དེ་རིང་ཁ་བརྡའི་ལས་གྲོགས་དང་རྩོམ་པ་པོ། མཆན་བུ་བ་བཅས་ཡིན་པའི་མཁྱེན་ཡངས་སྐུ་ཞབས་མགོན་པོ་ཚེ་རིང་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གཏམ་ཐོས་ཏེ། ཁ་བརྡའི་དྲ་གྲོགས་རྣམས་སེམས་སྐྱོ་བ་ནང་བཞིན་ཁ་བརྡ་དྲ་བའི་རྩོམ་སྒྲིག་ཚོགས་ཆུང་ཡང་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་འདས་པོ་གང་གི་སྐུ་ཟླ་དང་བུ་ཕྲུག གཞིས་བྱེས་གཉིས་ན་ཡོད་པའི་སྤུན་མཆེད་ཉེ་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཁོང་འདི་ལྟར་དགུང་ལོ་གཞོན་པའི་སྐབས་ལ་སྐུ་ཚེའི་འཕེན་པ་རྫོགས་པ་ནི་ཁྱེད་ཅག་ནང་མི་རྣམས་ལ་མ་ཟད་ང་ཚོ་ཁ་བརྡའི་དྲ་རྒྱ་ལ་ཡང་གྱོང་གུད་ཆེན་པོ་ཞིག་ཡིན། ཁ་བརྡ་དྲ་རྒྱ་འགོ་ཚུགས་ནས་བཟུང་སྙུན་ནད་ཀྱིས་མནར་ནས་རྩོམ་འབྲི་བའི་ནུས་ཤུགས་ཀྱིས་མི་ལྕོགས་པའི་བར་དུ་རྩོམ་འབྲི་བ་དང་མཆན་འདེབས་གནང་ཡོད། ཁ་བརྡ་དྲ་བའི་སྟེང་ཁོང་གིས་ད་བར་རྩོམ་ཡིག་ ༡༧༣ བཀོད་ཡོད་ཅིང་། མཆན་བུ་ ༡༨༨༡ སྤེལ་འདུག ཁོང་གི་རྩོམ་ཡིག་མཐའ་མ་ནི་ “ཁྱོད་ཀྱིས་བོད་དོན་དེ་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་བརྒྱུད་ནས་མ་གཏོགས་སེལ་ཐབས་ཡོད་པ་མ་རེད་འདོད་དམ།”ཞེས་པ་འདི་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༡༦ ཉིན་སྤེལ། ཁོང་གི་རྩོམ་དང་མཆན་བུ་རྣམས་ནི་བདེན་པ་འཚོལ་ཆེད་དང་བདེན་པ་སྨྲ་ཆེད་དུ་སྤེལ་བ་ཁོ་ན་ཡིན་པ་ལས། ཀླན་ཀ་འཚོལ་་བ་དང་རང་ཉིད་སྒྲོག་པ་ལྟ་བུའི་ཆེད་དུ་སྤེལ་བ་མིན་པས་ཁོང་གི་རྩོམ་ཡིག་དང་མཆན་རྣམས་ཀྱིས་གཟུར་གནས་ཀྱི་དྲ་གྲོགས་མང་པོའི་ཡིད་དབང་འཕྲོག་ཡོད། ད་ལྟ་ཁོང་ང་ཚོ་དང་གྱེས་པ་ལ་ཁ་བརྡས་མྱ་ངན་སྨོན་ལམ་ཚད་མེད་ཞུ་བཞིན་ཡོད། ཁ་བརྡས་ ༢༠༡༣ ལོའི་ཟླ་ ༤ ཚེས་ ༧ ཉིན་ཕུལ།
