(རྩོམ་ཡིག་འདི་ནི་ཕ་ཡུལ་གྱི་ མང་ཆུ་ ཞེས་པའི་ལོ་དེབ་སྟེང་བཀོད་པའི་རྩོམ་ཡིག་ཅིག་ཡིན།)
ཀླུ་སྨྱོན་ཧེ་རུ་ཀ
གངས་སྨུག་སྟུག་པོ་ཞིག་གིས་ཨ་མྱེས་གླང་ཆེན་གྱི་རི་རྒྱུད་ཡོངས་སུ་བཏུམས་ཤིང་། ཉིན་གསུམ་རིང་མུ་མཐུད་དུ་བབས་པའི་ཁ་བའི་ཀློང་དུ་འཐེན་པའི་གཞུང་ལམ་ཞིག་མདོ་རྩེ་ཉག་ག་ནས་མཐོང་ཙམ་ཡལ་ཙམ་བྱེད། ས་འདི་ནས་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་མགོ་བརྩམས་བྱུང་ཨང་།
“རེམ་མ་ལོངས། རེམ་མ་ལོངས། དོན་དག་ཅིག་བྱུང་འདུག” སྡེ་དཔོན་ཚངས་དབྱངས་ཀྱིས་གཉིད་མཐུག་པོའི་ཀློང་དུ་ཡོད་པའི་རང་གི་བུ་ཟླ་བཟང་གི་དགུན་སློག་མཐུག་པོ་དེའི་གོང་ཁ་ནས་འཐེན་སྤྲུག་བྱེད་ཞོར་དེ་ལྟར་བརྗོད་པ་ན། ཟླ་བཟང་གིས་ཐོལ་གྱིས་ཁོག་སྟོད་དགྱེ་སྟེ། “ཨ་ཕ། ཡང་དོན་དག་ཅི་ཞིག་བྱུང་སོང་།” ཞེས་ཟེར་ཞོར་ཡར་ལངས་ནས་སློག་པའི་ཐུ་པ་ཟུང་གཡས་དཀྲི་གཡོན་དཀྲི་བྱས་པའི་སྟེང་དུ་མེ་ལྕེ་འབར་འདྲའི་སྐེ་རགས་ཤིག་བཅིངས།
ད་སོ་མ་མདོ་རྩེ་ཉག་ཁ་ནས་ཟི་ལིང་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཞིག་གངས་འཁྱག་སྟེང་འགྲེད་བརྡར་ཤོར་ཏེ་ལམ་ཟུར་གྱི་གཡང་ལ་ལྷུང་འདུག་ཟེར། ཁྱོད་ཀྱིས་རེམ་མ་སྡེ་བའི་གསར་བུ་གསར་མོ་ཚོར་བརྡ་རྒྱོབས། ངས་རྫོང་ཉེན་རྟོག་ཁང་དང་སྨན་ཁང་ལ་གནས་ཚུལ་ཡར་ཞུ་བྱེད། ཟེར་ཞོར་སྡེ་དཔོན་སྐྱ་རེངས་ཀྱི་འོད་མདངས་མག་མོག་ཅིག་གི་ཀློང་དུ་ཡལ་སོང་།
ཟླ་བཟང་དང་གསར་བུ་གསར་མོ་སྐོར་ཞིག་གིས་རླངས་འཁོར་དང་འཕྲུལ་རྟ་བསྐོར་ནས་མདོ་རྩེ་ཉག་ཁར་བསླེབས། གཡང་ལ་ལྷུང་བའི་སྤྱི་སྤྱོད་རླངས་འཁོར་དེ་གངས་ཀྱིས་གཡོགས་པའི་རི་འདབས་སུ་ཚལ་བུར་འཐོར་འདུག ཁོ་ཚོས་རྨས་སྐྱོན་ཕོག་པའི་མི་སྣ་རེ་རེ་བཞིན་རླངས་འཁོར་ཆག་རོའི་གསེབ་ནས་ཚུར་དྲུད་ཡོང་། མི་ལ་ལའི་རྐང་ལག་ཆག་པ་དང་ལ་ལའི་མགོ་དང་གདོང་ལས་ཁྲག་དམར་རྒྱུན་ཆད་མེད་པར་བཞུར་ཡོང་ལ། གྲང་རླུང་གིས་ཁོ་ཚོའི་ལུས་སྟེང་གི་ཁྲག་རྒྱུན་དག་འཁྱག་རེངས་སུ་བསྒྱུར་དང་སྒྱུར་བཞིན་འདུག