆུང་ཆུང་ཞིག་ཁ་བརྡ་ཚང་ལ་བཏང་བ་ཡིན། དེ་རིང་སྒྲིགས་ཁྲིམས་འདི་ལྟར་གནང་བ་ལ་གུས་བཀུར་ཞུ་དང་ཞུ། ཡིན་ཡང་དྲི་བ་དེ་གཞན་ལ་ལྟོས་ན་ཆུང་ཆུང་ཞིག་རེད། ཕྲན་གྱིས་དངོས་གནས་མ་ཤེས་ནས་དྲིས་པ་ཞིག་ཡིན།
ཁ་བརྡ་ཚང་གིས་བཅའ་ཁྲིམས་ལེའུ་ལྔ་དེར།
ཁ་བ་རི་པའི་དྲ་གྲོགས་ཕོ་མོ་ཚོས།
ཁ་ཙམ་མིན་པར་ལག་ཏུ་ལེན་ཐུབ་ན།
ཁ་བརྡའི་དགོངས་པ་ཇི་བཞིན་འགྲུབ་ངེས་པས།
ཁ་གཡང་མི་སྒྲོག་དོན་གྱི་གླེང་མོལ་བྱ།
ཁ་བརྡའི་འཇུག་པ་ཀུན་ལ་བདེ་བར་ལགས།
ད་ནས་བཟུང་ཏེ་ཁ་བརྡའི་སྒྲིག་གཞི་འདི།
རིན་ཆེན་སྲོག་ལས་བཙིགས་ཆེར་རྩིས་བྱས་ཏེ།
ཉིས་བརྒྱ་ལྔ་བཅུའི་ཐུབ་པའི་སྲུང་་སྡོམ་བཞིན།
འགལ་མེད་སྙིང་གི་ཡོ་གོར་བཅངས་ཤོག་ཨང་།
གྲྭ་ཤར་འུར་ཁང་ནང་དུ་འཛོམས་པ་བཞིན།
ཁ་ནས་གང་བྱུང་ཁ་བརྡར་མ་ཤོད་པར།
དགའ་ལྡན་ཕོ་བྲང་སྐུ་དྲག་འཛོམས་པ་ལྟར།
ཕན་ཚུན་བསྟོད་ཚིག་ཁོ་ན་སྤྱོད་ཅིག་ཨང་།
གཞན་ལ་གནོད་པའི་ཚིག་ཚུབ་ཕྲ་མོ་ནི།
ཕ་རོལ་དགྲ་བོ་ལ་ཡང་སྤངས་བྱས་ཤིང་།
འཇིག་རྟེན་ཕུ་མདའ་དཀྲུགས་པའི་མི་ངན་ལ།
ལེགས་གསོལ་མངགས་བརྗོད་གླུ་དབྱངས་ལེན་ཤོག་ཨང་།
ཁ་བརྡ་ཚང་དང་དུས་བབ་གསར་ཤོག་གིས་བོད་མི་རིགས་ཀྱི་རིག་གཞུང་སྐད་ཡིག་སྲུང་སྐྱོབ་ལ་ཕན་པའི་མཛད་རྗེས་ནི་ངོ་མ་དཔག་པར་དཀའ་བ་ཞིག་ཡིན་པ་ཁོ་བོས་ཚོར་བཞིན་འདུག དྲ་ཚིགས་གཞན་ཏེ་དཔེར་ན་བོད་ཀྱི་བང་ཆེན་སོགས་ཀྱི་ནང་དུ་བསམ་འཆར་ཞིག་བྲིས་དགོས་བསམ་ན་ཡང་འབྲི་མི་ཐུབ་པར་མ་ཟད། མཚམས་རེས་དྲ་རྒྱ་ཁ་ཕྱེ་རྒྱུར་དཀའ་ངལ་ཧ་ཅང་འཕྲད་ཀྱི་འདུག སྤྱིར་བཏང་མཆན་ལ་ཡག་སྡུག་སྣ་ཚོགས་ཡོད་ཀྱང་མཆན་བྲིས་པ་དེས་རང་སོ་སོའི་བོད་ཡིག་འབྲི་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཐོན་ངེས་རེད། དེ་མ་གཏོགས་མཆན་འདེབས་ས་མེད་པ་ཡིན་ན་དྲིལ་བསྒྲགས་ཀྱི་དྲ་ཚིགས་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཡོད། འགའ་ཞིག་གིས་སྨྱུང་མིང་འོག་བྲིས་པ་ལ་ཧང་སང་མདོག་བྱེད་མཁན་འདུག ཁོ་བོ་ལྟ་བུར་མཚོན་ན་སྨྲུག་མིང་གི་ཐོག་ནས་བྲིས་པ་ལ་ཧང་སང་རྒྱུ་ཅང་མེད། གཙོ་བོ་ནི་རྩོམ་དང་མཆན་གྱི་ནང་དོན་ལ་བལྟ་དགོས་པ་ཡིན། འཛམ་གླིང་གི་གསར་འགྱུར་གྲགས་ཆེ་བ་སྦི་སྦི་སི་དང་རྒྱ་གར་དུས་བབ་སོགས་ཀྱི་དྲ་ཚིགས་ནང་དུ་ཉིན་རེར་མཆན་འདེབས་བརྒྱ་ཕྲག་ཁ་ཤས་ཡོང་གིན་ཡོད་ཀྱང་མང་ཆེ་བ་ནི་སྨྱུག་མིང་འོག་ནས་བཀོད་ཀྱིན་ཡོད། འདི་ནི་དམངས་གཙོ་ཡོད་པ་དང་ཕན་ཚུན་གོ་རྟོགས་ཀྱི་འདུ་ཤེས་ཡོད་པའི་རྟགས་མཚན་གསལ་པོ་སྟོན་གྱི་འདུུག་སྙམ།
བཙན་བྱོལ་བས་བརྗོད་པ་ནི་དོན་དངོས་དང་མཐུན་ལ། རྒྱལ་སྤྱིའི་འགྲོས་དང་ཡང་མཐུན་པས་སྨྱུག་མིང་བེད་སྤྱོད་གཏོང་བ་ནི་དགོས་མཚན་ཆེན་པོ་འདུག། དེ་མིན་ཁ་ཡག་ངོ་བསྟོད་རྐྱང་རྐྱང་ལ་བལྟས་ནས་བསམ་ཚུལ་འབྲི་དགོས་ན་མི་དེ་ལ་བསམ་ཚུལ་ལྷུག་པོར་འབྲི་རྒྱུར་གོ་སྐབས་ཀྱིས་དབེན་པར་འགྱུར་ལ། ཡར་རྒྱས་ཀྱི་བཀག་རྡོ་རེད། གདན་སའི་ཆོས་གྲྭ་ལྟ་བུ་རྩོད་གཞི་གང་ནས་ཁུར་ཡོང་ན་འགྲིག་གི་རེད། དེ་མིན་འདི་ཁུར་ཡོང་ཆོག་ལ་འདི་མི་ཆོག་ཟེར་བ་ཞིག་ཡོད་པ་མ་རེད། ཡིན་ན་ཡང་གང་ཟག་སྒེར་ལ་བསམ་བཞིན་དམོད་ཚིག་གཏོང་བ་དང་འཕྱ་སྨོད་བྱེད་པ་དེ་དག་ནི་ཡ་རབས་ཀྱི་ལུགས་དང་འགལ་བས་སྤང་ན་མཛེས། གནས་ཚུལ་རྒྱུས་ལོན་བྱེད་རྒྱུའི་ལམ་ཁ་ཡང་ཁེགས་འགྲོ་གི་རེད།
ཁ་བའི་ལྗོངས་ཀྱི་ན་གཞོན་ཚོ། །
ཁ་སེམས་དཀར་བའི་སྙིང་གཏམ་དང་། །
ཁ་བ་ཅན་ལ་སྨན་པའི་རིགས། །
ཁ་བརྡ་གླེང་མོལ་ཡང་ཡང་བརྩོལ། །
ཁ་ནག་སྡིག་ཚིག་ཡོངས་སྤང་ནས། །