གང་ཅན་མགོན་པོའི་འཁོར་གྱི་དང་པོ་སྐྱེ་བར་ཤོག། རྒན་གཞོན་ངེས་མེད་འཆི་བ་ནི་སྐྱེས་པའི་རང་བཞིན་ཞིག་གོ། ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཡོད་དོ།
མགོན་པོ་ཚེ་རིང་མཆོག་གིས་བོད་སྐད་ལེགས་པར་སྦྱངས་ཤིང་། བོད་ཀྱི་རིག་གཞུང་གི་ཞབས་ཏོག་ལ་དམིགས་ཏེ། ཁ་བརྡ་ན་རྒྱ་ཆེ་བའི་ཡིག་རྩོམ་བཀོད་པའི་དགེ་བ་དང་། གཞན་བོད་སྐད་སྦྱོང་བ་སྦྱོང་བ་ལ་རྩོན་པ་པོ་རྣམས་ཀྱི་རྣམ་དཀར་གྱི་བྱ་བས། ཚེ་ལས་འདས་པ་གང་ཉིད་མ་འོངས་བོད་ཆོས་ལྡན་ཀྱིས་ཞིང་དུ་སྐྱེས་ཏེ། སླར་ཡང་བོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བའི་ཕྱིར་དུ། ད་ལྟའི་སྐུ་ཚེ་འདིར་མཛད་པ་བཞིན་དུ། བྱེད་ཐུབ་པར་ཡིད་སྨོན་ཞུའོ།།
ཤི་བ་རྣ་བའི་ཐོས་དང་མིག་གི་མཐོང༌།།
འཇིག་རྟེན་ཁམས་གྱི་ཚེ་འདཝ་མ་ལུས་པ།།
མགོན་པོ་སྤྱན་རས་གཟིགས་ཀྱི་སྣ་དྲོངས།།
དེབ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།།
ངོ་མ་རྗེས་དྲན་ཞུ་འོས་བ་དང་བྱེད་རན་ལྡན་པའི་བྱེས་བཞུགས་ཤེས་ལྡན་པ་གྲགས་ཅན་ཞིག་ང་ཚོ་དང་གཏན་གྱེས་བྱུང་བ་ཇི་འདྲའི་ཡིད་ཕངས་བ་ཞིག་རེད་ཨང་།
སྤྱི་སྒེར་མངར་སྐྱུར་གཏམ་གྱི་ཁ་བརྡའི་ཁྱིམ་ཚང་ཆེན་མོ་ནས།
མི་ཟད་བློ་གྲོས་རིག་པའི་མགོན་ཁྱོད་འདི་ནས་གྱེས་པའི་སྒྲ།
ཐོས་ཙམ་ཡིད་ལ་དབང་མེད་ཕངས་བའི་སྐྱོ་ཞིང་གདུང་བའི་སེམས།
ཁ་བརྡའི་དྲ་འཁྱམས་ང་ཙམ་མ་ཡིན་ཀུན་གྱིས་མྱ་ངན་ཞུ།
ལྟ་བ་མི་འདྲ་མཆིས་པས་མངར་སྐྱུར་གཏམ་གྱིས་རྣོ་ངར་བཙུགས་ན་ཡང།
མཐར་ཐུག་དོན་གྱི་བསྒྲུབ་བྱ་གཅིག་ཅིང་གཞིས་ཁྱིམ་ཆེན་མོའི་ནང་མི་བཞིན།
སྙིང་ལ་གནག་ཅིང་འཁྲོ་ཞིང་སྡང་བའི་སེམས་རྣམས་ཡོངས་སུ་ཞི་བྱས་ཏེ།
མཆོང་གུར་སྨུག་པོ་སྙིང་གི་དཀྱིལ་ནས་ཁྱེད་ཉིད་གྱེས་པར་བསྔོ་སྨོན་ཞུ།