མི་དེ་ཚོའི་ཁྲོད་དུ་བོད་རིགས་དང་རྒྱ་རིགས། ད་དུང་ཕྱི་གླིང་བ་རེ་ཟུང་ཡང་འདུག་ལ། ཕྱི་གླིང་བ་བཟའ་ཚང་ཞིག་གི་བྱིས་པ་ལོ་དྲུག་བདུན་ཅན་དེའི་རྨས་སྐྱོན་ཧ་ཅང་ལྕི། ཟླ་བཟང་གིས་ཟླ་བ་དྲུག་གི་རིང་ཆབ་ཆ་ནས་སྒེར་གཉེར་དབྱིན་ཡིག་འཛིན་གྲྭ་ཞིག་ཏུ་དབྱིན་ཡིག་སྦྱོང་མྱོང་བས། ལམ་སེང་དེ་ཙམ་དག་རྒྱུ་མེད་པའི་དབྱིན་སྐད་ཀྱིས་ཕྱི་གླིང་བའི་བུ་ཆུང་དེར། ཁྱོད་ཀྱི་རྨས་སྐྱོན་ལྕི་བ་འདྲ། སྨན་པའི་མྱུར་སྐྱོབས་རླངས་འཁོར་མགྱོགས་པོར་བསླེབས་ཀྱི་རེད་ཅེས་བརྗོད་པར། ཕྱི་གླིང་ཕ་མ་གཉིས་ཀྱིས་ཀྱང་ཧ་ཅང་མི་དག་པའི་བོད་སྐད་ཀྱིས། ཐུགས་རྗེ་ཆེ། ཞེས་བརྗོད།
ཆུ་ཚོད་གཉིས་ལྷག་ཙམ་གྱི་རིང་གི་ཛ་དྲག་མྱུར་སྐྱོབ་ལས་འགུལ་མཇུག་རྫོགས་ཤིང་། ཐེངས་འདིའི་རླངས་འཁོར་དོན་རྐྱེན་ཁྲོད་མི་གཅིག་ལ་ཡང་འཆི་སྐྱོན་མ་བྱུང་ཡང་། འགྲུལ་བ་མང་ཆེ་བའི་རྨས་སྐྱོན་ཅུང་ལྕི་མོ་འདུག སྡེ་དཔོན་ཚངས་དབྱངས་དང་ཁོའི་བུ་ཟླ་བཟང་གཉིས་རྨས་པ་རྣམས་དང་འགྲོགས་ནས་ཛ་དྲག་མྱུར་སྐྱོབས་རླངས་འཁོར་ནང་བསྡད་དེ་ཟི་ལིང་མི་དམངས་སྨན་ཁང་དུ་བསྐྱོད། ཟླ་བཟང་གི་སྐད་སྒྱུར་དང་སྨན་པའི་རོགས་རམ་ལ་བརྟེན་ནས་ཕྱི་གླིང་བ་བཟའ་མི་གཉིས་དང་ལྷག་པར་དུ་ཁོ་གཉིས་ཀྱི་བྱིས་པའི་རྨས་སྐྱོན་ལ་དྲག་སྐྱེད་ཆེན་པོ་བྱུང་ཞིང་། ཟླ་གཅིག་གི་རྗེས་སུ་ཕྱི་གླིང་བ་བཟའ་མི་གསུམ་སྨན་ཁང་ལས་ཕྱིར་བུད་དེ་ཕྱིར་ཁོ་ཚོའི་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཨ་མེ་རི་ཀར་བསྐྱོད་སོང་།
སྡེ་དཔོན་དང་ཟླ་བཟང་གཉིས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་ཕྱིར་རང་གི་ཕ་ཡུལ་མང་རྫོང་དུ་ཕྱིར་ལོག་པའི་ལམ་བར་དུ་སླར་ཡང་དོན་དག་ཅིག་བྱུང་། འདི་ལོའི་གངས་རླུང་གིས་ཨ་མྱེས་གླང་ཆེན་གྱི་དབུ་རྩེ་ཡོངས་སུ་བཏུམས་ཤིང་། རྒྱུན་ཆད་མེད་པའི་ཁ་བའི་འདབ་མས་མདོ་རྩེ་ཉག་ཁ་ནས་ཤར་ནུབ་གཉིས་སུ་འཐེན་པའི་གཞུང་ལམ་དེ་སླར་ཡང་དཀར་ཞིང་གཙང་ལ་འཁྱག་ཅིང་རེངས་པར་བསྒྱུར།