ཁ་བའི་སྤུན་ཟླར་མཐུན་འབྲེལ་ཞིག །
ཁ་བའི་གངས་ལྗོངས་ཀྱི་ལ་རྒྱ་དང་། །
ཁ་བའི་སྐྱིད་སྡུག་ཡིད་ལ་བཟུང་། །
ཁ་ཙམ་ཚིག་ཙམ་ཡོངས་དོར་ནས། །
ཁ་དར་འདྲ་བའི་སེམས་གཙང་དགོས། །
ཚོགས་པ་ཞིག་ཡིན་ཕྱིན་སྒྲིག་ལམ་ལོས་དགོས། བཟང་གི་བརྒྱབ་སྐྱོར་ཡོད། ང་ཡང་དོན་ཚན་ལྔ་བ་དང་འགལ་ཡོད།
བྱ་དཀའ་བའི་སྙན་དབྱངས་ཨ།
ལྷག་བསམ་རྒྱན་ཅན་ཁ་བརྡ་དྲཱ་ལགས།
ཁ་བརྡ་དྲཱ་རྒྱ་ཁ་བ་ཅན་པར་བཤམས།།
ཁ་བརྡ་བཀག་ན་ཁ་བར་ཕན་ལགས་སམ།།
ཁ་བརྡས་ཁ་བརྡར་རང་དབང་མ་དགག་པར།།
ཁ་བརྡས་རང་གཞན་མཉམ་པར་རབ་བསྐྱངས་ནས།།
ཁ་བརྡ་ཡར་རྒྱས་སླད་ལ་འབད་པར་འཚལ།།
ཁ་བརྡས་སྨྲ་དབང་བཀག་ན་བཟང་སྙམ་པ།།
ཁ་བརྡ་སྤྱན་ལམ་དམན་པ་མ་ལགས་སམ།།
ཁ་བརྡས་གངས་ཅན་ཡར་རྒྱས་བཅངས་མཛད་ན།།
ཁ་བརྡ་མ་དགག་དགག་བྱས་གཞན་ནས་ལྷགས།།
ཁ་བརྡས་ཁ་བརྡ་སྤངས་པ་བཟང་སྙམ་ན།།
ཁ་བརྡར་རྒྱ་ནག་ལྟ་བས་མ་བསླད་དམ།།
ཁ་བརྡས་བདག་ཅག་བྱ་དཀའ་དབྱངས་སྙན་གསན།།
ཁ་བརྡས་རྒྱ་དམར་ལྟ་ངན་རབ་སྤངས་ན།།
དགག་བྱ་རྣལ་མ་དག་ལ་གཟབས་པར་འཚལ།།
ཞེས་པའི་བྱ་དཀའ་བའི་དབྱངས་ཨ་ངེས་པ་འདི་དགོས་གལ་ཆེ་བས་རྩོམ་ཡིག་ཏུའང་འགོད་གནང་མཁྱེེན།།
བྱ་དཀའ་བའི་སྙན་དབྱངས་ཨ།
ངག་ཁྲི།
ལྷག་བསམ་རྒྱན་ཅན་ཁ་བརྡ་དྲཱ་ལགས།
ཁ་བརྡ་དྲཱ་རྒྱ་ཁ་བ་ཅན་པར་བཤམས།།
ཁ་བརྡ་བཀག་ན་ཁ་བར་ཕན་ལགས་སམ།།
ཁ་བརྡས་ཁ་བརྡར་རང་དབང་མ་དགག་པར།།
ཁ་བརྡས་རང་གཞན་མཉམ་པར་རབ་བསྐྱངས་ནས།།
ཁ་བརྡ་ཡར་རྒྱས་སླད་ལ་འབད་པར་འཚལ།།
ཁ་བརྡས་སྨྲ་དབང་བཀག་ན་བཟང་སྙམ་པ།།
ཁ་བརྡ་སྤྱན་ལམ་དམན་པ་མ་ལགས་སམ།།
ཁ་བརྡས་གངས་ཅན་ཡར་རྒྱས་བཅངས་མཛད་ན།།
ཁ་བརྡ་མ་དགག་དགག་བྱས་གཞན་ནས་ལྷགས།།
ཁ་བརྡས་ཁ་བརྡ་སྤངས་པ་བཟང་སྙམ་ན།།
ཁ་བརྡར་རྒྱ་ནག་ལྟ་བས་མ་བསླད་དམ།།
ཁ་བརྡས་བདག་ཅག་བྱ་དཀའ་དབྱངས་སྙན་གསན།།
ཁ་བརྡས་རྒྱ་དམར་ལྟ་ངན་རབ་སྤངས་ན།།
དགག་བྱ་རྣལ་མ་དག་ལ་གཟབས་པར་འཚལ།།
ཞེས་པའི་བྱ་དཀའ་བའི་དབྱངས་ཨ་ངེས་པ་འདི་དགོས་གལ་ཆེ་བས་རྩོམ་ཡིག་ཏུའང་འགོད་གནང་མཁྱེེན།།
ཁ་བརྡ་ཚང་ལགས།
ངས་ད་བར་རྒྱ་ནག་དང་ཨ་རི། དེ་བཞིན་ཐེ་ཝན་དང་བོད་པའི་ཟིན་བྲིས་དྲ་བའམ་པོད་ཁུག་ནང་ལ་ཟུར་ཉན་གང་ཐུབ་བྱས་པ་ཡིན། གོང་གི་དྲ་རྒྱ་རྣམས་ཀྱི་གནས་ཚུལ་དང་ཟིན་བྲིས་བསྡུར་བའི་སྐབས། ང་རང་ལ་གཤམ་གྱི་མྱོང་ཚོར་རྣམས་བསླེབས།
༡༽རྒྱ་ནག་ནང་གི་ཟིན་བྲིས་མང་ཆེ་བ་དབུལ་ཕྱུག་དབར་དང་དབང་འཛིན་པ་དང་མི་དམངས་དབར་གྱི་འཁོན་འཛིན་དང་འགལ་འདུ། དེ་བཞིན་མིང་གྲགས་ཅན་གྱི་མི་སྣ་རྣམས་ཀྱི་ལྟ་སྤྱོད་སོགས་ལ་ཟིན་བྲིས་བཀོད། དེ་བཞིན་ཕྱི་རྒྱལ་གྱི་གནས་ཚུལ་ཡ་མཚན་དང་གསར་པ་རྣམས་ལ་དོ་སྣང་ཤིན་དུ་ཆེན་པོ་བྱེད། དེའི་ནང་དེང་དུས་ཀྱི་འཕྲུལ་ཆས་གསར་པར་དོ་སྣང་བྱེད་པའང་ཚུད་ཡོད།
༢༽ཨ་རིའི་ནང་གི་ཟིན་བྲིས་ནང་ལ་ཆབ་སྲིད་ཀྱི་ལྟ་བ་དང་། སྲིད་གཞུང་གི་འཛིན་སྐྱོང་། དེ་བཞིན་གྲོས་ཚོགས་ཀྱི་སྲིད་བྱུས་དང་། རྒྱལ་སྤྱིའི་གནས་བབ། དཔལ་འབྱོར་དང་ལས་ཀ། དེ་བཞིན་ཕོ་མོའི་ཐོབ་ཐང་དང་། མཚན་མ་གཅིག་གི་གཉེན་སྒྲིག་གནས་བབ། དེ་བཞིན་གློག་ཀླད་དང་ལག་ཁྱེར་ཁ་པར་སོགས་ཀྱི་མཉེན་ཆས་གསར་ཐོན་སྐོར་བཅས་རེད།
༣༽བོད་པའི་ཟིན་བྲིས་ཕལ་པོ་ཆེར་ཆོས་ལུགས་ཀྱི་ཤེས་བྱ་ངོ་སྤྲོད་དང་། སྲོལ་རྒྱུན་གྱི་རིག་གནས་ངོ་སྤྲོད། དེ་བཞིན་གསར་འགྱུར་། ད་དུང་། སྙན་ངག་གསར་རྙིང་དང་མཚམས་རེ་ལོ་རྒྱུས་བཅས་བཀོད་འདུག