རྣམ་དཔྱོད་ཟླ་མེད་སྐུ་ཞབས་མགོན་པོ་ཚེ་རིང་སྐུ་གཤེགས་པར་ཕངས་སེམས་ཆེན་པོ་སྐྱེས། ཁོང་གི་ཕྱག་རྩོམ་དང་དཔྱད་མཆན་རེ་རེར་བསམ་གཞིག་དང་། བློ་རིག་གི་སྒོ་མོ་འབྱེད་པའི་ནུས་རྩལ་གཞན་དང་མི་འདྲ་བ་རེ་ཡོད། ཁོང་སྐུ་འཚོ་མ་ཟིན་པ་ནི་ང་ཚོའི་གྱོང་ཆེན་པོ་ཞིག་རེད། འདས་པོ་དམ་པ་ཁོང་ལ་གུས་འདུད་མྱ་ངན་ཞུ་ཞིང་། ཤུལ་ལུས་ནང་མི་ཡོངས་ལ་སེམས་གསོའི་འཚམས་འདྲི་ཡོད།
ངོ་མི་ཤེས་ཤིང་ཁོང་གི་རྩོམ་ཀློག་མཁན་ཞིག་ཡིན་ལ། སློབ་གྲོགས་མདའ་ཚན་པ་ཐུབ་བསྟན་གྱི་ཁ་ནས་མགོན་པོ་ཚེ་རིང་ཞེས་ཐེངས་གོ་མྱོང་བ་མ་ཟད། ཁ་བརྡ་དྲ་ངོ་ནས་ཁོང་གི་རྩོམ་བཀླགས་ཏེ་རྩོམ་པ་པོ་ཡག་གྲས་ཤིག་དང་བསམ་བློ་གཏོང་སྟངས་མ་འདྲ་བའི་ཆ་ཡོད་མཁན་ཞིག་རེད་བསམ་པ་འཁོར་མྱོང་། དེ་རིང་གཏམ་ངན་འདི་ཐོས་དུས་ཕངས་སེམས་ཤིག་ངང་གིས་སྐྱེས་སོང་། གང་ཡིན་ཟེར་ན་བོད་ཀྱི་ཡི་གེར་བརྟེན་ནས་རྩོམ་པ་པོ་ཡག་པོ་ཞིག་མེད་སོང་བས་རེད། འདི་ནི་བོད་ཀྱི་རྩོམ་རིགས་དང་སྐད་ཡིག་ལ་གྱོང་གུད་ཆུང་ཆུང་ཞིག་ཀྱང་རེད།
ཀླ་ཀློ་དག་ལ་གཤིན་དགེ་ཡོད་མ་ཡིན།།
དམར་སྲུང་དམག་གིས་ཏང་གླུ་མ་བླངས་མོད།།
སྒལ་ཚིགས་སྨྱུ་གུར་བྱས་པས་བདེན་སྟོབས་ཀྱིས།།
འགྲོ་བ་རྣམས་ལ་རང་དབང་ཐོབ་པར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཕྱག་གཉིས་ཕྱག་གིས་ཤོག་སྨྱུག་གཉེན་ལ་བཀུགས།
ཕྱག་གཉིས་ཐུགས་གིས་དགྲ་གྲོགས་སྐྱོན་མཚང་བརྟོལ།།
ཕྱག་གཉིས་བཞུགས་པའི་དོན་གོ་བོད་ལ་ཆོད།
ཕྱག་གཉིས་ཕེབས་པའི་རྗེས་ལ་ཕྱག་མཆོད་བསྔོ།།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
ཤུལ་ལུས་ནང་མི་ཤ་ཚ་ཅན་ཚོ་དང་མཉམ་དུ་གདུང་སེམས་སྐྱེ་བ་མྱུར་དུ་དག་པར་ཤོག།
མགོན་པོ་ཕྱག་གཉིས་འདས་པོ་ཁྱོད། །
མགོན་སྐྱབས་གཉིས་ཀྱིས་ལམ་སྣ་དྲོངས། །
ལག་གཉིས་ཐལ་སྦྱར་གསོལ་འདེབས་ཀྱིས། །
དལ་འབྱོར་གཉིས་ལྡན་སྐྱེ་བརཤོག །