སྡེ་དཔོན་ཚངས་དབྱངས་ཀྱིས་མ་ཎི་འཁོར་ལོ་ཞིག་སྐོར་ཞོར་རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་གྱི་ཁ་བས་ཡོངས་སུ་བཏུམས་པའི་ཕྱི་བརྩེགས་ནང་བརྩེགས་ཀྱི་རི་ཚོགས་ཀྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་འདུག་ལ། ཟླ་བཟང་གིས་དབྱིན་སྐད་སློབ་དེབ་མཐུག་པོ་ཞིག་གི་ཕྱེད་ཀ་ཙམ་བཀླགས་ཟིན་ནས་ཐང་ཆད་པའི་མིག་ཟུང་བཙུམ་ཙམ་འབྱེད་ཙམ་བྱེད་བཞིན་འདུག
གློ་བུར་དུ། “ཧྲག་་་་ཧྲག་་་་་” ཅེས་པའི་སྒྲ་ཆེན་པོ་ཞིག་གྲགས་པ་ལྷན་དུ་སྤྱི་སྤྱོད་རླངས་འཁོར་གཞུང་ལམ་སྟེང་ནས་འགྲེད་དེ་ལམ་ཟུར་དུ་ལྷུང་ཞིང་། དེ་ནས་ཀྱང་འགྲེད་དེ་ཅུང་མཐོ་བའི་རི་ངོས་ནས་ཐུར་དུ་འགྲིལ། ་་་ ་་་
དུས་ཡུན་ཅི་ཙམ་འགོར་མིན་མ་ཤེས་པར་ཟླ་བཟང་གིས་རང་གི་མིག་ཟུང་ཕྱེས་པ་ན། མིག་མདུན་དུ་གནམ་གཅལ་དཀར་པོ་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག་ལ། ཚོར་སྣང་ཞིག་ལ་ཁོའི་ལག་པའི་མཁྲིག་མའི་སྟེང་དུ་སྨན་ཁབ་ཅིག་བརྒྱབ་ཡོད་པ་འདྲ་ལ་མེད་པ་ཡང་འདྲ། ཅུང་ཟད་འགོར་རྗེས་སྨན་པ་བགྲེས་སོང་ཞིག་ཁོའི་འགྲམ་དུ་བསླེབས་ནས་ཅི་ཞིག་བཤད་པ་དང་མཉམ་དུ་སྨན་གཡོག་མ་ཞིག་གིས་ཁོའི་རྣ་འགྲམ་དུ། “ཟླ་བཟང་། ཟླ་བཟང་།” ཞེས་ལན་འགའ་བོས། ཁོས་ལན་ཞིག་འདེབས་བསམས་ཀྱང་ཁ་ལྕེ་མཁྲེགས་པོར་གྱུར་ཏེ་སྐད་ཆ་ཚིག་གཅིག་ཀྱང་བརྗོད་མ་ཐུབ། ཡིན་ཡང་ཁོའི་སེམས་ཁམས་ཤིན་ཏུ་དྭངས་ཤིང་ཀླད་པའི་ནང་དུ་རང་གི་སྡེ་བའི་མི་རྣམས་ཀྱིས་མདོ་རྩེ་ཉག་ཁའི་གཞུང་ལམ་སྟེང་གི་གངས་འཕྱག་པ་དང་། སྤྱི་སྤྱོད་རླངས་འཁོར་དང་ཁྱིམ་སྤྱོད་རླངས་འཁོར་སོགས་རླངས་འཁོར་སྣ་ཚོགས། ཕྱི་གླིང་བ་བཟའ་མི་གསུམ། རང་གི་ཕ་རྒན་དང་ཁྱིམ་ཆུང་མ་དང་བྱིས་པ་སོགས་གློག་བརྙན་ལ་བལྟས་པ་བཞིན་གསལ་བོར་དྲན་ཐུབ། ཡིན་ཡང་སྐད་ཆ་བཤད་མི་ཐུབ་ལ་མགོ་བོ་ཡར་འདེག་ཙམ་ཡང་བྱེད་མི་ཐུབ།
