མཆན་བུ་འགོད་སྟངས་ཀྱི་རྩ་འཛིན།
ངོ་སྤྲོད།
ཁ་བརྡ་དྲ་དེབ་འདི་སྒོ་ཕྱེས་པ་ནས་ད་བར། མཆན་བུ་སྤེལ་མཁན་དག་གིས་ཐུགས་སྣང་དགོས་གནད་སྐོར་མཆན་བུ་སྤེལ་སའི་ཐོད་དུ་གསལ་བཤད་བཀོད་ཡོད་ནའང་། དེ་ཙམ་གྱི་ཐུགས་སྣང་མ་གནང་བའི་གནས་སྟངས་འོག མཆན་བུ་བསུབ་པ་དང་མཆན་སྒོ་རྒྱག་དགོས་པ་སོགས་ཀྱི་གནས་ཚུལ་ཡོང་བཞིན་ཡོད་པ་དང་། ཡང་མཆན་བུ་སྤེལ་མཁན་ཚོའི་ནང་། གློག་འཕྲིན་ཁ་བྱང་རྫུན་མ་སྤྱོད་མཁན་རིགས་གཅིག་དང་། དེ་བཞིན་མི་གཅིག་གིས་སྨྱུག་མིང་བཞི་ལྔ་ཉར་ནས་མཆན་བུ་སྤེལ་མཁན་གང་འཚམ་ཞིག་བྱུང་དང་འབྱུང་མུས་སུ་ཡོད་སྟབས། མཆན་བུ་སྤེལ་མཁན་ཚོས་ཐུགས་སྣང་གནང་ཕྱོགས་དང་རྩོམ་སྒྲིག་པས་ཞུ་སྒོ་གཉིས་ཐད་རྩ་འཛིན་ཞིག་དགོས་གལ་མཐོང་བ་གཤམ་གསལ།
དང་པོ། ཁ་བརྡའི་ངོས་ནས། དགག་དགོས་དམིགས་བསལ་བ་མེད་ཚེ། མཆན་བུ་སྤེལ་མཁན་ཚོས་རང་མིང་ངོ་མ་སྤྱད་ནས་མཆན་བུ་སྤེལ་རྒྱུར་དགའ་བསུ་ཞུ་བ་ཡིན། རང་མིང་ངོ་མ་སྤྱད་ནས་མཆན་བུ་སྤེལ་བའི་གོམས་གཤིས་འདི་ཇེ་ཆེ་ནས་ཇེ་ཆེར་གཏོང་བ་བརྒྱུད། ང་ཚོའི་སྤྱི་ཚོགས་ནང་མཆན་བུ་སྤེལ་བའི་མིག་དཔེ་འདྲེན་པའི་གོམས་གཤིས་ཤིག་ཆགས་རྒྱུར་རེ་བ་དེ་བས་ཆེ་བ་བྱེད་ཀྱི་ཡོད།
གཉིས་པ། གལ་སྲིད་ཁྱེད་ཀྱིས་དངོས་མིང་མ་ཡིན་པའི་མིང་གཞན་ཞིག་བརྒྱུད་ནས་ཁ་བརྡ་ལ་མཆན་བུ་འདེབས་ཚེ། ཁ་བརྡའི་ངོས་ནས་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་ངོ་མ་དང་། མཆན་བུ་སྤེལ་མཁན་དོ་བདག་གི་དངོས་མིང་དང་། སྡོད་གནས་ཁ་བྱང་། སྨྱུག་མིང་ཅི་སྤྱོད་སོགས་ཀྱི་གནས་ཚུལ་རྣམས་ཁ་བརྡ་རྩོམ་སྒྲིག་པའི་གློག་འཕྲིན་ཁ་བྱང་ཐོག་འབུལ་བའི་རེ་སྐུལ་ཞུ་བ་ཡིན།