རང་ཉིད་རྒན་ལགས་ཀྱི་བསྐྱངས་མྱོང་བའི་སློབ་བུ་ཞིག་དང་འབྲེལ་འདྲིས་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས།ཁ་བརྡས་དྲ་བའི་རྒན་མཆོག་ལ་རྗེས་དྲན་ཞུས་པ་དང་དྲ་གྲོགས་རྣམས་ཀྱི་མཉམ་གཅིག་གདུང་སེམས་མཉམ་སྐྱེད་བྱས་པ་ལ་བཀའ་དྲིན་ཆེ།
བདག་དང་དགའ་ཕྱོགས་གཅིག་པའི་སྙུག་ཐོག་པ།།
ཤ་ཞེན་བོད་ལ་ཆེ་བའི་རྩོམ་པ་པོ།།
གང་བྲིས་གནད་དུ་ཕོག་པའི་རྣམ་དཔྱོད་ཅན།།
དེ་རིང་གཏན་དུ་གྱེས་པ་ཀྱེ་མ་ཧུད།།
མི་ལ་ཀླན་ཀ་མི་འཚོལ་ཉམ་ཆུང་བུ།།
མཁས་པར་ཕྲག་དོག་མི་གནང་གཞུང་དྲང་བུ།།
ཨུ་ཚུགས་ཚད་མར་མི་འཛིན་མཁས་པའི་བུ།།
བུ་ཁྱོད་གཏན་དུ་གྱེས་པར་ཀྱེ་མ་ཧུད།།
རྣམ་དཔྱོད་ཀླད་པའི་རིག་པ་མེ་བཞིན་འབར།།
ཀུན་སྤྱོད་ལུས་ཀྱི་རྣམ་འགྱུར་བལ་བཞིན་འཇམ།།
མ་འོངས་ཕུག་འདུན་སེམས་པ་རྒྱུན་བཞིན་རིང་།།
བོད་ལ་བཅངས་པའི་ལྷག་བསམ་གངས་ལྟར་གཙང་།།
མགོན་ཕྱག་འདས་པོ་མཆོག་ནི་དྲ་ངོས་འདིར་དཔྱོད་ལྡན་གྱི་རྩོམ་པོ་ཞིག་ཡིན། ང་རང་གི་རྐང་སྤོལ་སྐོར་གྱི་རྩོམ་དུམ་ཞིག་འདིར་འཇོག་མྱོང་བས་སྐབས་དེར་དགག་སྒྲུབ་ཡུན་རིང་བྱས་སོང་། དེ་དུས་ངོ་ཤེས་ཤིང་། མི་ལའི་རྣམ་ཐར་མཛོད་ནག་མའི་སྐོར་ནས་མཉམ་དུ་བབས་སོང་། དེ་དང་མཐུན་པའི་གཏམ་གླེང་རྣོ་ངར་ཅན་ནས་ལྷིང་འཇགས་ཀྱི་གནས་སུ་བྱུང་ཞིང་། དེ་རིང་ཤི་གསོན་གཉིས་སུ་བྱེས་སོང་བ་ནི་ན་ཟུག་ཡ་ང་བ་ཞིག་རེད།
ཨོམ་མ་ནི་པད་མེ་ཧུམ།
གསོན་དུས་ཁྲག་དང་སྲོག་ལ་རྒོལ་མཁན་ཁ་བརྡ་བ།
ཤི་རྗེས་གཏམ་གྱི་སྨན་ཁ་སྦྱིན་མཁན་ཁ་བརྡ་བ།
བསམ་བཞིན་བསམ་ན་ཆོས་བརྒྱད་ཕུང་པོ་ཁ་བརྡ་བ།
མགོན་ཕྱག་གཉིས་པས་རྒྱང་ནས་གཟིགས་ནས་དཔང་པོར་བཞུགས།
མྱ་ངན་ཞུ།
གངས་ལྗོངས་སྐྱིད་སྡུག་རྭ་བའི་ཁ་བརྡའི་གླིང་ཁ་ན། །
རྣམ་དཔྱོད་བློ་རིག་རྒོད་པའི་མཁས་ཅན་མང་ན་ཡང་། །
གང་བཤད་གནད་ལ་ཕུག་པའི་གཟུར་གནས་དྲང་ཚུགས་ཅན། །
སྐུ་གཤེགས་མདའ་ཚན་པ་ཁྱོད་སྙིང་ནས་མྱ་ངན་ཞུ། །
ཁ་བརྡའི་སྐྱེས་ཚལ་འཁྲུངས་པའི་ཕྱི་ལོ་སྟེ། །
ཉིས་སྟོང་དགུ་ལོའི་ཕྱི་ཟླ་དགུ་བ་ནས། །