ཐེངས་འདིའི་དོན་རྐྱེན་ཁྲོད་སྡེ་དཔོན་ཚངས་དབྱངས་ལ་རྨས་སྐྱོན་དེ་ཙམ་ཆེན་པོ་མ་བྱུང་ཡང་། ཁོའི་ཚེ་ཕྱེད་རིང་གི་གཅེས་ནོར་མ་ཎི་འཁོར་ལོ་དེ་ཉིན་དེར་ཁ་བའི་ཁྲོད་བོར་བརླགས་སུ་ཕྱིན་ཏེ་ཅི་ལྟར་བཙལ་ཡང་བྱ་འཕུར་རྗེས་མེད་དུ་གྱུར། ཁོ་རང་གི་བུ་ཟླ་བཟང་གི་ནད་ཁྲིའི་འགྲམ་དུ་བསྡད་ནས་མ་ཎི་འཁོར་ལོ་གསར་བ་ཞིག་གང་ནས་ཉོ་དགོས་མིན་ལ་བསམ་བློ་གཏོང་བཞིན་པའི་སྐབས་དེར། རང་གི་བུའི་སྟོད་གོས་ཀྱི་ཁུག་མའི་ནང་ནས་དབྱིན་ཡིག་བྲིས་པའི་ཤོག་འཛར་ཞིག་གི་ཕྱེད་ཙམ་ཕྱིར་བུད་འདུག་པ་མཐོང་། ཁོས་ཤོག་འཛར་དེ་སྨན་ཞབས་དབྱིན་ཡིག་ཅུང་ཟད་ཤེས་པ་ཞིག་བསྟན་རྗེས། དེ་ནི་ཟླ་གཅིག་ཡར་སྔོན་གྱི་རླངས་འཁོར་དོན་རྐྱེན་ཁྲོད་ཁོ་ཕ་བུ་གཉིས་སོགས་སྡེ་མི་དག་གིས་ཚེ་སྲོག་བསྐྱབས་པའི་ཕྱི་གླིང་བ་བཟའ་ཚང་དེའི་སྡོད་གནས་དང་གློག་འཕྲིིན་ཁ་བྱང་ཡིན་པ་གསལ་བོར་ཤེས་པས། ལམ་སེང་སྨན་ཞབས་དེར་རེ་སྐུལ་བྱས་ཏེ་ཐེངས་འདིའི་དོན་རྐྱེན་སྐོར་ཡི་གེ་ཐུང་ངུ་ཞིག་བྲིས་ནས་གློག་འཕྲིན་བརྒྱུད་དེ་སའི་གོ་ལའི་ཕར་ངོས་དེར་བསྐྱོད་ཟིན་པའི་ཕྱི་གླིང་བ་བཟའ་མི་གསུམ་ལ་བསྐུར།
ཟི་ལིང་ལ་ཡང་ཁ་བ་འབབ་བཞིན་འདུག ཁང་བརྩེགས་མང་པོ་ཞིག་སྒྲ་སྡུད་འཁོར་ལོའི་ཁ་གཅོད་ཕྱེས་པ་བཞིན་གྲལ་འགྲིག་ཤིང་དེང་རབས་ཀྱི་ཁྱད་ཆོས་དང་ལྡན་པར་འདུག སྲང་ལམ་སྟེང་དུ་མི་ཚོགས་ཀྱི་འདུ་འཛི་རྒོད་ཅིང་རླངས་འཁོར་གྱི་དུང་སྒྲ་བར་མེད་དུ་སྒྲོག མི་རྣམས་ཀྱི་ཁ་སྣ་ལས་མཁའ་དབུགས་དཀར་པོ་ཞིག་ཐ་མག་འཐེན་པ་བཞིན་དཀར་སོབ་སོབ་གང་སར་འཕུར་བཞིན་མཆིས།
མདང་དགོང་ཟླ་བཟང་གིས་རྨི་ལམ་ཡ་མཚན་ཅན་ཞིག་རྨིས། ཁོའི་ཆུང་མ་དང་བྱིས་པ་གསུམ་པོ་ཟི་ལིང་དུ་བསླེབས་ཤིང་། ཁོ་ཚོས་ཕྱི་སྐྱོད་ལག་ཁྱེར་བཟུང་ནས་གནམ་གྲུ་ཐང་དུ་བསྐྱོད། དེར་ཞིང་ཆེན་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་སྡེ་མི་དཔེ་ལེགས་ཅན་སྐོར་ཞིག་ཨ་མེ་རི་ཀར་ལྟ་སྐོར་ལ་འཁྲིད་པའི་ཚོགས་པ་ཞིག་གིས་ཁོ་དང་ཁོའི་ཁྱིམ་མི་རྣམས་ལ་དགའ་བསུ་ཞུས། ཅང་མ་འགོར་བར་ལྟ་སྐོར་ཚོགས་པ་འདི་གནམ་གྲུར་བསྡད་ནས་ནུབ་ཕྱོགས་སུ་འཕུར། གནམ་གྲུའི་སྒེའུ་ཁུང་ལས་ཉི་ཟླ་རི་བོ་དང་མཚོ་སྔོན་པོ་མཐོང་། ད་དུང་པོ་ཏ་ལ་དང་ཇོ་མོ་གླང་མ་ཡང་མཐོང་། ་་་ ་་་