ཡིན་ནའང་། འཇིགས་སྣང་ཆེ་ཤོས་དེ་བོད་པའི་ཟིན་བྲིས་འཁེར་རྐྱང་ཡིན་པའི་དྲ་བ་ཁ་བརྡ་ལྟ་བུར་མཚོན་ན། ཆོས་ལུགས་ཀྱི་གྲུབ་མཐའི་ཐེན་ཁྱེར་དང་རྒོལ་བརྡུང་བྱེད་པ་འདི་མངོན་གསལ་འདོད་ཤོས་ཡིན་པར་སྣང་། དེའི་མཇུག་འབྲས་ཇི་ལྟར་ཡོང་རྒྱུ་ད་ལྟ་ཚོད་དཔག་བྱེད་དཀའ་ཡང་། ང་ཚོས་སྔོན་མ་བྱུང་ཟིན་པའི་དྲ་རྒྱའི་གནས་ཚུལ་འགྲེམ་སྤེལ་དང་དམག་འཁྲུག་ཡོང་སྟངས་ཀྱི་འབྲེལ་བར་བལྟས་ན་རག་ཙམ་ཤེས་ཐུབ་པ་སྟེ། དཔེར་ན། རྒྱ་ནག་ནང་ལ་ཟིན་བྲིས་དང་ལག་འཁྱེར་ཁ་པར་སོགས་ནས་གནས་ཚུལ་འགྲེམ་སྤེལ་དང་ལས་འགུལ་སྤེལ་བ་བརྒྱུད། མི་མང་ཁྲོམ་ལ་ཐོན་ནས་ལས་འགུལ་སྤེལ་བ་ཉུང་ཉུང་མིན། དེ་ལ་བརྟེན་ནས་རྒྱ་ནག་སྲིད་གཞུང་གིས་འགྲོ་སོང་མང་པོ་བཏང་ནས། དྲ་རྒྱ་བཀག་སྡོམ་བྱེད་པ་འདི་རྒྱུ་མཚན་མེད་པ་མིན། དེ་བཞིན་ཁ་ཆེའི་གྲུལ་གྲུ་ཁག་ལ་གསར་བརྗེའི་ལས་འགུལ་མང་པོ་ཞིག་ཐོག་མར་དྲ་རྒྱ་ཁག་དང་ལག་འཁྱེར་ཁ་པར་བརྒྱུད་ནས་བྱུང་སོང་། དེའི་འབྲས་བུར་སེ་རི་ཡ་དང་་ལི་བྷ་ཡ་སོགས་ལ་ད་ལྟ་འཁྲུག་བརྩོད་རྒྱབ་བཞིན་པ་རེད།
དེ་དག་ལ་བལྟ་སྐབས། ཉིན་ཞིག་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་འབྲས་ཀྱི་གྲྭ་པ་ཁག་ཕྱི་ལ་འཐོན་ནས་རྙིང་མའི་དགོན་པའི་ནང་ལ་ཤོར་ནས་གྲྭ་པ་ཕན་ཚུན་གསོད་རེས་བྱེད་པ་ཡོང་མ་སྲིད་པ་མ་རེད་ལ། བོན་པོའི་གྲྭ་པ་ཚོས་ནང་པའི་གྲྭ་པ་ཚོར་རྡུང་རྡེག་གཏོང་སྲིད་ལ། ད་དུང་རྩོམ་པ་པོ་འགའ་ཤས་ལ་སྲོག་གི་ཉེན་ཁ་ཡང་ཡོང་མ་སྲིད་པ་མ་རེད། རྒྱུ་མཚན་ནི་ལུས་པོའི་འགུལ་སྐྱོད་དེར་བསམ་བློའི་ཀུན་སློང་སྔོན་ལ་འགྲོ་དགོས་པ་དང་། དྲ་རྒྱའི་ནང་ལ་ཆོས་ལུགས་ཀྱི་གྲུབ་མཐའི་བསམ་བློའི་དམག་འཁྲུག་ནི་ཉིན་ལྟར་ཆད་མེད་རེད།
དཔེར་ན། ཨ་རིའི་ནང་ལ་ཇའི་ཚོགས་པ་ཟེར་བ་འདི་དང་པོ་དྲ་རྒྱའི་ནང་ནས་ཡོང་བ་རེད་ལ། ཨ་རབ་ཀྱི་གསར་བརྗེའི་ལས་འགུལ་དེ་ཚོ་ཡང་དང་ཐོག་དྲ་རྒྱའི་ནང་ནས་འགོ་བརྩམས་པ་རེད།
གནས་ཚུལ་འདི་དག་ལ་བསམ་གཞིགས་བྱེད་སྐབས། ང་ཚོའི་སྤྱི་ཚོགས་ནང་ལ་ཆོས་ལུགས་མི་འདྲ་བའི་ནང་ལ་ཕན་ཚུན་མི་དགའ་བ་བྱེད་པ་འདི་ཉིན་རེ་བཞིན་མངོན་གསལ་འདོད་རུ་འགྲོ་གི་ཡོད་པའི་ཚོར་སྣང་བསླེབས་སོང་།
དེ་བཞིན་ཁ་ཆེའི་གྲུལ་གྲུ་ཟེར་བ་འདི་ཡུལ་གྲུར་བཅོས་རོགས།
ལེགས་བཤད་ལགས།
རྒྱུ་མཚན་ཅུང་ཟད་འདུག་ཀྱང་།
ཁྱེད་རང་ཆོས་རར་འཕེབ་མ་མྱོང་ཙང་རི་བོང་གནམ་རྡིབ་ཀྱི་སྡུག་སྔལ་ཙམ་རེད།
ང་ཚོ་བྷབྱེས་བཞུགས་བོད་པའི་སྤྱི་ཚོགས་ནང་དམངས་གཙོ་ཚད་ལྡན་ལོངས་སུ་སྤྱད་ནས།
འདི་ལོའི་བཀའ་ཁྲི་དང་།
སྤྱི་འཐུས་འོས་འདེམས་སྔ་རྗེས་ཐེངས་གཉིས་བྱས་ཀྱང་རྒྱུ་མཚན་ལྡན་པའི་ཡར་ཐོན་སྤྱི་ཚོགས་ཀྱི་རྣམ་པ་ཙམ་ལས།
དམར་ཤོག་དང་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་ཟིང་ལྟ་བུ་གང་ཡང་བྱུང་མེད་པ་འདིས་དམིགས་གསལ་གྱི་འདུ་ཤེས་དང་ཆོས་ལུགས་ཀྱི་གོ་རྟོགས་ཡོད་པ་ར་སྤྲོད་བྱེད་ཐུབ།
དགུན་ཆོས་ལ་ཐེངས་ཤིག་འཚམས་གཟིགས་གནང་དང་།
ཁྱེད་རང་ཐུགས་ཁྲལ་ཆུང་དུ་འགྲོ་ངེས་ཡིན།
ང་ཚོ་ཁ་ཆེ་དང་འདུ་ཤེས་འཛིན་སྟངས་ཁག་ཁག་རེད་ལ།
དམར་ཤོག་དང་དེ་བས་ཐ་དད་རེད།
ཡིན་ནའང་རི་བོང་གནམ་རྡིབས་ཀྱི་ཐུགས་ཁྲལ་གནང་བ་མི་རིགས་ལ་ཤ་ཞེན་ཆེ་བའི་དབང་གིས་བྱུང་བ་གདོན་མི་ཟའོ།
ཐུགས་རྗེ་ཆེ་ཉམས་ཞིབ་མུ་མཐུད་གནང་རོགས་གནང་།
ཞཱ་དཔེ་ལྷམ་འགེབས་མ་གནང་རོགས་གནང་།
སྐུ་མཁྱེན།