དྲ་མིང་མདོ་ལྷ་ཁམས་པ་བདག་གིས་ཁྱོད། །
ཁ་བརྡའི་གླིང་ན་དཔྱོད་ལྡན་ཉིད་དུ་མཐོང་། །
ཆོས་སྲིད་གང་གི་གནས་ལ་ཡང་། །
རང་ལུགས་གཏད་སོ་ཡོད་ཐོག་ནས། །
ཕྱི་ནང་གསལ་པའི་གཏམ་སྨྲ་བ། །
ཁྱོད་ནི་ཁ་གསང་དྲང་བོ་ཡིན། །
ཁ་བརྡའི་སྤང་ལྗོངས་སྔོན་མོ་ན། །
རྒྱུ་བའི་སྒོ་ཟོག་མང་ན་ཡང་། །
ཁྱོད་ནི་བ་གླང་ཁྱུ་ཚོགས་ནས། །
འབྲི་མཛོད་གཡག་གི་བུ་རྒྱུད་ཡིན། །
ཁ་བརྡའི་མཚན་མོའི་ཨ་སྔོན་ན། །
ཤར་བའི་དྲ་གྲོགས་སྐར་མའི་ཚོགས། །
གྲངས་སུ་བགྲང་བ་མི་རུང་ཡང་། །
ཁྱོད་ནི་ཐོ་རེངས་སྐར་ཆེན་ཡིན། །
ཐོ་རེངས་སྐར་ཆེན་འདྲ་བའི་དྲ་གྲོགས་ཁྱོད། །
འདི་ལྟར་གློ་བུར་ཉིད་དུ་ཡལ་བ་ན། །
ཁ་བརྡའི་གླིང་གི་དྲ་གྲོགས་རྒྱུ་སྐར་རྣམས། །
མྱ་ངན་མུན་པ་སྡུག་གི་ཤུལ་དུ་ལུས། །
ཁ་བརྡ་དྲ་བའི་རྩོམ་འབྲི་བ་དང་དཔྱད་མཆན་པ་སྐུ་ཞབས་མགོན་པོ་ཕྱག་གཉིས་ལགས་སྙུན་གཞིས་ནད་གནར་གྱི་རྐྱེན་པས་མི་ཚེའི་འཕེན་པ་རྫོགས་པར་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ་ཞིང་ཤུལ་ལུས་བཟའ་ཟླ་བུ་ཕྲུག་ཚང་མར་སེམས་སྐྱོས་འཚམས་འདྲི་ཞུ། དེ་དང་ཆབས་གཅིག་ཁོང་མཁྱེན་མཁན་གྱི་དྲ་གྲོགས་རྣམ་པས་འདས་པོ་ཁོང་གི་ལོ་རྒྱུས་ཐུང་ཙམ་ཞིག་ཁ་བརྡ་དྲ་བར་འབུལ་བའི་རེ་བ་ཆེ།
ཨ་རིའམ་ཡུ་རོབ་བམ་སྟག་གཟིག་གམ་ཨོ་སུ་ཁྲི་ལ་ཡ་སོགས་རང་བཙན་དང་ཁོག་དབང་དང་ལ་རྒྱ་དང་ལོངས་སྤྱོད་དང་ཐོབ་ཐང་དང་གཟི་བརྗིད་དང་རིན་ཐང་ཡོད་པའི་རྒྱལ་ཁབ་དེ་དག་ནས་འཇིགས་པ་མེད་པར་ཞུམ་པ་མེད་པར་དབུལ་ཕོངས་མེད་པར་གཉའ་གནོན་མེད་པར་མི་ཞིག་གམ་ལྷའམ་གང་རུང་གི་སྐྱེ་བ་ལོན་པར་སྨོན་འདུན་དང་བཅས་མ་ཎི་རེ་འགའ་དང་བཅས།
མགོན་ཚེ་ལགས་ཁེ་ནཌ་ལ་བཞུགས་ཡུན་རིང་གི་ལོ་རྒྱུས་ཞིག་འབྱུང་ན་སྙམ།
འོ། མདོ་ལྷ་ཁམས་པ། ཐུ་བ་རྒྱ་མཚོ། ད་མིང་འདྲ་མ་འདྲ་བཏགས་ན་རྗེས་མ་སྐུ་གཤེགས་དུས་དཀའ་ལས་འདུག་ཏ