ཟླ་བཟང་གང་དུ་འདུག ཟླ་བཟང་གང་དུ་འདུག ཆ་རྒྱུས་ཡོད་པའི་སྐད་སྒྲ་ཞིག་གིས་ཟླ་བཟང་མཛེས་སྡུག་ལྡན་པའི་རྨི་ལམ་ཞིག་ལས་ཕྱིར་དྲངས། ང་འདི་ན་ཡོད། པིས་ཀྲར། ཟླ་བཟང་གིས་སྐད་ཆ་ཐུང་ངུ་འདི་ཙམ་བརྗོད་ཐུབ་པར་གྱུར། ཕྱི་གླིང་བ་བཟའ་མི་གསུམ་པོས་དཀར་ཞིང་གཙང་བའི་ཁ་བ་དང་འདྲ་བའི་མེ་ཏོག་ཆུན་པོ་རེ་རེ་བཟུང་ནས་ཁོའི་འགྲམ་དུ་བསླེབས་ཤིང་། ཚང་མ་ཟླ་བཟང་གི་ལག་མགོར་འཇུས་ནས་སེམས་གསོའི་འཚམ་འདྲི་དང་མིག་ཆུའི་བཞུར་རྒྱུན་ལྷན་དུ་འདྲེས། སྡེ་དཔོན་ཚངས་དབྱངས་ཀྱིས་ཕྱི་གླིང་བ་བཟའ་ཚང་གང་བོར་ཨམ་མདོའི་འོ་ཇ་དྲངས་ཤིང་སྦྲང་དཀར་རྩམ་པས་སྣེ་ལེན་ཡང་བྱས།
ཟླ་བཟང་གིས་ཆེས་ཐོག་མར་བསླབས་པའི་ཕྱི་གླིང་བའི་མིང་ནི་པིས་ཀྲར་ཞེས་པ་འདི་ཡིན་ལ། མིང་ཚིག་འདི་ནི་བློ་ངོར་འབྱར་སླ་ཞིང་ཉན་ན་སྙན་པོ་ཞིག་ཀྱང་རེད། པིས་ཀྲར་བཟའ་མི་གང་བོས་ཨ་རི་ནས་ཁྱེར་ཡོང་བའི་ལེགས་སྐྱེས་སྣ་ཚོགས་ཟླ་བཟང་གི་འཁྲིས་ཀྱི་ཅོག་ཙེ་དེའི་སྟེང་དུ་སྤུངས་ཤིང་། ཨ་རི་ནས་བཟོས་པའི་ཇ་ཕོར་ཡིད་དུ་འོང་བ་གཉིས་ཀྱི་སྟེང་དུ་ “ཚངས་དབྱངས་”དང་ “ཟླ་བཟང་” ཞེས་བོད་དབྱིན་ཤན་སྦྱར་གྱིས་བཀོད་འདུག སྡེ་དཔོན་ཚངས་དབྱངས་ཀྱིས་དབྱིན་སྐད་ཚིག་གཅིག་མི་ཤེས་ཀྱང་ཨ་རི་བ་བཟའ་མི་ཚོའི་མགོ་ཅོག་ཅོག་དང་ལག་ཀྲབ་ཀྲབ་ཀྱི་ཕྱག་རྒྱ་ལས་དོན་དག་མང་པོ་ཞིག་གི་དོན་རྟོགས་ཤིང་། ལམ་སེང་ལུག་ཤའི་འཐེན་ཐུག་ཞིམ་པོ་ཞིག་བསྐོལ་ནས་རྒྱང་རིང་གི་མགྲོན་པོར་སྣེ་ལེན་བྱས། པིར་ཀྲར་གྱིས་ཆུང་དུས་ནས་ཤ་མི་བཟའ་བ་མ་ཟད་སྒོ་ང་དང་འོ་མ་སོགས་སྲོག་ཆགས་ལས་ཐོན་པའི་ཟ་མ་ལོངས་སུ་མི་སྤྱོད། ཚངས་དབྱངས་ཀྱིས་པིར་ཀྲར་ལ་སྦྲང་དཀར་རྩམ་པ་དང་འོ་མ་ཞིམ་པོ་དྲངས་པ་ན། ཁོ་ནི་དགའ་ཐག་ཆོད་ནས་དག་ལ་མི་དག་པའི་ཨམ་སྐད་ཀྱིས། “བཀའ་དྲིན་ཆེ། བཀའ་དྲིན་ཆེ།” ཞེས་བརྗོད།