ལེགས་བཤད་ལགས་ཀྱི་གསུངས་པ་རྒྱུ་མཚན་མེད་པར་མ་རེད། ཁ་སང་བོན་ཞེས་པའི་སྨྱུག་མིང་པས་བན་སྡེ་དང་བོན་སྡེ་བར། བན་སྡེའི་ནང་ནས་ས་དགེ་བཀའ་རྙིང་སོགས་བར་ཕུགས་དཀྲུགས་མདའ་དཀྲུགས་བྱས་འདུག་པས། ཡག་པོ་མི་འདུག ཁོ་འདྲ་བོ་ཞིག་ཁ་ཙམ་རེད་མི་འདུག སེམས་ཁོག་གནག་པའི་སྐད་ཆ་དང་མི་ལ་གནོད་པའི་རིགས་ཚིག་ངན་ཤ་སྟག་རེད་འདུག གཞན་དྲ་གྲོགས་རྣམས་ཁ་བརྡ་ཙམ་ནང་གིས་སེམས་ཀྱི་ཁུལ་ཕྱོགས་གང་ཡང་མི་འདུག སྤྱི་བཏང་གཟབ་གཟབ་དགོས། ལྷག་པར་དུ་ཁ་བརྡ་དྲ་བདག་རྣམས་ཞིབ་བཤེར་ལེགས་པོ་ཞིག་གནང་རོགས། གངས་ཅན་པ་ལ་ཆོས་ལུགས་གཉིས་ཡོད། སངས་རྒྱས་ཤཱཀྱའི་ཐུབ་པའི་ཆོས་ལུགས་གཅིག་དང་བོན་གཤེན་རབས་མེས་བོའི་ཆོས་ལུགས་དེ་གཉིས། ངེད་གངས་ཅན་པའི་ནོར་བུ་གཉིས་རེད། ཕན་ཚུར་རྩིས་བཀུར་དང་མཐུན་འབྲེལ་གནང་རོགས། ད་ལྟའི་གནས་སྐབས་བོད་ཀྱི་སྐྱིད་སྡུག་ལ་གཙོ་བོ་འཛིན་དགོས། རང་གཞན་ཚང་མས་ཆོལ་ཁ་གསུམ་མཐུན་འབྲེལ་དང་ཆོས་ལུགས་མཐུན་འབྲེལ་བྱེད་ཡ་གལ་ཆེ་རེད། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དག་ཆ་ཏོག་ཙམ་ནོར་ཡོད་ན་ཆོག ཡིན་ནས་སེམས་ཁོག་གིས་སྐད་ཆ་ཞིག་ཡིན་པས། དེ་ལུགས་ཐུགས་དགོངས་ཡོད་པ་ཞུ།
ང་ཚོས་དྲ་རྒྱ་འདིའི་ནང་སྐབས་རེ་སྤྱི་ཚོགས་ཀྱི་གནས་དོན་མང་པོ་ཞིག་གི་ཐོག་ལ་བགྲོ་གླེང་བྱ་སྐབས། བན་བོན་དང་། ཆོས་ལུགས་ཀྱི་གྲུབ་མཐའ་འཐེན་ཁྱེར་གྱི་མི་ངན་སྐབས་འཚོལ་བ་དེ་ཚོ་བར་དུ་འཚངས་་ནས་བརྗོད་གཞི་ཨ་མ་དེར་གཏོར་བཤིགས་གཏོང་བ་ནི་ཆེས་བློ་ཕམ་ཞིག་ཡིན། འགྲོ་བ་མིའི་རིགས་ཀྱི་སེམས་ཁམས་དང་། སྣང་ཚུལ་གཅིག་པ་མིན་པར་བརྟེན་སོ་སོའི་སེམས་ཁམས་དང་མཐུན་པའི་ཆོས་ལུགས་ཀྱི་ལྟ་གྲུབ་མང་པོ་ཞིག་ཡོད་སྲིད་པ་དང་། ཡོད་བཞིན་པ་ཡང་ཡིན། དེ་བས་སོ་སོའི་འདོད་བློར་བབས་པའི་ཆོས་ལུགས་དེའི་རྗེས་སུ་བགྲངས་པ་སོ་སོའི་ཐོབ་སྟངས་ཡིན་པ་དང་། རང་ཉིད་བྱེ་བྲག་གཅིག་ལ་མོས་པའི་དབང་གིས་དེ་ཉིད་མཆོག་ཏུ་བཟུང་བ་ནི་ནོར་བ་མིན་ཡང་། དེ་དང་ལྟ་སྒོམ་སྤྱོད་གསུམ་མི་མཐུན་པའི་ཆོས་ལུགས་གཞན་པར་འཕྱ་བ་ནི་ཁྲོམ་པའི་ནང་གི་ལྦལ་པ་རང་ཡིན། རྗེས་སུ་ཕྱོགས་ཐེན་གྱི་དུག་རྩ་དེ་ཚོ་རང་རེའི་བོད་པའི་སྤྱི་ཚོགས་ནས་གནས་དབྱུངས་གཏོང་བའི་རེ་བ་ཡོད།
ས་སྐྱ་ལེགས་བཤད་ལས། མཁས་པ་བརྩད་ཅིང་མ་དྲིས་པ།།དེ་ཡི་བར་དུ་གཏིང་མི་དཔོག།ཅེས་པ་ལྟར་གནའ་ནས་ད་བར་བོད་ཀྱི་མཁས་དབང་རིམ་བྱོན་ཁྲོད་དགག་རྩོམ་གྲངས་ལས་འདས་པ་མཆིས་ཀྱང་ངོ་སྲུང་དང་གཅམ་བུའི་རྗེས་སུ་མ་འབྲངས་བར་ཚུལ་གསུམ་རིགས་པ་དཔང་པོར་བཞག་ཡོད། དེའི་རྐྱེན་བྱས་ནས་འཐབ་འཛིངས་བྱས་པ་གོ་མྱོང་མེད། གོང་གི་མཆན་༢༧་པས་༼དེ་དག་ལ་བལྟ་སྐབས། ཉིན་ཞིག་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་འབྲས་ཀྱི་གྲྭ་པ་ཁག་ཕྱི་ལ་འཐོན་ནས་རྙིང་མའི་དགོན་པའི་ནང་ལ་ཤོར་ནས་གྲྭ་པ་ཕན་ཚུན་གསོད་རེས་བྱེད་པ་ཡོང་མ་སྲིད་པ་མ་རེད་ལ། བོན་པོའི་གྲྭ་པ་ཚོས་ནང་པའི་གྲྭ་པ་ཚོར་རྡུང་རྡེག་གཏོང་སྲིད་ལ། ད་དུང་རྩོམ་པ་པོ་འགའ་ཤས་ལ་སྲོག་གི་ཉེན་ཁ་ཡང་ཡོང་མ་སྲིད་པ་མ་རེད། ༽ཟེར། སྐད་ཆ་འདི་ནི་ཅུང་ཟད་བསམ་དགོས་པ་ཡང་འདུག་སྟེ་རྩོམ་པ་པོ་ཞིག་ཡིན་ན་རང་གི་སྐད་ཆ་རང་གིས་འགན་ཁུར་བ་གལ་ཆེ། ཁ་བརྡ་ཚང་ལ་ཁག་དཀྲི་ས་ཡོད་པ་མ་རེད། གྲྭ་སའི་དགེ་འདུན་པས་དེ་འདྲ་ནམ་ཡང་གནང་སྲིད་ཀྱི་མ་རེད། ད་ཆ་གོང་ས་མཆོག་གི་བཀའ་དགོངས་བཞིན་གྲྭ་ཚང་ཕན་ཚུན་ཡར་མར་ཕེབས་ནས་དམ་བཅའ་ཚུགས་པ་དང་ཆོས་རྒྱུད་གཞན་དག་ནས་ཀྱང་འཇང་དགུན་ཆོས་ལ་ཕེབས་ནས་རྩོད་གྲྭ་འགྲིམས་པ་དང་ཕན་ཚུན་བགྲོ་གླེང་བྱེད་བཞིན་པ་རེད། དཀྲོག་གཏམ་དང་ཞེ་སྣང་མ་བཀོལ་ན་ལེགས་སོ།།
སྐུ་ཞབས་སྣྲོན་ངག་ཁྲི་ལགས།