གསུམ་པ། དངོས་མིང་དང་སྨྱུག་མིང་གང་སྤྱད་པ་ཡིན་ནའང་། ཁ་བརྡའི་ངོས་ནས་དོ་བདག་གི་གཞི་རྩའི་གནས་ཚུལ་རིགས་ཕྱིར་གྱར་མི་འགྲོ་བའི་འགན་ལེན་ཆ་ཚང་ཞུ་རྒྱུ་ཡང་། ཁྲིམས་སར་ར་སྤྲོད་དགོས་གལ་བྱུང་མཚམས། ཁྲིམས་ལུགས་གཞིར་བཞག་གི་འགྲོ་ལུགས་དང་ལེན་ཞུ་བ་ཡིན།
བཞི་པ། མཆན་བུ་སྤེལ་མཁན་ཚོས་རྩོམ་ཡིག་གང་ཞིག་གི་བརྗོད་དོན་གླེང་སློང་དང་། དེ་ཐད་བསམ་ཚུལ་འདོན་པ། དགག་སྒྲུབ་ཀྱི་སྟངས་ཀ་བྱེད་པ་བཅས་ལས་བརྒལ་ནས། རྩོམ་པ་པོ་དང་མཆན་བུ་སྤེལ་མཁན་ཕན་ཚུན་ལ་དམའ་འབེབས་ཚིག་ངན་སྤེལ་རིགས་ངོས་ལེན་མི་བྱེད།
ལྔ་པ། མཆན་བུ་སྤེལ་མཁན་ཚོའི་ཁྲོད་ནས་མཆན་བུ་གང་ཞིག་ནག་བསུབ་དང་། མཆན་སྤེལ་བ་གང་ཞིག་རྩ་འགོག་བྱེད་དགོས་པའི་མཐོང་ཚུལ་སླེབས་སྐབས། ཁ་བརྡའི་གློག་འཕྲིན་ཁ་བྱང་སྟེང་རྒྱུ་མཚན་གསལ་འཁོད་ཀྱི་ཡི་གེ་སྤྲིངས་པའམ ། ཡང་ན། མཆན་བུ་འགོད་སར་སྤེལ་བ་ཡིན་ན། ཁ་བརྡའི་ངོས་ནས་དེ་ལུགས་དཔྱད་ཞིབ་དང་ཐག་གཅོད་ཞུ་འོས་མཆིས་མིན་བབ་བལྟ་བྱ་རྒྱུ།
དྲུག་པ། མཆན་བུ་སྤེལ་མཁན་ཚོས་མཆན་བུ་གཅིག་ཐེངས་ཁ་ཤས་སུ་གཏོང་བ་དང་། དབྱིན་ཡིག་དང་རྒྱ་ཡིག་གི་མཆན་བུ་སྤེལ་རིགས་སོགས་མ་ཡོང་བ་གཙོ་འདོན་གནང་རྒྱུ། ཡིག་རིགས་གཞན་གྱིས་མཆན་བུ་སྤེལ་བ་ངོས་ལེན་བྱེད་ཀྱི་མེད།
བདུན་པ། རྩོམ་ཡིག་གཅིག་དྲ་ངོས་ཁ་ཤས་སུ་བཀོད་ཐོན་སྐབས། དྲ་ངོས་གཞན་གྱི་མཆན་བུ་སྡེབ་བཤུ་བྱས་ནས་ཁ་བརྡའི་མཆན་བུའི་ནང་སྤེལ་རིགས་མ་ཡོང་བ་གནང་རྒྱུ།
བརྒྱད་པ། མཆན་བུ་གང་བཏབས་ལ་རྩོམ་ཡིག་གི་རྣམ་པ་མངོན་སྐབས། ཁ་བརྡ་རྩོམ་སྒྲིག་པའི་ངོས་ནས་དང་། མཆན་བུ་སྤེལ་མཁན་དོ་བདག་གི་རེ་སྐུལ་བྱུང་བ་གང་ཡིན་ཡང་ཁ་བརྡའི་རྩོམ་ཡིག་ཁོངས་འགོད་སྤེལ་གྱི་ལམ་ཁ་ཡོད།
དགུ་པ། མཆན་བུ་སྤེལ་མཁན་དག་གིས་མཆན་བུ་འདེབས་སའི་ཐོད་ཀྱི་རེ་སྐུལ་ཞུ་ཡིག་དེར་ངེས་པར་ཐུགས་སྣང་གནང་དགོས།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༡ ལ།
ཁ་བརྡའི་འཛིན་སྐྱོང་ཚན་པས།