གསེར་མདོག་གི་ཉི་འོད་ཅིག་སྨན་ཁང་གི་སྒེའུ་ཁུང་བརྒྱུད་ནས་པིས་ཀྲར་གྱི་སྐྲ་ལོའི་སྟེང་དུ་འཕྲོས་ཤིང་། དེས་པིས་ཀྲར་གྱི་སྐྲ་སེར་པོ་དེའི་སྟེང་དུ་གསེར་མདོག་གི་འོད་རླབས་ཤིག་འཁྱུག་ཏུ་བཅུག པིས་ཀྲར་གྱིས་ཟླ་བཟང་ལ། “གལ་སྲིད་ཁྱེད་འཐད་པ་ཡིན་ན་ངེད་ཚོས་ཁྱེད་ཨ་མེ་རི་ཀར་སྨན་བཅོས་བྱེད་དུ་གདན་འདྲེན་བྱེད་རྒྱུ་ཡིན།” ཟེར་བས། ཟླ་བཟང་གི་གདོང་ལ་དགའ་སྤྲོའི་མདངས་ཤིག་འཕྱུར་ནས་ཧ་ཅང་དལ་བའི་ངག་གིས། “ཐུགས་རྗེ་ཆེ། གོང་རིམ་མགོ་ཁྲིད་ཀྱིས་རྒྱབ་སྐྱོར་གནང་ཚེ་ང་ལ་ཨ་མེ་རི་ཀར་སྨན་བཅོས་ཆེད་འགྲོ་འདོད་ཡོད།” ཅེས་བརྗོད་པར། སྡེ་དཔོན་གྱིས་ཟླ་བཟང་གི་ལག་པར་འཇུས་ཏེ། “ཞི་ལི། སེམས་བདེ་མོ་བྱོས། གོང་རིམ་གྱིས་བཀའ་ཁྲོལ་གནང་གི་རེད། ངས་ཕྱི་སྐྱོད་ལག་ཁྱེར་ལེན་པའི་འགྲོ་ལུགས་བསྒྲུབ།” ཅེས་བརྗོད་པ་ན། ཟླ་བཟང་གིས་རང་གི་ཕ་རྒན་གྱི་སྐད་ཆ་དེ་ཚོ་དབྱིན་སྐད་ཀྱིས་པིས་ཀྲར་ལ་བརྗོད།
འུར་སྒྲ་ཆེན་པོ་ཞིག་དང་ལྷན་དུ་འགྲུལ་བ་སུམ་བརྒྱ་ཙམ་ཁྱེར་བའི་གནམ་གྲུ་ཞིག་ཟི་ལིང་གྲོང་ཁྱེར་གྱི་གནམ་ཐང་ནས་བར་སྣང་མཐོན་པོར་འཕུར། སྡེ་དཔོན་ཚངས་དབྱངས་དང་ཟླ་བཟང་། ད་དུང་པིས་ཀྲར་བཟའ་མི་གསུམ་པོའི་རྐུབ་སྟེགས་གྲལ་ཤར་གཅིག་ཏུ་མངགས་ཉོ་བྱས་ཡོད་པས་ཕན་ཚུན་ཁ་བརྡ་བྱེད་པར་སྟབས་ཧ་ཅང་བདེ། ཟླ་བཟང་གིས་རྨ་རས་དཀྲིས་པའི་མགོ་བོ་རྐུབ་སྟེགས་ཀྱི་རྒྱབ་ངོས་སུ་བསྙེས་ནས་རང་གི་གཡས་ཕྱོགས་སུ་ཡོད་པའི་ཕ་རྒན་དང་གཡོན་ཕྱོགས་ཀྱི་པིས་ཀྲར་བཟའ་མི་ཚོར་སྐད་སྒྱུར་བྱེད་པ་དང་། ལན་རེར་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་རེ་རེ་བཞིན་དེ་ཙམ་མགྱོགས་རྒྱུ་མེད་ཀྱང་བརྡ་སྤྲོད་ཀྱི་གོ་རིམ་ལྡན་པའི་དབྱིན་སྐད་ཀྱིས་བརྗོད་པར། པིས་ཀྲར་བཟའ་མི་གསུམ་པོས་ཧ་ཅང་ཡ་མཚན་པའི་རྣམ་འགྱུར་དང་བཅས་ཉན་བཞིན་ཡོད། ཟླ་བཟང་གིས་ལན་རེར་གནམ་གྲྭའི་སྒེའུ་ཁུང་ལས་ཞོ་གསར་གྱི་རྦ་རླབས་འཕྱུར་བ་ལྟ་བུའི་སྤྲིན་དཀར་ལ་ལྟ་བ་དང་། ལན་རེར་རང་ཉིད་ཀྱི་མི་ཚེ་ལྷིང་འཇགས་ཀྱི་རྩྭ་ཐང་ནས་བསྐྱལ་བའི་མངར་ལ་སྐྱུར་བའི་ལོ་ཟླ་རིང་མོ་དེ་ཚོར་དྲན་གསོ་བྱེད་བཞིན་འདུག