ང་རང་འདིར་འཇང་དགུན་ཆོས་ཀྱི་རྩོད་རྭ་དང་ཁ་བརྡའི་དྲ་ཐོག་གི་རྩོད་རྭའི་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་ལ་དཔྱད་པ་བྱེད་བཞིན་ཡོད། ཁུངས་སྐྱེལ་དག་པོ་ཞིག་འཐོབ་སྐབས་ཁྱེད་ལ་ལན་འབུལ་རྒྱུ།
ངས་དཔྱད་པ་བྱེད་སྐབས་གཤམ་གྱི་དངོས་པོ་རྣམས་ལ་བསྡུར་གྱི་ཡོད།
རྩོད་གཞི།
དགོས་པ།
གྲུབ་བྱེད།
ཚད་འཛིན།
དཔང་པོ།
དཔྱད་གཞི།
རྩོད་པ་པོའི་ཤེས་ཚད།
སླད་ཀྱི་ལག་རྗེས་སོགས་ཡིན།
ཡ་ཡ། ད་ཁྱེད་རྣམ་པ་ཆོས་ལུགས་སྐོར་གྱི་རྩོད་པ་ལ་དེ་ཙམ་ཞེད་ཀྱིན་ཡོད་ན་གཟབ་གཟབ་ཅི་ཐུབ་གང་ཐུབ་བྱེད་ཆོག
དྲྭ་བ་འདིར་སྒྲིགས་སྲོལ་འདི་འདྲ་ཞིག་ཡོད་པར་དགའ་བྱུང་། དྲྭ་གྲོགས་རྣམས་ནས་ཀྱང་སྒྲིགས་སྲོལ་གཏན་འབེབས་པ་རྩིས་བཀུར་ངེས་པར་གནང་རོགས་བྱེད།
ཆོས་ལུགས་དང་ཆོལ་ཁའི་མཐེན་ཁྱེར་གྱི་ཚིག་དེ་ཚོ་རྩ་བ་ནས་ཁྱེར་མ་ཡོང་རོགས། སྐུ་མཁྱེན། ད་ཙམ་ལས་མང་པོ་བཤད་རྒྱུའི་དུས་ཚོད་མི་འདུག
ཆོལ་ཁ་དང་ཆོས་ལུགས་ཀྱི་བརྩོད་གླིང་ནི་གང་ཟག་འགའ་ཞིག་གི་ཚོང་རྫས་ལྟ་བུ་ཆགས་ཡོད། བྱས་ཙམ་དེ་མཚམས་འཇོག་བྱེད་པ་ལ།
ལས་བྱེད་རིགས་ཤེས་ཡོན་ཅན་དང་། དྲང་བདེན། ལྷག་བསམ། རང་གི་མི་རིགས་ལ་ཤ་ཚ། ངོ་སྐོག་མེད་པའིགཅིག་གྱུར་གྱི་བསམ་བློ་བརྟན་པོ་ཡོད་པ། བཤད་འཕོད་པ་བཅས་ཀྱི་ཆ་རྐྱེན་ཚང་ན་ཁྱེད་ཀྱིས་བསམ་ཚུལ་དེ་
འགྲུབ་རྒྱུ་རེད།་ཧ་ཧ་ཧ་ཧ།
ཁ་བརྡ་རྩོམ་སྒྲིག་པས་ངལ་བ་ལྷུར་ལེན་ཐོག རང་ཅག་རྣམས་ཀྱིས་གཅིག་གིས་གཅིག་གི་བྲིས་རྩོམ་འགྲིག་མི་འགྲིག་སོགས་བཤད་ཐུབ་པ་ནི་ལོ་ཁ་ཤས་སྔོན་ནས་བལྟས་པ་ཡིན་ན། བློ་ཡུལ་ལས་འདས་པ་ཞིག་ཡིན། རང་ཅག་ཚང་མས་ཁ་བརྡ་རྩོམ་སྒྲིག་པའི་ལས་བྱེད་པ་ཡོངས་ལ་བཀའ་དྲིན་ཆེའོ་ཞེས་ཞུ་འོས་པ་ལགས།
བོང་བུར་ཞོན་པ་ལས་རྟར་ཞོན་པ་དང་། ཆུ་ཕྲན་དུ་རྐྱལ་རྒྱབ་པ་ལས་ཆུ་བོར་རྐྱལ་རྒྱབ་པ་བཟང་བའི་དཔེ་ལྟར། སོ་སོའི་ཁ་སྐད་ལས་བོད་ཀྱི་སྤྱིའི་སྐད་དུ་འབྲི་བ་བཟང་། ཞེས་ཏེ་ཡི་གེའི་དག་ཆ་སོགས་བཤད་པ་ལ་མང་པོ་ཞིག་གིས་དེ་ལ་རྒྱབ་སྐྱོར་དང་། མང་པོ་ཞིག་གིས་དེ་ལ་མི་འདོད་པའི་ཚིག་རྩུབ་སྨྲ་བ་མང་དུ་བྱུང་།
བདག་རང་གི་བརྗོད་ཚིག་སྙན་པོ་མེད་པ་ང་རང་གིས་ཀྱང་ཤེས། རང་རེས་སྐད་ཁྱབ་ཆེ་ཆུང་གཉིས་ལས་ཁྱབ་ཆེ་བ་ལ་འབྲི་དགོས་པ་མ་ཡིན་ནམ། དེ་བཞིན་སོ་སོའི་ལུང་པའི་ཁ་སྐད་ལས་བཀའ་འགྱུར་གྱི་སྐད་དེ་ཁྱབ་ཆེ་བ་མ་ཡིན་ནམ། བཀའ་འགྱུར་གྱི་གླེགས་བམ་མེད་པ་དང་། དེ་དག་ལོ་ལ་ཚར་གཅིག་མི་སྒྲོགས་པའི་བོད་ཀྱི་གྲོང་ཡུལ་མེད་པ་ལྟ་བུ་ལགས། བདག་རང་་བྱིས་པ་ལོ་བཅོ་ལྔའི་སྐབས་སུ་བཀའ་འགྱུར་གྱི་དཔེ་ཆ། མདོ་མཛངས་བླུན། སྔོན་དུ་ཚར་གཅིག་སློབ་དགེ་ལས་མཉན་པའི་རྗེས་སུ། ལོ་ཁ་ཤས་རྟིང་ན་བཀླགས་པས། དོན་རགས་ཙམ་གོ་ནས། རང་གི་དྲིན་ཅན་ལ་མཛངས་བླུན་གྱི་ལོ་རྒྱུས་དག་བཤད་ཐུབ་པ་དྲན། དེ་བཞིན་ལོ་མང་མཇུག གཞིས་རྩེར་བཀའ་འགྱུར་ཀློག་ཏུ་ཕྱིན་པས། བཀའ་འགྱུར་ན་ཡོད་པའི་ལོ་རྒྱུས་འགའ་རེ་ནང་གི་དགེ་རྒན་ལ་ཞུ་མྱོང་བ་ད་ལྟ་ཡང་ཡིད་ལ་དྲན། བཀའ་འགྱུར་རྒྱ་ཆེ་བས། ཀློག་པ་ན་གོ་ཐུབ་པ་དང་། གོ་མི་ཐུབ་པ་སྣ་ཚོགས་མཆིས། གོ་ཐུབ་པ་རྣམས་བདག་བྱིས་པ་ལོ་བཅོ་ལྔ་ཙམ་ཡིན་དུས་གོ་ཐུབ་ན་། དེ་ལས་ལོ་རྒན་པས་ཀློག་ན་ངེས་པར་དུ་གོ་ཐུབ། དེ་མིན། བོད་ནུབ་ཕྱོགས་པའི་ཁ་སྐད་དེ་ཤར་་ཕྱོགས་པས་མི་གོ དེ་བཞིན་ཤར་ཕྱོགས་པའི་ཁ་སྐད་དེ་ནུབ་ཕྱོགས་པས་མི་གོ་བ་ཐག་ཆོད་ཡིན།
བདག་རང་གིས་བོད་སྐད་ཙམ་དུ་མ་ཟད། ཧིནད་སྐད་དང་། ལེགས་སྦྱར་སྐད་སྦྱངས་ཏེ། ཝ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་མ་ཚུགས་གོང་དང་། ཚུགས་ནས་ཀྱང་བོད་ཀྱི་རིག་གཞུང་ལ་ཞབས་ཏོག་ཞུ་མྱོང་བ་ཞིག་ཡིན། ཝ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་སྒོ་འབྱེད་སྐབས་དང་། གཞན་ཡང་དུས་འགའ་རེར་སྐུ་འདུན་གྱི་མི་མངས་ལ་གསུང་བཤད་སྩལ་པ་དག གཞན་སྒྱུར་མཁན་མེད་པ་ན། བདག་རང་གིས་འཇོན་རུང་མ་འཇོན་རུང་། ལན་དུ་མར་བསྒྱུར་བར་ཞབས་ཏོག་ཞུས་པ་དག སྐྱབས་མགོན་ཆེན་པོས་ཐུགས་ལ་བཞག་སྟེ། གླིང་འདིར་ཡང་། བདག་རང་མི་མངས་ཀྱི་ཁྲོད་དུ་ཡོད་པ་ན། ལ་དྭགས་འཇམ་དཔལ་ཞེས་གསུངས་ཏེ། བྱིན་རླབས་སྩལ་དང་སྩོལ་བཞིན་པ་ལགས།
དེ་བཞིན་ལོ་མང་རིང་དུ། ༡༩༦༨ མཇུག་ཙམ་དང་། ༡༩༧༠ པའི་མགོ་ཙམ་དུ། བོད་དང་རྒྱ་གར་མཁས་པ་རྣམས་ཀྱི་གསུང་གླེང་དག། བོད་སྐད་ནས། ཧིནད་སྐད་དང་། ཧིནད་སྐད་ནས་བོད་སྐད་དུ་བསྒྱུར།
རིང་གཞུང་གི་བསྟན་བཅོས་འགའ་ཞིག་ཀྱང་། བོད་སྐད་ནས་ལེགས་སྦྱར་དང་། ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་ཡོད།
ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་ཡང་། ཨིན་སྐད་སོགས་ཀྱི་སློབ་སྦྱོང་བྱས་ཏེ། ༡༩༩༡ རིགས་གཅིག་རྐང་འཛིན་ཞེས་པའི་མིང་སྐམ་པོ་ཞིག་རག་ཡོད།
སྐད་རིགས་ཀྱི་ཐོག་ནས་བོད་མི་རིགས་གཅིག་འགྱུར་འབྱུང་བ་ལ་ཕན་བསམས་ཏེ། ཐ་ན་ཡི་གེ་དག་ཆ་དག་ལ་མཐུན་དགོས་བསམས་ན། དེ་ལྟར་བཤད་པ་ན་བློ་གྲོས་དང་ལྡན་པ་རྣམས་ཀྱི་ཐུགས་ལ་འབབས་པའི་རེ་འདུན་མཆིས་སོ།།
བདག་ལ་ཡི་གེ་ཆད་ལྷག་ཤོར་བ་ཡོད། དེ་འདྲ་གཟིགས་ཚེ་ང་ལ་གསུང་ན་ཕན་པར་འགྱུར།
ལ་དྭགས་པ་འཇམ་དཔལ་ལགས་ཀྱིས།
འདིར་”རིང་གཞུང་གི་བསྟན་བཅོས་འགའ་ཞིག་ཀྱང་།” ལེགས་བྱང་རིག་གཞུང་གི་ཚིག་གསར་གཏོད་ཅིག་ཡིན་ནམ། ཡང་ན་རྙིང་ཁུངས་ཤིག་ཤོད་འདོད་དམ།
ང་ནི་གསར་གཏོད་ལ་དགའ་དྲགས་ནས་ཁྱེད་ཀྱི་ལེགས་དེ། དིང་སང་བོད་རིགས་ཀྱིས་ལབ་བགྱིད་མི་འདུག མ་འོངས་པ་ལ་ཡང་ལབ་བགྱི་མ་རེད་ལ། ད་ལྟ་ཀུན་གྱིས་ལབ་བགྱིན་ཡོད་པ་དེ་ནི། རྒན་འཇམ་དཔལ་ལགས་ཞུ་བགྱིད་འདུག་ཅེས་བོད་རིགས་སྤྱི་སྐད་ནང་བྲིས་ན་སྐྱོན་ཅི་ཡོད་དམ།
མཚུངས་མེད་དྲཱ་གྲོགས་རྣམ་པ་སྤྱི་དང་ལྷག་པར་ངོ་བསྟོད་དང་བཟང་བརྫུས་མཐུན་སྒྲིལ་ལ་འབད་མཁན་རྣམ་པར།
ངེས་པ་དོན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་སྔ་ནས།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།།
དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེ།།
འདི་ཉིད་ཐད་ལ་འདི་ཡིས་མི་བསླུ་ཞེས།།
རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ།།
མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲེལ།།
ཞེས་གསུུངས་པས་ཁོར་ཡུག་བཟང་པོ་འདི་དག་ལ་དོན་མཐུན་ནམ་དོན་དངོས་ཀྱི་རྩོད་པའི་བརྡར་ཤ་མ་བཅད་ན་གང་དུ་གཅོད་དགོས་སམ།
གོང་གི་ལུང་དེའེ་དོན་ནི་རིགས་མི་མཐུན་པ་མཉམ་དུ་རྩོད་རང་མི་རིགས་གི་རིགས་པའི་གཞུང་ལུགས།
ཡར་རྒྱས་དང་བློ་བསྐྱེད་ཡོང་ངེས་ཡིན།
ཞེས་པའི་དོན་རེད་མ་གཏོགས་དེ་མིན་དགུན་ཆོས་ཀྱང་དགོན་པ་མང་པོ་མཉམ་དུ་ཚོགས་དགོས་དོན་མེད།
གང་ཡིན་ཞེ་ན་རང་གི་དགོན་པ་གཅིག་པུར་མཚོན་ནའང་རང་དང་ཡིག་ཆ་མཐུན་པའི་རྩོད་གྲོགས་རིགས་མཐུན་པ་མང་པོ་ཡོད་པས་དགོན་པ་གཞན་དང་ཡིག་ཆ་ཐ་དད་པ་རྣམས་དང་རྩོད་དགོས་དོན་གང་ཡང་མེད།
ཆོས་ཅན་ནམ་རྩོད་གཞི་གང་ཞིག་བཟུང་ནའང་རང་དབང་ཡིན་པ་ལས་ཀ་བ་དང་།བུམ་པ།ཤེས་བྱ།
སོགས་ཆོས་ཅན་རྙིང་པ་བཟུང་ནས་དཔྱད་དགོས་ཞེས་དགོན་པ་གང་གིས་ཀྱང་གཏན་འབེབས་བྱས་མེད།
གཞན་ཡང་།