ཟི་ལིང་ནས་ཁྲིན་ཏུ་དང་ཁྲིན་ཏུ་ནས་ཨ་རིའི་གྲོང་ཁྱེར་ཉིག་ཡོར་བར་དུ་ཉིན་ཞག་ཧྲིལ་བོ་གཅིག་འགོར་ཞིང་། མཐའ་མར་ཁོ་ཚོ་ཉིག་ཡོར་གྱི་JFKརྒྱལ་སྤྱིའི་གནམ་ཐང་ཆེན་པོ་དེར་བབས། མི་ཚེའི་དུས་ཚོད་མང་ཤོས་རྩྭ་ཐང་དང་རི་ཚོགས་ཀྱི་གསེབ་ནས་བསྐྱལ་བའི་སྡེ་དཔོན་ཕ་བུ་གཉིས་ལ་མཚོན་ན་གྲོང་ཁྱེར་ཉིག་ཡོར་ནི་བློ་ཡུལ་དུ་མི་ཤོངས་ཙམ་གྱི་ལྟད་མོ་ཞིག་རེད། སྐྱེས་རི་ཨ་མྱེས་གླང་ཆེན་ལས་ཀྱང་མཐོ་སྙམ་སྟེར་བའི་ཁང་བརྩེགས་རིང་པོ་དང་། གྲོག་ཚང་མང་པོ་དུས་གཅིག་ཏུ་བརྡོལ་བ་ལྟ་བུའི་མི་ཚོགས། ཉིན་མཚན་མེད་པར་མཚམས་མི་ཆད་པའི་རླངས་འཁོར་སྣ་ཚོགས་སོགས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་འདིས་འབྲོག་པ་ཕ་བུ་འདི་གཉིས་མཐའ་མེད་པའི་འཇིག་རྟེན་གཞན་ཞིག་ཏུ་བསླེབས་པའི་སྣང་བ་སྟེར།
ཉིན་གཉིས་པར་ཟླ་བཟང་སྨན་ཁང་ཆེན་པོ་ཞིག་ཏུ་ཁྲིད་ནས་བརྟགས་དཔྱད་བྱས་ཤིང་སྨན་པའི་ངག་བཀོད་བཞིན་ཟླ་བ་གཅིག་གི་རིང་སྨན་ཁང་དེར་སྡོད་རྒྱུ་བྱས། སྨན་པ་ཚོའི་ལག་རྩལ་མཐོ་ལ་འཕྲུལ་ཆས་དག་གི་སྤུས་ཀ་བཟང་བ་དང་། པིས་ཀྲར་བཟའ་མི་ཚོས་ཉི་མ་རེ་རེ་བཞིན་ཟ་མ་ཞིམ་པོ་ཁྱེར་ཡོང་ནས་ལྟ་རྟོག་བྱས་པ་མ་ཟད། ཉིན་གསུམ་རེའི་མཚམས་ནས་ཉེ་འགྲམ་དང་ཅུང་ཟད་རྒྱང་རིང་གི་ས་གནས་སུ་ལྟ་སྐོར་ལ་ཁྲིད་པར། སྡེ་དཔོན་ཕ་བུ་གཉིས་ཀྱི་མིག་རྒྱང་ཡང་ཧ་ཅང་རིང་དུ་སོང་ཞིང་། ཟླ་མཇུག་དེར་པིས་ཀྲར་གྱི་མཚམས་སྦྱོར་དང་ཨ་རིའི་འབྲོག་ལས་ཞིབ་འཇུག་ཁང་ཁ་ཤས་ཀྱི་གདན་འདྲེན་ཞུས་པ་བཞིན་སྡེ་དཔོན་ཕ་བུ་གཉིས་ཀྱིས་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་གྱི་འབྲོག་པའི་ཕྱུག་ཟོག་འཚོ་སྐྱོང་བྱེད་པའི་གནས་བབ་མཚམས་སྦྱོར་བྱས་པ་ལ་བརྟེན་ནས། ཞིབ་འཇུག་ཁང་ཁ་ཤས་ཀྱི་འབྲོག་ལས་ཚན་རྩལ་ཆེད་ལས་པའི་རུ་ཁག་ཅིག་སྡེ་དཔོན་ཕ་བུ་གཉིས་ལ་འགྲོགས་ནས་མཚོ་བོད་མཐོ་སྒང་དུ་བསྐྱོད་རྒྱུའི་གྲ་སྒྲིག་བྱས།
ཉིག་ཡོར་རྒྱལ་སྤྱིའི་གནམ་ཐང་དུ་སྡེ་དཔོན་ཕ་བུ་གཉིས་ཀྱིས་པིས་ཀྲར་བཟའ་མི་གསུམ་ལ་བདེ་མོ་འཇོག་བཞིན་འདུག ཐེངས་འདིར་ཁོ་ཚོས་ཕྱི་གླིང་བའི་ལུགས་སྲོལ་ཕན་ཚུན་ལ་འཁྱུད་ནས་གྱེས་མཇལ་ཞུས། ཟླ་བཟང་གི་རྨས་སྐྱོན་ཡོངས་སུ་དྲགས་ཟིན་པ་མ་ཟད་དབྱིན་སྐད་ཀྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་འདུག ཁོས་པིས་ཀྲར་བཟའ་མི་གསུམ་ལ། “ཟླ་བ་དྲུག་གི་རིང་ཁྱེད་བཟའ་མི་གསུམ་པོས་ངེད་ཕ་བུ་གཉིས་ལ་བྱམས་སྐྱོང་ཚད་མེད་གནང་བར་ངེད་གཉིས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ངེད་ཅག་གི་མཛའ་བརྩེ་འདི་ནི་ཁྱིམ་ཚང་གཉིས་ཙམ་གྱི་མཛའ་བརྩེ་ཙམ་ཞིག་མིན་པར་ཀྲུང་ཨ་རྒྱལ་ཁབ་གཉིས་དང་ཤར་ནུབ་གླིང་ཆེན་གཉིས་བར་གྱི་མཛའ་བརྩེ་ཟབ་མོ་ཞིག་ཡིན་པས། མཛའ་བརྩེ་འདི་མཚོ་བོད་མཐོ་སྒང་བཞིན་ཁ་ཆར་བུ་ཡུག་གི་ཁྲོད་དུ་ཡང་འཇིག་པ་མེད་པར་ཀྲོང་ངེར་འགྱིང་ཐུབ་པ་དང་། ཉིག་ཡོར་གྲོང་ཁྱེར་གྱི་རང་དབང་ལྷ་མོའི་སྐུ་འདྲ་བཞིན་ས་སྟེང་གི་སྐྱེ་འགྲོ་ཀུན་གྱིས་ཡིད་སྨོན་བྱེད་ས་ཞིག་ཏུ་འགྱུར་བར་སྨོན།” ཞེས་བརྗོད་པར། པིས་ཀྲར་བཟའ་མི་གསུམ་པོའི་མིག་ཟུང་ལས་སེམས་འགུལ་ཐེབས་པའི་མཆི་མ་ཉིལ་ལེར་བརྡོལ་བྱུང་། པིས་ཀྲར་གྱིས་བོད་སྐད་ད་མ་དིག་གིས། “ང་ཚོ་བོད་ལ་ཡོང་གི་རེད། ང་ཚོ་ཡང་སྐྱར་ཐུག་གི་རེད། ཡ་ད་བདེ་མོ།” ཞེས་བརྗོད་པས། སྡེ་དཔོན་ཕ་བུ་གཉིས་ཀྱིས་རང་རང་གི་ལག་ཏུ་ཡོད་པའི་ཕྱི་སྐྱོད་ལག་ཁྱེར་དམར་པོ་གནམ་བདེའི་སྒོ་མོ་ཆེའི་རྟགས་ཅན་དེ་དགུང་ལ་འཕྱར་ནས། ཡ་ད་བདེ་མོ་བྱོས། ཀྲུང་གོར་ཡང་ཡང་ཕེབས་རོགས་ཞུ། བོད་ལ་ཡང་ཡང་ཕེབས་རོགས་ཞུ། མཚོ་སྔོན་ལ་ཡང་ཡང་ཕེབས་རོགས་ཞུ། ཞེས་བརྗོད་རྗེས། མི་ཚོགས་ཀྱི་རྦ་རླབས་འཁྲུགས་པའི་གནམ་གྲུ་ཐང་གི་ཕྱི་རོལ་ན་དངུལ་མདོག་གི་གཤོག་ཟུང་ཆེ་ཆེར་བརྐྱངས་པའི་གནམ་གྲུ་ཆེན་པོ་ “ཀྲུང་གོ་རྒྱལ་སྤྱིའི་འགྲུལ་བཞུད་” རྟགས་ཅན་དེའི་ཕྱོགས་སུ་བསྐྱོད་སོང་། ་་་ ་་་