ལོ་ལྟར་ཕྱོགས་གཉིས་ཀས་འགྲོ་སོང་མང་པོ་བཏང་ནས་གལ་ཆེ་དོན་ཆེན་གཟིགས་ཏེ་རིགས་མི་མཐུན་པའམ་གཞན་སྡེ་ཚན་རིགས་པ་དང་།
ཕྱོགས་གང་ཡང་རུང་བའི་ཐད་བགྲོ་གླེང་བྱེད་པ་དང་དགག་བཞག་བྱེད་པ་དེ་དག་ཀྱང་་དེ་ལས་མ་འདས་སོ།
དཔྱད་པ་གནང་སྟངས་བཟང་ཡང་བཏགས་དོན་བཙལ་མ་གྲགས་པ་གནང་རྒྱུ་ནི་གལ་ཆེའི་གདམས་ངག་
འབའ་ཞིག་ཡིན་ལས་གཞན་དུ་ཅི།
ཀརྡོ་རབ་འབྱམས་པ་ལེགས།
རིག་གཞུང་ཞེས་པ་དེ། ཧིནད་སྐད་དུ། sahitya ཞེས་དང་། ཨིན་སྐད་དུ། classics ཞེས་པ་དེ་ཐད་བསྒྱུར་བྱས་པ་ཞིག་ཡིན། དེ་ལ་ཁྱེད་ཉིད་དང་། གཞན་དག་གིས་བསྒྱུར་འཚམས་པ་ཞིག་་མཛད་ན། དེ་ཉིད་བཀོལ་ངེས་ལགས། ལེགས་བྱང་དང་། ཡིག་སྐད། ཅེས་པ་དག་ཀྱང་འདི་ལ་འཚམས་པ་ཞིག་མི་འདུག་བསམས། ལེགས་ནི། ཁྱེད་རྣམས་ཀྱིས་བཀོལ་བའི་ལགས་ཀྱི་ཚབ་ཏུ་ལ་དྭགས་པས་བཀོལ་བ་དང་། ལགས་ཀྱི་འབྱུང་ཁུངས་བཙལ་དགོས་ན། ལེགས་ཞེས་པ་བཟང་པོའི་དོན་ཡིན་པ་རྟེན་འབྲེལ་བཟང་པོ་བསམས་ཏེ་བཀོལ་བ་ལགས་སོ།།
རེད་རེད།ད་ཁ་བརྡ་ཚང་གིས་གཙང་སྦྲ་ཞིག་བྱེད་རན་འདུག
དྲ་གྲོགས་bonpoལགས་ཀྱིས་གསུང་པ་དེར་རྒྱུ་མཚན་འདུག ཁ་བརྡའི་དྲ་བ་འདིར་ཆོས་ལུགས་ཕན་ཚུན་ལ་ཕོག་ཐུག་འགྲོ་བའི་རྩོམ་ཡིག་དང་མཆན་སོགས་དྲ་རྒྱར་ད་དུང་གཏན་འཇོག་མ་གནང་བར་དྲ་བ་འདི་ནས་ཕྱིར་འཐེན་གནང་ན་ལེགས་པར་སེམས། དཔེར་ན་གོང་དུ་ bonpoལགས་ཀྱིས་གསུང་པ་དེ་དང་ཁ་སྔོན་བོན་མིང་ཅན་གྱིས་འབྲི་གུང་བའི་ཆོས་དང་བླ་མ་ཁག་ལ་གཞི་མེད་རྐྱོན་འདོགས་བྱེད་པ་ལྟ་བུའི་རིགས་མུ་མཐུད་དྲ་རྒྱར་མ་འཇོག་པར་ཕྱིར་འཐེན་གནང་རོགས་ཞེས་དྲ་བདག་རྩོམ་གྲིག་པ་ལའང་རེ་བསྐུལ་ཞུའོ།ད་དུང་མཆན་འགོད་ཐེངས་རེར་དག་མཆན་ཐོབ་རྒྱུ་འཟོ་ན་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག
རྒན་འཇམ་དཔལ་ལེགས། ཐུགས་རྗེ་ཆེ། རྗེས་སུ་མཇལ་ཡོང་།
ཁ་བརྡ་ལེགས།
གནས་ཚུལ་ཆེན་པོ་མ་རེད།། ། གཙོ་བོ་བོད་སྤྱི་པའི་རྩ་དོན་ལ་གནོད་པའི་རྩོམ་དཔེར་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་དང་། དཔང་རྟགས་དང་དངོས་ཡོད་དང་འགལ་བའི་རྩོམ་རྣམས་མར་འབེབ་རྒྱུ་དེ་རེད། དེ་མིན་ཁ་བརྡ་ཚང་གི་ལས་བྱེད་པ་དང་རྩོམ་སྒྲིག་པ་རྣམས་ཡག་ཐག་ཆོད་འདུག་
འོ་ཉིན་མང་པོའི་རིང་ལ་ཁ་བརྡའི་དྲ་བ་བཀླགས་ཙམ་ལས་མཆན་འགོད་ཀྱི་གོ་སྐབས་མ་བྱུང་མོད།
འོན་ཀྱང་ཁ་བརྡའི་དྲ་བ་ནི་ང་ཡི་གཏན་དུ་འགྲོགས་པའི་གྲོགས་མོ་ཞིག་ཡིན།
དེ་རིང་འདིར་ཁ་བརྡའི་དྲ་བདག་ནས་བཅའ་ཁྲིམས་ཤིག་གཏན་འབེབས་གནང་འདུག་པར་ངོས་ནས་ཀྱང་རྗེས་སུ་ཡི་རངས་དང་གུས་བརྩིས་ཞུ་ལོས་དགོས། ཡུལ་ཆུ་འཐུང་ན། ཡུལ་ཁྲིམས་ཁྱེར་དགོས། ཞེས་པའི་དཔེ་ལྟར་རེད།
དེ་ལ་ཅང་བཤད་ས་ཡོད་མདོག་མ་རེད། སྒྲིགས་ཁྲིམས་ཁུར་མི་ཐུབ་པའི་ཉིན་མོ་དེར་ཁ་བརྡའི་དྲ་བ་ལས་ཕྱིར་ཤིག་བྱེད་རྒྱུ་ལས་དེ་མིན་བཤད་རྒྱུ་ཅང་མེད།
འོན་ཀྱང་བསམ་ཚུལ་ཞུ་འདོད་པ་ཞིག་ནི། རྩོམས་པ་པོ་མི་ཉུང་བ་ཞིག་ནས་ཐོག་མའི་རྩོམ་གྱི་བརྗོད་བྱ་དང་དམིགས་ཡུལ་རྒྱུ་མཚན་ངེས་ཅན་ཞིག་བཟུང་ནས་ཆོས་ལུགས་དང་མི་རིགས་ཆོལ་ཁའི་དབར་ལ་འཁྲུག་པའི་རྩོམ་དེ་འདྲ་གང་མང་ཡོང་བཞིན་འདུག དེས་ན་ཅི་སྟེ་ངེད་ཚོས་མི་རིགས་དང་ཆོས་ལུགས་ལུང་ཚན་ཞི་བདེ་མཉམ་གནས་དང་༸གོང་ས་མཆོག་གི་བཀའ་དགོངས་བཞིན་འགྲོ་འདོད་ཚེ་རྩོམ་དེ་རིགས་དང་པོ་ནས་འགོག་ཐབས་གནང་དགོས་པ་ལས་ཕྱིས་སུ་དགག་བཞག་སྤོངས་གསུམ་བྱེད་དུས་རིགས་ཤིག་བཀག་རིགས་ཤིག་ལ་དམིགས་བསལ་སྦྱིན་ན་བློ་ཕམ་སྐྱེ་གཞི་ཞིག་ལས་དྲང་བདེན་ཞིག་ཏུ་མི་མཐོང།
རྩོམ་དེ་རིགས་ལ་དང་པོ་ནས་དགོངས་བཞེས་ཞིབ་དཔྱད་ཀྱིས་ཕན་དང་གནོད་པ་ཅི་འབྱུང་དགོངས་པར་བྱེད་ནས་གནོད་པའི་རིགས་དེ་རིགས་དང་པོ་ནས་མི་འགོད་རྒྱུ་ནི་སྙོག་གཞིའི་འབྱུང་རྩ་ཆུ་འགོའི་རྐ་དེ་ཉིད་བཀག་པ་དང་འདྲ་བ་སྙོག་པའི་ཆུ་བོ་འབབ་མི་སྲིད།
སྙུག་མིང་པ་རེ་བཟུང་ཞིག་ནས་ཆོས་ལུགས་སྤྱི་ཡི་མིང་བྱང་འོག་ནས་ཆོས་ལུགས་དང་ཆོས་རྒྱུད་ནང་ཕན་ཚུན་དབྱེན་དཀྲུགས་བྱེད་བཞིན་འདུག དཔེར་ན། བོན། ཟེར་བ་ཞིག་ནས་ཁོས་བོན་གྱི་མིང་བྱང་གི་འོག་ནས་བན་བོན་དབར་ལ་དམའ་དཀྲུགས་པ་དང་ལྷག་པར་དུ་ ༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་མཚན་སྨད་ལས་སོགས་རབ་དང་རིམ་པར་ཞུས་སོང་བས་དེ་ལྟར་མི་ཡོང་བ་ཞིག་ཁྱེད་དྲ་བདག་རྣམས་ནས་ཐུགས་དཔྱད་ལེགས་པར་གནང་རོགས།
ཁ་བརྡའི་དྲ་བ་ཡུན་རིང་གནས་གྱུར་ཅིག
མཚུངས་མེད་ཁ་བའི་བརྡ་འཕྲིན་ལྷ་ལམ་དབྱིངས།།
མཚུངས་ཆོས་དབེན་པའི་སྨྱུག་ཐོགས་ར་ཧུ་ལས།།
མཚུངས་ཟླ་ཡོངས་བྲལ་༸རྒྱལ་པྊྊྊྊན་སྣང་བྱེད་ཀྱང་།།
མཚུངས་ལྡན་སྨག་ལ་སྦྱོར་བའི་གོ་སྐབས་འབེལ།།
དམངས་དང་མང་གཙོའི་ཐོབ་ཐང་ཁར་བཟུང་སྟེ།།
དཔོན་དང་འབངས་ཀྱི་འགན་འཁྲི་རབ་བརྫིས་ནས།།
གཞུང་དང་དམངས་ལ་ཕན་གནོད་མ་བརྟགས་པར།།
གཡོ་དང་སྒྱུ་ཡིས་ཆགས་སྡང་སློང་རེས་མང།།
ཁ་བའི་རྡུལ་བརྕེགས་ལགས་ཀྱིས་བསམ་ཚུལ་བཏོན་གནང་བར་སྙིང་ཐག་པ་ནས་གུས་རྩིས་གྲངས་མེད་ཞུ། བན་བོན་གྱི་ཆོས་ལུགས་གཉིས། ཁ་བ་གངས་ཅན་པའི་ནོར་བུ་ཡིན་ད་ཡིན། ཕྱོགས་བྲལ་གྱི་གཏམ་དེ་རྣ་བར་ཤིན་དུ་སྙན། གུ་ཡངས་ཀྱི་ལྟ་བ་དེ་བློ་དོར་ཤིན་ཏུ་བདེ། རིས་མེད་ཀྱི་ཁ་བརྡ་དེ་རྣམ་ཀུན་བརྗེད་ཐབས་བྲལ། མངོན་པར་བསྟོད་དོ་ཁ་བའི་བུ། ལྷག་བསམ་གྱི་ཁ་བ་གོས་སུ་བཀླུབས་ནས་མཐུན་བསྒྲིལ་གྱི་ལམ་བཟང་ཡང་ནས་ཡང་དུ་བསྐྲུན་པའི་ལེགས་བཤད་ཀྱི་སྦྲང་ཆར་འདི་ལྟ་བུ་ཁ་བརྡའི་མཆན་འགོད་པ་ཚོར། དུས་ནས་དུས་སུ་སྕལ་གནང་བའི་འབོད་བསྐུལ་ཡང་ནས་ཡང་དུ་ཞུ། བན་བོན་གཉིས་ཀྱི་རྗེས་འབྲངས་པ་ཚོས། དམིགས་ཡུལ་ལམ་བསྒྲུབ་བྱའི་མཐར་ཐུག་ནི། མི་བདེ་བའི་མཚན་མ་མཐའ་དག་དང་བྲལ་བའི་སྐུ་གསུམ་རྒྱལ་བའི་གོ་འཕང་དེ་ལས་གཞན་ཅི་ཡང་མེད། ལམ་གྱི་དབང་དུ་བྱས་ན་གསེར་གྱི་ཐེམ་སྐས་ལྟ་བུའི་བན་བོན་ཆོས་ལུགས་ཀྱི་ཉམས་ལེན་གྱི་རིམ་པ་གཉིས་པོ་དེ་བརྒྱུད་ནས་བཙན་ས་ཟིན་དགོས་པ་ཡང་སྨོས་མེད་རེད། ང་ཚོའི་ཁ་བ་གངས་ཅན་པའི་ནང་འདི་ལྟ་བུའི་བསམ་ཤེས་ཅན་གྱི་ཕྱོགས་བྲལ་གྱི་མི་སྣ། ཁ་ཕྱོགས་གཅིག་བསྒྱུར་གྱི་ལམ་ནས་མཐུན་བསྒྲིལ་གྱི་ལམ་བཟང་ཇི་ཙམ་བསྐྲུན་ཐུབ་མཁན་མང་ན། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ལམ་གྱི་རྩ་བ་གདུང་སེམས་མཉམ་བསྐྱེད་ཀྱི་ཆོད་སེམས་དེ་ཡང་ཇེ་འཕེལ་དང་སྲ་བརྟན་དུ་གྱུར་ནུས་པ་མ་ཟད། ཡངས་པའི་རྒྱལ་ཁབ་ཀུན་གྱི་རེ་བའི་མིག་འབུར་གཏོད་སའི་རང་རེ་ཁ་བ་གངས་ཅན་པའི་ལྗོངས་འདི་ཉིད་ཀྱང། རིང་མིན་མིང་དོན་མཚུངས་པའི་ཆོས་ལྡན་གྱི་ཞིང་ཁམས་ཞིག་ཏུ་འགྱུར་ཏེ། བན་བོན་གཉིས་ཁྱིམ་གཞིས་གཅིག་གི་འོག མ་སྲིང་ཕུ་ནུའི་དུང་སེམས་ཀྱི་བརྩེ་ཞགས་གཅིག་གིས་འཁྱུད་དེ་ཕུན་ཚོགས་བདེ་དགའི་དཔལ་ལ་རོལ་བའི་རྫོགས་ལྡན་གྱི་བསྐལ་བཟང་དེ་ཡང་མྱུར་དུ་འཆར་བར་འགྱུར་བ་གདོན་མི་ཟའོ།
ཁ་བའི་རྡུལ་རྩེགས་ཀྱི་གསུངས་པ་ལ་རྒྱུ་མཚན་འདུག་མོད་
ཕྱོགས་གཉིས་ཀས་གུ་ཡངས་ཀྱེལ་ཆེའི་བསམ་ཚུལ་བརྗོད་ན་ཕྱོགས་གཉིས་ཀ་སྔར་བཞིན་ཡར་རྒྱས་འགྲོ་བ་ལས་ཉམས་རྒུད་དང་འཐེན་འཁྱེར་གྱི་པྱོགས་སུ་མི་འགྲོ
བས་ཐུགས་བློ་བདེ་པོ་མཛོད་ཅིག
ལེགས་སོ། ལེགས་སོ། ལ་དྭགས་འཇམ་དཔལ་ལགས།